
ཏུང་ཏུང་ཏུང་ཞེས་གྲགས་པའི་རྔ་སྒྲ་ཡིས་སྲང་ལམ་གྱི་ཁུ་སིམ་ཁད་ཀྱིས་དཀྲོགས་ཤིང་། རྐང་ཤིང་རིང་མོས་ས་ལ་རྡེག་པ་ལས་གྲགས་པའི་ཐག་སྒྲ་སེམས་དབུས་སུ་དམ་པོར་ཉར་ཏེ། གྲང་ངར་གྲོགས་སུ་བསྡེབས་ནས་དགུན་དུས་ཀྱི་ཆེས་ཤིན་ཏུ་ཚ་བའི་གཟུགས་འདས་རོལ་དབྱངས་དེ་ཁད་ཀྱིས་དཀྲོལ་བཞིན་འདུག
དགུན་ཟླ་བཅུ་གཉིས་པའི་དུས་སུ། ཁྲོམ་གཞུང་དང་སྲང་ལམ་ཆེ་ཆུང་ཀུན་ཏུ་ལོ་སར་གྱི་ཡོ་ལང་ཤིན་ཏུ་རྒོད། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་རུ་གསར་གྲོང་རྡལ་གྱི་མེ་ལྷའི་ལྷ་ཁང་དུ། ལོ37ལ་བུད་པའི་ཧོ་ཧྲེང་ཅུན་སྨི་གཉིས་ཅན་གྱི་རྐང་ཤིང་སྟེང་འགྲེང་ནས་རུ་མི་རྣམས་ཀྱི་སྣེ་ཁྲིད་དེ་རྔ་སྒྲ་དང་བཅས་ཏེ་གར་གྱི་སྟངས་སྟབས་ལ་བྲེལ་བཞིན་མཆིས། གོམ་པ་ཡོན་པོར་རྒྱུ་བ་དང་ལག་པ་གཡུག་གཡུག་གཏོང་བ། ཕར་འགྲོ་ཚུར་སྣུར་བཅས་བྱས་ཏེ། རུ་གསར་གྱི་རྐང་ཤིང་རྒྱ་འཆམ་ལ་གདོད་ནས་མངའ་བའི“མཐོ་བ་དང་དཔྱངས་པ། ལྡེམ་མྱུར་ལྡན་པ། ངོ་མཚར་ཆེ་བ”བཅས་ཀྱི་ཁྱད་ཆོས་ལྷག་ལུས་མེད་ཅིང་གསོན་ཉམས་ལྡན་པའི་ངང་ནས་ཀུན་གྱི་མཐོང་ལམ་དུ་མངོན་པར་བསྟར་བཞིན་འདུག
ཧོ་ཧྲེང་ཅུན་དང་ཅུང་ཐག་མི་རིང་བའི་ས་ན། ཁོའི་ལོ7ལ་བུད་པའི་བུ་ཆུང་ཧོ་ཆི་རུའེ་ཡིས་རིང་ཚད་ལ་སྨིན་གཅིག་ཡོད་པའི་རྐང་ཤིང་ཞིག་གི་སྟེང་འགྲེང་ནས་རྒྱ་འཆམ་འཁྲབ་སྦྱོང་བྱེད་ཀྱིན་ཡོད་ཅིང་། ཁོའི་ངོ་གདོང་ཆུང་ངུ་གྲང་རླུང་གིས་གཙེས་ནས་དམར་རྐྱང་དུ་བཏང་ཡོད་ནའང་མིག་མདངས་སུ་བརྟན་བརླིང་གི་ཆ་ཆེས་ཆེར་མངོན་འདུག སྐབས་ཐོག་དེར། ཧོ་ཧྲེང་ཅུན་གྱིས་ཧ་ལམ་ལོ31སྔོན་གྱི་རང་ཉིད་མཐོང་བྱུང་བ་དང་འདྲ་སྟེ། དགུན་ཟླ་བཅུ་གཉིས་པ་ཡིན་པ་འདྲ་ལ་ལོ་ན་ཆུང་ངུའི་གསར་སློབ་པ་ཡིན་པའང་འདྲ། ཨ་མྱེས་ཧོ་ཏེ་ལུའུ་ཡིས་ཁོའི་ཚ་བོའི་ལག་པ་ཆུང་ཆུང་ནས་བཟུང་སྟེ། ཇི་ལྟར་བྱས་ན་གཞིནས་གོམ་པ་བརྟན་པོར་འགྲེང་བ་དང་གོམ་པ་ཡོན་པོར་རྒྱུ་སྟངས་སོགས་ཀྱི་སྐོར་ནས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ཁྲིད་ཀྱིན་ཡོད་ཅིང་། རྐང་ཤིང་རྒྱ་འཆམ་ལ་བཅངས་པའི་དགའ་ཞེན་དང་བརྟན་སྲུང་གི་རེ་བའི་ས་བོན་མ་ལུས་ཚ་བོ་ཆུང་ཆུང་འདིའི་སེམས་ཁོང་དུ་ཁུ་སིམ་མེར་གཏོར་ཡོད།
རྐང་འོག་གི་རྐང་ཤིང་མཐོན་པོ་དེས་ལོ་ཟླ་དུ་མའི་གཙུབ་བརྡར་ཡང་ཡང་བརྒྱུད་མཐར་ད་ཆ་གཞི་ནས་སྣུམ་ཤིག་ཤིག་ཏུ་གྱུར་འདུག རྡོག་བྲོ་གཅིག་གི་འཆམ་སྟངས་ནི་ཧོ་ཁྱིམ་རྒྱུད་འདིའི་མི་རབས་བཞི་ཡིས་ལོ་ངོ་བརྒྱ་ཡི་རིང་བརྟན་སྲུང་བྱས་ནས་ཡོང་བ་ཞིག་ཡིན་ཞིང་། ཞབས་བྲོ་གཅིག་ནི་རུ་གསར་གྱི་རྐང་ཤིང་རྒྱ་འཆམ་གྱིས་ལོ་ངོ་དྲུག་བརྒྱའི་རིང་ལ་རྒྱུན་འཛིན་བྱས་ནས་ཡོང་བ་ཞིག་ཀྱང་ཡིན།

ན་གཞོན་རྣམས་རྐང་ཤིང་གི་སྟེང་འགྲེང་ནས་སྦྱོང་བརྡར་བྱེད་ཀྱིན་པའི་རྣམ་པ།
གཅིག
ཟླ2པའི་ཚེས6ཉིན་གྱི་ཕྱི་དྲོར། ཧོ་ཧྲེང་ཅུན་དྲོད་ཁོལ་འཛོམས་པའི་ཐོག་ཁང་ནང་བསྡད་དེ་པར་དེབ་རྙིང་པ་ཞིག་ལག་ཏུ་བླངས་ནས་དལ་མོར་ཁ་ཕྱེ་བ་ན། འདྲ་པར་རྙིང་པ་ཞིག་ཁོའི་མིག་ནང་དུ་ལྷུང་བྱུང་།
འདྲ་པར་དེའི་ངོས་སུ། ལྡེམ་མྱུར་ཆེ་བའི་ཧོ་ཏེ་ལུའུ་རྒྱུ་ཆ་གསོམ་ཤིང་ཡིན་ལས་གྲུབ་པའི་རྐང་ཤིང་མཐོན་པོ་ཞིག་གི་སྟེང་འགྲེང་ནས། “གླང་རྭ”འཁྲབ་ཀྱིན་ཡོད་ཅིང་། ཁོའི་སྒལ་རྒྱབ་དྲང་ཞིང་སྨིན་མ་དང་མིག་གི་བར་མཚམས་མ་ལུས་གསོན་སྟོབས་ཀྱིས་ཁེངས་འདུག སྐབས་ཐོག་དེའི་ལོ་ཟླ་རྒྱང་ནས་རྒྱང་དུ་ཡལ་ཟིན་པ་དང་འདྲ་པར་གྱི་ཁ་མདོག་ཀྱང་ཉམས་ཞན་དུ་སོང་ཡོད་ནའང་། སྐབས་ཐོག་དེར་ཁོ་ལ་ཡོད་པའི་གཟི་བརྗིད་དང་ལྡེམ་མྱུར་རྩལ་བརྒྱ་མ་ལུས་ཁོང་དུ་ཆུད་པའི་ཉམས་སྣང་དེ་སྔར་བཞིན་གསལ་བོར་མཐོང་ཐུབ།
ཧོ་ཧྲེང་ཅུན་གྱིས་བཤད་རྒྱུར། “ཨ་མྱེས་ང་ཚོ་དང་གཏན་དུ་གྱེས་ནས་ལོ་བཅུ་ཏག་ཏག་འགོར་སོང་མོད། འདྲ་པར་འདི་ང་ཚོས་དུས་གཏན་དུ་ཉར་ཡོད།” “ཨ་མྱེས་ཀྱི་བཟོ་ལྟ་འདི་ངས་དོན་དག་ཡིད་ལ་དྲན་ཤེས་པ་ནས་བཟུང་སེམས་སུ་རྡོ་ལ་རི་མོ་བཞིན་བརྐོས་ཡོད་ཅིང་། ཕྱིས་སུ་ངས་རྐང་ཤིང་རྒྱ་འཆམ་རྒྱུན་འཛིན་བྱེད་འདོད་ཀྱི་བསམ་པ་སྐྱེས་སའང་ཡིན”ཟེར།
རུ་གསར་གྱི་རྐང་ཤིང་གར་འཆམ་རྒྱུན་འཛིན་ལོ་རྒྱུས་སྟེང་ནས་བཤད་ན། ཧོ་ཏེ་ལུའུ་ནི་སྐབས་དེ་དུས་ཀུན་གྱི་སྔོན་མ་བྱས་ཏེ“གཟུགས་འདས་སྒྱུ་རྩལ”འདི་ཉམས་གསོ་བྱེད་མཁན་གྱི་ཐོག་མའི་གྲས་ཡིན།
དུས་རབས20པའི་ལོ་རབས80པའི་དུས་འགོར། མི་དམངས་ཀྱི་འཚོ་བ་ཅུང་ཇེ་ལེགས་སུ་ཕྱིན་མ་ཐག་ཡིན་མོད། ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ་ཚ་ཚ་འུར་འུར་ངང་འཆམ་མྱོང་བའི་རུ་གསར་གྱི་རྐང་ཤིང་རྒྱ་འཆམ་དེའི་རྒྱུན་ཆད་ལ་ཉེ་བའི་ཉམ་ང་ཉག་ཕྲ་ཡི་དུས་སྐབས་སུ་སླེབས་ཏེ། གྲོན་དངུལ་དཀོན་པ་དང་འཁྲབ་ཆས་མེད་པ། ཞུགས་མཁན་ཉུང་བ་བཅས་རྐྱེན་དུ་མའི་དབང་གིས། གནའ་བོའི་གར་འཆམ་སྒྱུ་རྩལ་དེ་ཉིད་མིག་གི་མཐོང་ལམ་ནས་ཡལ་ལ་ཉེ་བར་གྱུར།
ཧོ་ཧྲེང་ཅུན་གྱིས་བཤད་རྒྱུར། “སྐབས་དེར་ངའི་ཨ་མྱེས་ཧོ་ཏེ་ལུའུ་དང་ཨ་ཁུ་ཧོ་ཏེ་ཤེན། ད་དུང་ལོ་ལོན་ཁ་ཤས་ཡར་ལངས་བྱུང་། ” ཧོ་ཧྲེང་ཅུན་གྱིས་ལག་པ་ཡར་བཀྱགས་ནས་སྐབས་དེ་དུས་ཀྱི་ཨ་མྱེས་ཀྱི་བཟོ་ལྟ་སྟོན་ཞོར། “ཁོ་ཚོས་བཤད་རྒྱུར། རྐང་ཤིང་རྒྱ་འཆམ་འདི་ཉིད་ང་ཚོའི་མི་རབས་འདིའི་ལག་ནས་ཚར་དུ་འཇུག་མི་རུང་ཟེར། ”
ཨ་མྱེས་ཀྱིས་ཁོས་སྐབས་དེར་བརྒྱུད་པའི་མྱོང་བ་མ་ལུས་ཆུང་དུས་ནས་བཟུང་ཧོ་ཧྲེང་ཅུན་ལ་བཤད་ནས་ཉན་པར་སྐུལ་ཏེ་གདམས་དོན། འཁྲབ་སྟོན་བྱེད་སྤྱད་ཀྱི་མ་དངུལ་མེད་ན། ཁོ་ཚོས་མ་སྐུལ་དང་བླངས་སྒོས་ཁྱིམ་ཚང་རེ་རེར་སོང་ནས་མ་དངུལ་བསྡུས་པ་ཡིན། བཟའ་སྣུམ་རྒྱ་མ་གཅིག་དང་གྲོ་ཕྱེ་དཀར་ཡོལ་གང་། ཆང་ཤེལ་དམ་གཉིས་བཅས་ཞལ་འདེབས་སུ་ཕུལ་བ་ཚང་མ་ཡུལ་མི་རྣམས་ཀྱིས་གྲོན་ཆུང་བྱས་པ་ལས་བྱིན་པའི་བརྩེ་བ་ངོ་མ་ཡིན། འཁྲབ་སྟོན་གྱི་གྱོན་ཆས་མེད་ན་གང་སར་གཡོར་དུ་སོང་སྟེ། སུ་ཞིག་གི་ཁྱིམ་ལ་མདོག་ལྡན་རས་གསར་ཡོད་པ་དང་གྱོན་ཆས་དམར་པོ་སོགས་ཡོད་ན་དེ་གཡར་ཏེ་ཡང་བསྐྱར་འཚེམ་བཟོ་བྱས་ནས་ལེགས་སྒྲིག་བྱས་ཏེ་རྒྱ་འཆམ་འཁྲབ་སྤྱད་དུ་བཀོལ་བཞིན་ཡོད།
ཧོ་ཧྲེང་ཅུན་གྱི་མཛུབ་མོ་ཡིས་རྐང་འོག་གི་རྐང་ཤིང་ལ་དལ་མོར་བྱིལ་བྱིལ་བྱེད་ཞོར་བཤད་རྒྱུར། ཨ་མྱེས་ལགས་ཀྱིས་གསུངས་པ་ལྟར་ན། སྐབས་དེར་ཁོས་ལུག་པགས་ཀྱི་སྟོད་གོས་ཞིག་དང་སྲིང་བལ་གྱི་དོར་མ་ཆ་ཚང་ཞིག་གྱོན་ཡོད་ཅིང་། དེ་ནི་ཁོའི་འཁྲབ་ཆས་ཡོད་ཚད་རེད། ནམ་མ་ལངས་སྔོན་དུ་རུ་མི་ཚོ་དང་མཉམ་དུ་རྐང་ཤིང་རྐང་པ་གཉིས་ཀྱི་སྟེང་དུ་དམ་པོར་བཀྱིགས་ཏེ། དགུན་ཁའི་གྲང་ངར་གདོང་གིས་བསུ་བཞིན། ཞོགས་པ་སྔ་མོ་ནས་མཚན་དཀྱིལ་བར་དུ་འཁྲབ་སྟོན་བྱས་པ་ཡིན། རུ་གསར་སྲང་ལམ་ནས་ཉེ་འཁོར་གྱི་སྡེ་བ་དུ་མར་ཉིན་གཅིག་ལ་བསྟུད་མར་ཐེངས་བཅུ་ལྷག་ལ་འཁྲབ་སྟོན་བྱས་མྱོང་ཟེར།
ཧོ་ཧྲེང་ཅུན་གྱི་ཨ་ཕ་ཧོ་ཏེས་ཕྱིར་དྲན་བྱས་ནས་བཤད་རྒྱུར། མཚན་གུང་དུ་རྐང་པའི་ངོས་སུ་དམ་པོར་བཀྱིགས་ཡོད་པའི་རྐང་ཤིང་དེ་དམ་པོར་ལེན་སྐབས། ཧོུ་ཏེ་ལུའུ་ཡི་རྐང་པའི་སྟེང་དུ་མ་ཤུལ་ཕྲ་མོ་དུ་མས་ཁེངས་ཡོད་ནའང་སྡུག་དམེ་གཏན་ནས་བཏོན་མ་མྱོང་། ཉིན་གཉིས་པར་རྔ་སྒྲ་མཆེད་པ་ཐོས་པ་ཐག ཁོས་མྱུར་དུ་རྐེད་པ་དྲང་མོ་བྱས་ཏེ་གོམ་ཞེང་བརྟན་པོའི་ངང་ནས་ཉིན་དེའི་རྒྱ་འཆམ་སྟེག་པར་རྔམ་བཞིན་ཡོད།
ཧོ་ཏེ་ལུའུ་ཡིས་མཚོན་པའི་སྒྱུ་རྩལ་པ་རྒན་རབས་པ་དག་གིས་སྙིང་སྟོབས་དེར་བརྟེན་ནས། མི་སེམས་སླར་ཡང་གཅིག་སྡུད་བྱས་ནས། ལོ་མང་པོའི་རིང་རྒྱུན་ཆད་པའི་གར་འཆམ་འདིའི་རྒྱུན་སླར་ཡང་མཐུད་པ་ན། ཡུན་རིང་ཁུ་སིམ་མེར་གནས་པའི་རུ་གསར་གྲོང་རྡལ་དུའང་ཡང་བསྐྱར་རྐང་ཤིང་རྒྱ་འཆམ་གྱི་ཡོ་ལང་ཀུན་ནས་རྒྱས་འགོ་བརྩམས།
སྐབས་ཐོག་དེའི་རུ་གསར་གྱི་རྐང་ཤིང་རྒྱ་འཆམ་དེའང་རིམ་བཞིན་ས་གནས་དེའི་རིག་གནས་ཀྱི་མིང་བྱང་བརྗིད་པོ་ཞིག་ཏུ་གྱུར། 1982ལོ་ནས་བཟུང་། རུ་གསར་གྱི་རྐང་ཤིང་རྒྱ་འཆམ་དེ་ལོ་རེར་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པའི་འཁྲབ་སྟོན་ལས་ཕུལ་བྱུང་རིག་རྩལ་ལེ་ཚན་ལ་བདམས་པ་དང་། ལུགས་རྙིང་ལོ་སར་གྱི་ཡོ་ལང་ཁྲོད་རྨ་ཙོང་རིག་གནས་ཀྱི་འཕར་རྩ་མུར་སྲིང་བཞིན་ཡོད།
ཧོ་ཧྲེང་ཅུན་གྱིས་ཨ་མྱེས་ཀྱི་གཟབ་ནན་གྱི་སྐད་གདངས་ལ་ལད་མོ་བྱས་ཏེ་བཤད་རྒྱུར། རྐང་ཤིང་རྒྱ་འཆམ་ནི་རྩེད་མོ་ཁོ་ན་མ་ཡིན་ལ་དགོད་ཁ་སློང་བྱེད་ཁོ་ནའང་མིན་ལ། དེ་ནི་རྨ་ཙོང་མི་དམངས་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པ། རྒྱལ་ཁམས་བདེ་ཞིང་མི་དམངས་སྐྱིད་པ་བཅས་ཀྱི་སྨོན་འདུན་ཡིན་པར་མ་ཟད། ད་དུང་རུ་གསར་མི་དམངས་ཀྱི་རུས་རྐང་ལ་ཟུག་པའི་གཞི་རྟེན་དང་བླ་སྲོག་ཡིན་པས། དེ་གཏན་ནས་འདོར་མི་རུང་ཟེར།
གཉིས།
མེ་ལྷའི་ལྷ་ཁང་ཕྱོགས་ནས་མཆེད་པའི་རྔ་སྒྲ་ཐོས་ཙ་ན། ལོ62ལ་སོན་པའི་ཧུའོ་ཏིའི་སེམས་ལ་སྤྲོ་བས་བརྟས་ཏེ། ཁོས་གྱང་སྟེང་གི་རྐུབ་སྟེགས་ཆུང་ཆུང་དེ་ལག་ཏུ་བཟུང་ནས་གོམ་པོ་མགྱོགས་མོས་ཕར་རྒྱུགས་སོང་། ཐག་རིང་ནས་བལྟས་ན་ར་སྐོར་དཀྱིལ་དུ་ན་གཞོན་བཅུ་ཕྲག་འགས་རྨི་གསུམ་ཙམ་གྱི་རྐང་ཤིང་མཐོན་པོ་ཞབས་འོག་ཏུ་བཏེགས་ནས་རྔ་སྒྲའི་འགྱུར་ཁུགས་དང་འགྲོགས་ཏེ་འཁྲབ་སྦྱོང་བྱེད་བཞིན་པ་མཐོང་ཐུབ།
ཧུའོ་ཏིའི་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་ལངས་ཤིང་མིག་ཟུང་ལས་དགའ་སྤྲོ་དང་རེ་བའི་འོད་སྣང་མཚེར་གྱིན། རྐང་ཤིང་དང་འབྲེལ་བའི་གཏམ་རྒྱུད་བཤད་བྱུང་། ཁོས་ལག་མཐིལ་གྱི་ཤ་དྲེག་འབྲད་ཞོར། ངས་རྐང་ཤིང་བསླབ་པ་ཅུང་འཕྱི། ལོ་བཅུ་དྲུག་བཅུ་བདུན་ལ་ལོན་དུས་ད་གཟོད་རྐང་ཤིང་བསླབ་པ་ཡིན། འོན་ཀྱང་དེ་ནས་བཟུང་གཏན་ནས་བསྐྱུར་མ་མྱོང་ཟེར།
ཧོ་ཏི་ཡི་བྱིས་དུས་རྔ་སྒྲ་དང་རྐང་ཤིང་གི་གོམ་འགྲོས་ཁྲོད་འཐིམས་ཡོད། ཟླ་དང་པོར་སླེབས་ཐེངས་རེར། རུ་གསར་གྲོང་ཚོའི་སྲང་ལམ་ཡོངས་སུ་རྐང་ཤིང་འཁྲབ་སྟོན་རུ་ཁག་གི་གཟུགས་བརྙན་མཐོང་ཐུབ། ཨ་ཕ་ཧོ་ཏི་ལུའུ་ནི་དེའི་ཁྲོད་ཀྱི་ཆེས་གཟེངས་སུ་ཐོན་པའི་གྲས་ཤིག་རེད། ཁོའི་དྲན་པའི་ཀློང་དུ། ཨ་ཕས་འཁྲབ་པའི“གླང་རྭ”ནི་ཕྱི་རྒྱས་སྤྲས་ཀྱི་གཟི་ཉམས་དང་ལྡན་ཞིང་། གོམ་པའི་འདེགས་འཇོག་ལ་ཟིལ་ཤུགས་ཀྱིས་ཁེངས་པ་ཞིག་ཡིན། རྐང་ཤིང་རུ་ཁག་གང་དུ་ཐོན་ན་དེ་རུ་ངོ་མཚར་དང་དགའ་སྤྲོའི་ཐལ་མོ་རྡེབ་སྒྲ་བར་མེད་དུ་གྲག་ཅིང་རྣ་ལམ་ནས་ཡལ་བ་མེད།
“སྐབས་དེར་ཁྱིམ་ཚང་གི་འཚོ་བ་ཐབས་ཆག་ཡིན་པས་རང་ཉིད་ལ་རྐང་ཤིང་ཅིག་དགོས་བསམ་ཀྱང་ཧ་ཅང་དཀའ་མོ་ཞིག་ཡིན།” ཧོ་ཏིའི་སེམས་ནས་ཟིལ་ཤུགས་ཀྱིས་ཁེངས་པའི་ཁོའི་ཨ་ཕའི་སྣང་བརྙན་དེ་འདྲ་ཐོན་པར་རེ་བ་ཆེན་པོ་བཟུང་ཡོད་སྟབས། ཁོས་སུ་ཚང་གི་རྐང་ཤིང་གྱང་ལ་ཁེན་ཡོད་ཚེ། ཁ་རོག་གེར་དེ་ཁྱེར་ནས་སྦྱོང་བ་བྱེད། ཐེངས་རེ་རེར་སར་འགྱེལ་ནས་ལུས་ཡོངས་འདམ་རྫབ་ཀྱིས་གཡོགས་ནའང་། ཡར་ལངས་ནས་ས་འདམ་སྤྲུགས་སྤྲུགས་འགའ་བྱས་རྗེས། གྱང་ལ་ཁེན་ནས་མུ་མཐུད་དུ་སྦྱོང་བ་བྱེད་ཅིང་། སེམས་ལ་དྲན་རྒྱུ་གཅིག་ཡོད་པ་ནི། རྐང་ཤིང་ཡག་པོ་ཞིག་སློབ་རྒྱུ་དེ་ཡིན།
ལོ17ལ་བུད་པའི་ལོ་དེར། ཧོ་ཏི་རྐང་ཤིང་རུ་ཁག་ནང་ཚུད། རྐང་ཤིང་བཀྱིགས་ཐག་གི་བསྡམས་ལྷོད་ཚོད་འཛིན་བྱེད་སྟངས་ནས་གོམ་པ་ལེན་སྟངས་ཀྱི་གདམ་པ་ཁོང་དུ་ཆུད་པའི་བར་གྱི་སྔ་གཞུག་གང་ཡིན་རུང་ཨ་ཕས་རེ་རེ་བཞིན་ཁྲིད་ནས་ཤེས་སུ་བཅུག་པ་རེད། རྐང་ཤིང་སྟེང་དུ་མཐོན་པོར་འགྲེང་དགོས་ཚེ། སྔོན་ལ་བརྟན་པོ་ཡོང་ཐབས་སློབ་པ་དང་རྗེས་སུ་གོམ་པ་ལེན་སྟངས་སྦྱོང་དགོས། སྐེད་པ་དྲང་དགོས་ལ་གོམ་པ་སྙོམ་དགོས། ཕྱི་སྣུར་བྱེད་དུས་རྒྱབ་ཕྱོགས་ལ་གསལ་ཆ་ཡོད་དགོས་ཤིང་། སེམས་སུ་རུ་མི་ཡོངས་འཛིན་དགོས་པ་ལས་རང་ཉིད་གཅིག་པུ་དྲན་མི་རུང་། ཞེས་པའི་ཨ་ཕ་ཧོ་ཏི་ལུའུ་ཡི་བསླབ་བྱ་འདི་ཧོ་ཏིའི་སེམས་སུ་བརྟན་པོར་བཅངས་ཡོད།
སྐབས་དེའི་རུ་གསར་གྱི་རྐང་ཤིང་འཁྲབ་སྟོན་དེ་མང་ཆེ་བ་རང་སྡེ་བའི་ནང་དུ་འཁྲབ་པ་ཞིག་རེད། ལོ་རེའི་ཟླ་དང་པོའི་ཚེས་བཅུ་གཉིས་དང་བཅུ་བཞི། བཅོ་ལྔ། བཅུ་དྲུག་བཅས་ནི་ཧོ་ཏི་དང་རུ་མི་རྣམས་ཁོམ་པའི་དུས་དང་བྲལ་བའི་སྐབས་ཤིག་རེད། ནམ་མ་གསལ་གོང་དུ་རྐང་ཤིང་བཀྱིགས་པ་དང་། མཛེས་སྤྲོས་བྱེད་དགོས་ལ། སྲང་མགོ་ནས་སྲང་མཇུག་བར་དུ་འཁྲབ་སྟོན་བྱེད་དགོས། རང་སྡེ་བ་ནས་མགོ་བརྩམས་ཏེ་ཁྱིམ་མཚེས་སྡེ་མཐའ་རུ་ཐོན་པ་རེད། ནམ་ཟླ་དགུན་ལ་ཁེལ་བས་གྲང་རླུང་འུར་འུར་དུ་ལྡིང་ཞིང་། རྐང་ལག་གྲང་ནས་སྨུག་པོར་གྱུར་ཅིང་། གདོང་གི་སྣུམ་ཚོན་རླུང་གིས་བསྡམས་ནས་སེར་ཁ་ཤིག་ཤིག་ཏུ་གྱུར་ནའང་། ཤིང་རྐང་ཐོག་ཏུ་འགྲེངས་ནས་སྡེ་མི་རྣམས་ཀྱི་བསྟོད་པའི་མཐེ་བོང་མཐོང་བ་ན། ཧོ་ཏི་ཡི་ལུས་ཡོངས་ངར་ཤུགས་ཀྱིས་ཁེངས་ཤིང་དཀའ་སྡུག་ཡོད་ཚད་སྨུག་སྤྲིན་བཞིན་དེ་མུར་མི་སྣང་བར་གྱུར་འགྲོ།
“ཨ་ཕས་མི་ཚེ་གང་བོར་རྐང་ཤིང་འཁྲབ་ནས་འགན་ལྕི་མོ་དེ་ང་ལ་སྤྲད་ཡོད་པས། ངས་ཧོ་ཚང་གི་ལ་རྒྱ་ཤོར་དུ་འཇུག་སྲིད་དམ། དེ་ལས་ལྷག་པར་སྡེ་མི་རྣམས་ཀྱི་རེ་བ་སྟོང་ཟད་དུ་གཏོང་སྲིད་དམ་ཅེས”ཧོ་ཏི་ཡིས་འགྱུར་བ་མེད་པའི་རྣམ་འགྱུར་བསྟན་བྱུང་། ཁོས་དེང་མ་རུ་གསར་སྡེ་བའི་ཁྱིམ་ཚང་བཅུ་ཕྲག་འགའི་ཁྲོད་དུ་ཁྱིམ་ཚང་དྲུག་བདུན་ཞིག་གིས་རྐང་ཤིང་འཁྲབ་ཤེས། ཁྱིམ་ཚང་རེ་རེའི་གྱང་ཟུར་དུ་རྐང་ཤིང་ཁེན་ཡོད། མི་དར་མས་བྱིས་པར་ཁྲིད་ཅིང་། རྒན་རབས་པས་རྗེས་རབས་པ་བསྐྱངས་ནས། རྩལ་ནུས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་འཇོག་ཅེས་ཕྱིར་དྲན་བྱས་བྱུང་ལ། རུ་གསར་གྱི་མི་ལ་མཚོན་ནས་བཤད་ན། རྐང་ཤིང་ནི་རྩལ་ནུས་ཁོ་ན་ཙམ་མ་ཡིན་པར། དེ་ནི་རུས་རྐང་དུ་ཟུག་ཅིང་། མུ་རབས་མཐུད་མར་རྒྱུན་སྐྱོང་བའི་རིག་གནས་ཀྱི་རྟགས་མཚན་ཞིག་ཀྱང་རེད།
གསུམ།
ལོ་དྲུག་ལ་བུད་པའི་སྐབས་དེར། ཁྱིམ་གྱི་ལྷས་རའི་ནང་དུ། ཨ་མྱེས་ཧོ་ཏེ་ལུའུ་ཡིས་ཁོ་རང་དལ་མོར་སྐྱོར་ཞོར། རྐང་ཤིང་སྟེང་འགྲེང་ཚེ་ནམ་རྒྱུན་གོམ་པ་སྤོ་སྟངས་ལྟར་འགྲོ་དགོས་པ་ལས་མགོ་སྒུར་ནས་མར་ལ་བལྟ་མི་རུང་ཞེས་བཤད་པ་དང་། ཧོ་ཏེ་ཅུན་མི་ཚེའི་སྟེང་ཐོག་དང་པོར་རྐང་ཤིང་ལ་འཐམ་མགོ་བརྩམས་པ་རེད། ཨ་མྱེས་ཀྱི་གོམ་སྟབས་བརྟན་པོ་དང་བྱམས་བརྩེའི་སྐྱོར་མ་ལས་ཁོའི་སེམས་སུ་མི་ཚེ་གང་པོར་རྐང་ཤིང་གི་ལས་ལ་འཇུག་པའི་ས་བོན་སོན་པོ་ཞིག་བཏབ་ཡོད།
འདས་ཟིན་པའི་ལོ་ཟླར་ཕྱིར་བལྟས་ཤིག་བྱས་ཚེ། ཧོ་ཧྲིན་ཅུན་གྱིས་བྱིས་དུས་སུ་རྩེད་ཆས་འདྲ་མིན་མང་པོ་མེད་ལ། རྐང་ཤིང་ནི་ངའི་ཆེས་བློ་ཉེ་སའི་གྲོགས་པོ་ལྟ་བུར་གྱུར་ཡོད་དེ། ན་ཟླ་ཚོ་དང་མཉམ་དུ་རྐང་ཤིང་སྟེང་འགྲེང་སྟེ་ཞོགས་པ་ནས་ས་སྲོད་བར་དུ་སྐུ་འབུམ་དགོན་པའི་ཉེ་འདབས་ཀྱི་རི་ཁུལ་དུ་སྤྱི་ལེ་ལྔ་དྲུག་ལྷག་ལ་བསྐྱོད་ཀྱིན་ཡོད་ཅེས་བཤད་པ་དང་། ཁོའི་མིག་ལམ་དུ་རྐང་ཤིང་ལ་བཅངས་པའི་བརྩེ་བ་ཟབ་མོ་མངོན་ཡོད།
ལྷན་སྐྱེས་དང་དགའ་མོས་མཉམ་དུ་འཛོམས་ཤིང་། བརྟན་སྲུང་དང་སྦྱོང་བརྡར་མཉམ་དུ་འཛིན། ལོ་བཅུ་དྲུག་ལོན་པའི་སྐབས་དེར། ཧོ་ཧྲིན་ཅུན་གྱིས་རྨང་གཞི་བརྟན་པོར་བརྟེན་ནས་ཚང་མ་ལས་འབུར་དུ་ཐོན་པ་ཞིག་ཏུ་གྱུར་ཏེ། རུ་གསར་གྱི་རྐང་ཤིང་རུ་ཁག་གི་སྣེ་ཁྲིད་པའི་འགན་ལྕི་མོ་ཕྲག་ཏུ་བླངས་པ་དང་། རུ་ཁག་གི་ལོ་ན་ཆེས་ཆུང་བའི་མི་སྣ་གཙོ་བོར་གྱུར་ཡོད།
ཧོ་ཧྲིན་ཅུན་གྱིས་ཐོག་མའི་སྨི་ཐིག་ཚེག་བརྒྱད་ནས་བཟུང་། སྨི་གཅིག་ཚེག་དྲུག་དང་། སྨི་གཉིས་ཚེས་གཉིས། སྨི་གསུམ་ཚེག་བརྒྱད་དང་། དེ་ནས་མི་ལྔ་ཚེག་ལྔའི་རྐང་ཤིང་སྟེང་འགྲེང་ནས་རྩལ་སྦྱོར་གི་རྩེར་སོན་ལ་བུད་ཡོད། རྐང་འོག་གི་རྐང་ཤིང་ཇེ་མཐོར་ནས་ཇེ་མཐོར་ཕྱིན་པ་དང་བསྟུན་ནས། ཁོའི་སེམས་ཁོང་གི་རྒྱུན་འཛིན་ལམ་བུ་སྔར་ལས་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད།
2008ལོའི་ཟླ11པར། རུ་གསར་ལ་སྔོན་ཆད་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་མིང་བཏགས་ཡོད། 2013ལོར། རུ་གསར་གྱི་རྐང་ཤིང་དེ་མཚོ་སྔོན་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་ལས་གཞིའི་མིང་ཐོའི་ཁྲོད་དངོས་སུ་བདམས་པ་རེད། གཏམ་སྙན་དེ་ནི་དཔྱིད་ཀྱི་རླུང་བུ་བཞིན་ག་ས་གང་དུ་ཁྱབ་པ་དང་། ལོ་ངོ་དྲུག་བརྒྱ་ལྷག་ལ་རྒྱུན་འཛིན་བྱས་པའི་དམངས་ཁྲོད་སྒྱུ་རྩལ་དེར་རྒྱུན་འཛིན་གྱི་རྨང་གཞི་སྔར་ལས་བརྟན་པོ་ལྡན་པར་མ་ཟད། འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསུས་ཡོད།
རྩ་བ་ཇི་ལྟར་བརྟན་སྲུང་བྱེད་པ་དང་ཇི་ལྟར་དུས་བསྟུན་མདུན་སྐྱོད་བྱེད་དགོས་ཞེ་ན། ན་གཞོན་རྒྱུན་འཛིན་པ་ཞིག་ཡིན་པའི་ཆ་ནས། ཧོ་ཧྲིན་ཅུན་གྱིས་བསམ་གཞིགས་གཏོང་ཞོར་ལག་ལེན་དུ་བསྟར་བཞིན་ཡོད། 2016ལོར། ཁོས་ཚོར་བ་སྐྱེན་པོས་མཉམ་འབྲེལ་དྲ་རྒྱའི་ལེགས་ཆ་བེད་སྤྱད་དེ། སྒེར་གྱི་སྨྱད་བྱད་ཀྱི་ཐད་གཏོང་པ་བྱས་ནས། རྐང་ཤིང་སྦྱོང་བརྡར་གྱི་རྣམ་པ་དང་འཁྲབ་སྟོན་གནས་ཚུལ། དེ་བཞིན་ཆེས་སྤྱིར་བཏང་གི་དམངས་སྲོལ་གོམས་གཤིས་སོགས་བརྙན་ཐུང་ལ་ཕབ་ནས་དྲ་ལམ་དུ་བསྐུར་བར་བརྟེན། སྲོལ་རྒྱུན་གྱི་བྲོ་བ་མ་ཡལ་བའི་བརྙན་ཐུང་དེ་སྐད་གྲགས་ཚད་ཆེ་རུ་ཕྱིན་པ་དང་། ད་སྐབས་ཁོར་ཞེན་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཡོད།
དྲ་རྒྱའི་སྐུད་ལམ་ཕྲ་མོ་དེས་ཁོ་དང་དྲ་གྲོགས་ཁྲི་སྟོང་མང་པོར་སྦྲེལ་ཐག་བསྐྲུན་པར་མ་ཟད། རི་ལུང་ཐང་གསུམ་དུ་ལུས་པའི་གཟུགས་འདས་ཤུལ་བཞག་རིག་གནས་དེ་ཧོང་ཀྲུང་ལས་བརྒལ་ནས་ས་ཆ་མང་པོར་ཁྱབ་པར་བྱས་ལ། སྣང་ཚུལ་དེས་རུ་གསར་གྱི་རྐང་ཤིང་ལ་སྔར་ལས་གར་སྟེགས་ཆེན་པོ་བསྐྲུན་ཡོད།
2023ལོར། དབྱང་ལི་ཕིན་གྱིས་སྒྱུ་རྩལ་ཚོགས་པ་ཆེད་དུ་ཧོང་ཀྲུང་ལ་སོང་ནས། རུ་གསར་གྱི་རྐང་ཤིང་དེ་ཧི་ནན་གྱི་ལོ་སར་དགོང་ཚོགས་སྐབས་སུ་འཁྲབ་སྟོན་བྱེད་དགོས་པའི་གདན་ཞུ་བྱས་པ་དང་། རུ་མི་ཉེར་གསུམ་པེ་ཅིང་དུ་བརྙན་ཕབ་བྱེད་དུ་ཕྱིན། སྦྱོང་བརྡར་བྱེད་ས་རུ་བྱེ་མ་མཐུག་པོ་ཞིག་བཏིངས་ཡོད་ལ། རྐང་ཤིང་སྟེང་འགྲེང་ནས་གོམ་པ་སྤོས་མ་ཐག་བསྣུབས་པར་འགྱུར་ལ། མཉམ་འཇོག་མ་བྱས་ཚེ་ཐང་ལ་འགྱེལ་སྲིད། སྟངས་སྟབས་གཅིག་ཡང་དང་བསྐྱར་དུ་ཐེངས་མང་པོར་སྦྱོང་བརྡར་བྱེད་དགོས་པ་དང་། རུ་མི་ཚོས་ཞོགས་པ་ནས་ནམ་གུང་བར་དུ་སྦྱངས་པ་བྱེད་དགོས་རུང་ཕྱི་བཤོལ་བྱས་ཏེ་མགོ་སྒུར་མཁན་གཅིག་ཀྱང་མེད། ང་ཚོས་རྨ་ཙོང་རྒྱུད་ཀྱི་བུ་དང་བུ་མོའི་སེམས་ཤུགས་རྒྱལ་ས་རུ་ཁྱེར་ཡོང་དགོས་ལ། རྐང་ཤིང་སྟེང་འགྲེང་ནས་འབྲུག་བྲོ་འཁྲབ་པར་རམ་འདེགས་བྱེད་དགོས་ཤིང་། གར་སྟེགས་སྟེང་རུ་གསར་གྱི་རྐང་ཤིང་གི་སྤོབས་པ་དང་དཔའ་ཉམས་དེ་ངོམ་ནས་རྒྱལ་ཡོངས་ཀྱི་ལྟད་མོ་བར་མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཉམས་འགྱུར་མཐོང་དུ་འཇུག་དགོས།
ལེ་ཚན་བཏང་མ་ཐག དྲ་ལམ་ཡོངས་སུ་ཁྱབ་ནས་ལྟད་མོ་པ་གྲངས་མེད་ཀྱི་ཡིད་སེམས་འགུལ་བར་བྱས་པ་དང་། ཚང་མས་མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་བསྟོད་པའི་མཐེ་བོང་སྒྲེང་གིན་འདུག
རྒྱལ་ཁའི་གཟི་བརྗིད་དང་ལྷན་དུ། རུ་མི་རྣམས་ཀྱི་མིག་རྒྱང་སྔར་ལས་བསྐྱེད་ཅིང་རྒྱུན་འཛིན་བསམ་ཕྱོགས་སྔར་ལས་ཇེ་གསལ་དུ་གྱུར། ཁོ་ཚོས་ཆེད་ལས་ཅན་གྱི་སྣུམ་ཚོན་སྤྱད་དེ། གདོང་ལ་བྱུགས་པའི་ཚོན་ཁ་སྔར་ལས་ཇེ་ཡག་ཏུ་བཏང་བ་དང་། གར་སྟེགས་ཀྱི་ཇུས་འགོད་ལ་བརྟེན་ནས། འཁྲབ་སྟོན་གྲ་དག་ཡིན་ལ་མཛེས་ཉམས་དོད་པར་བྱས། ད་ལོའི་འཁྲབ་སྟོན་ཁྲོད། རུ་གསར་་གྱི་རྐང་ཤིང་གི་འཁྲབ་ལེན་གྱི་སྲོལ་རྒྱུན་སྔར་ལས་གཙོ་བོར་བཟུང་སྟེ། ངག་གི་སྒྱུ་རྩལ་དང་སྤོས་ཁུག་གཙགས་པ་སོགས་རྨ་ཙོང་རྒྱུད་ཀྱི་གླུ་གཞས་དང་རྐང་ཤིང་གི་འདེགས་འཇོག་གིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་རོལ་དབྱངས་གསར་བ་ཞིག་དཀྲོལ་བཞིན་ཡོད།
ཧོ་ཚང་གི་མི་རབས་གསུམ་པའི་རྒྱུན་འཛིན་པ་ཡིན་པའི་ཆ་ནས། ཧོ་ཧྲིན་ཅུན་གྱིས་རྒྱུན་འཛིན་ནི་རྙིང་བ་སྲུང་འཛིན་བྱེད་པ་ཞིག་མིན་པར་བརྟན་སྲུང་གི་བརྒྱུད་རིམ་ཁྲོད་ཀྱི་གསར་གཏོད་ཡིན་པ་གསལ་བོར་རྟོགས་ཡོད། ཁོ་དང་རུ་མི་ཚོས་སྨི་གསུམ་ཚེག་བརྒྱད་ཅན་གྱི་རྐང་ཤིང་བཟོས་པ་དང་། མཐོན་པོ་ཞེས་པ་དེ་རུ་གསར་རྐང་ཤིང་གི་མཚོན་རྟགས་གསར་བ་ཞིག་ཏུ་བསྒྱུར་བར་མ་ཟད། དྲ་ལམ་དང་ཡུལ་དངོས་སུ་རུ་མི་བསྡུ་འགུག་བྱས་པས། ན་གཞོན་བརྒྱ་ལྷག་གིས་གཅིག་རྗེས་གཉིས་མཐུད་དུ་མིང་ཐོ་བཀོད་པ་དང་། ན་གཞོན་རུ་མིས་གོམ་སྟབས་གསར་བ་དང་སྟངས་སྟངས་གསར་བ་ཁ་སྣོན་དང་སྦྱོང་བརྡར་བྱེད་པར་སྐུལ་མ་བཏང་སྟེ། དེང་རབས་ཀྱི་ཁྱད་ཆོས་དང་སྲོལ་རྒྱུན་གྱི་རྩལ་ནུས་ཟུང་འབྲེལ་བྱ་དགོས།
ཧོ་ཧྲིན་ཅུན་གྱིས་ནམ་རྒྱུན་རིག་གནས་ཀྱི་གདེང་ཚོད་ཅེས་པའི་ཡི་གེ་བཞི་པོ་མཐོང་གིན་ཡོད། རིག་གནས་ཀྱི་གདེང་ཚོད་ངོ་མ་ཅི་ཞིག་ཡིན་ནམ། ཁོ་ཡང་དང་བསྐྱར་དུ་རྐང་ཤིང་སྟེང་འགྲེང་ནས་རྔ་སྒྲ་ཆེན་མོ་དང་བསྡོངས་ནས་མི་ཚོགས་ཀྱི་དཀྱིལ་དུ་བསྐྱོད་ཐེངས་རེར་ཡུན་གྱིས་དེའི་གོ་བ་ལོན་ཐུབ་པ་དང་། གདེང་ཚོད་དེ་ནི་རུ་གསར་གྱི་རྐང་ཤིང་ཁོ་ནར་ཡོད་པའི་གཟི་བརྗིད་དང་ཉམས་སྣང་ཡིན་ལ། མི་རབས་རེ་རེའི་རྒྱུན་འཛིན་པས་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱས་པ་དང་གནའ་བོའི་རྩལ་ནུས་ལ་གསོན་ཤུགས་གསར་བ་བསྣན་པའི་སྙིང་སྟོབས་དང་བརྟན་སྲུང་ཡིན།
བཞི།
རྐང་ཤིང་སྦྱོང་བརྡར་བྱེད་སར། ཧོ་ཆི་རུའེ་རུ་དཔུང་གི་རྗེས་སུ་འབྲངས་ནས་ཏིན་ཏིན་ཏིན་ཞེས་པའི་རྔ་སྒྲའི་དབྱངས་དང་བསྡོངས་ནས་རྐང་བ་ཆུང་ཆུང་དེ་དལ་མོར་སྣུར་སྤོ་བྱེད་བཞིན་ཡོད། བློ་རིག་རྣམ་པར་བཀྲ་བའི་བྱིས་པ་དེ་ནི་ཧོ་ཚང་གི་རྐང་ཤིང་རབས་བཞི་བའི་རྒྱུན་འཛིན་པ་ཡིན་པ་རེད། ཅིའི་ཕྱིར་རྐང་ཤིང་ལ་དགའ་བ་ཡིན་ཞེས་འདྲི་སྐབས། ཁོ་ཅུང་ངོ་ཚ་བའི་རྣམ་འགྱུར་མངོན་བྱུང་། ཆུང་དུས་ནས་ཧོ་ཆི་རུའེ་རྒྱུན་པར་ཁོའི་ཨ་མྱེས་དང་ཨ་ཕར་འགྲོགས་ནས་སྦྱོང་བརྡར་ར་བར་བསྡད་ཡོད་པ་དང་། རྣམ་པར་གསལ་བའི་མིག་ཟུང་གིས་ཡིད་སེམས་འགུག་པའི་ལུས་ཀྱི་སྟངས་སྟབས་རེ་རེ་འཚོ་བཞིན་ཡོད། དོན་དངོས་སུ་ཁོ་རང་རུ་གསར་ནས་སྐྱེས་མ་ཐག་ནས་བཟུང་། རྒྱུན་འཛིན་གྱི་ས་བོན་ཁོའི་སེམས་ཀྱི་ཟབ་སར་བཏབ་ཡོད།
ལོ5ནས་བཟུང་། ཧོ་ཧྲིན་ཅུན་གྱིས་རང་གི་བུ་ཆུང་ལ་འཚམ་པའི་རྐང་ཤིང་ཆུང་ཆུང་ཞིག་ལས་ཡོད། སྔོན་ཆད་ཨ་མྱེས་ཧོ་ཏི་ལུའུ་ཡིས་རང་ཉིད་ལ་རམ་འདེགས་བྱས་པ་ནང་བཞིན། ཁོས་ཧོ་ཆི་རུའེ་ཡི་སྐེད་པས་དམ་པོར་སྐྱོར་ཏེ་ར་བའི་ནང་དུ་དལ་གྱིས་སྐོར་བ་བྱེད་བཞིན་མཆིས། ཁྱོའི་སེམས་བདེ་མོ་བྱས། ཨ་ཕས་རྩུབ་ནས་ཁྱོད་སྐྱོར་ཡོད། སྤོབས་པ་ཆེན་པོས་སོང་ཞེས་ངག་འཇམ་པའི་ཚིག་གི་སྐུལ་མ་དེ་བྱིས་པས་རྐང་ཤིང་སྦྱོང་བའི་སྤོབས་སེམས་བརྟན་པོར་གྱུར་ཡོད།
བྱིས་པ་དེ་རྐང་ཤིང་ལ་ལྷན་སྐྱེས་སུ་དགས་མོས་ཡོད་ཅིང་། ཉིན་གསུམ་འགོར་བ་ཙམ་གྱིས་ཨ་ཕས་ལག་པས་བཏང་ཡང་། ཁོ་གཅིག་པུ་སྦྱོང་བརྡར་གྱི་འགྲོས་དང་བསྟུན་ཐུབ་པ་བྱུང་། གོམ་སྟབས་ཡོམ་འགུལ་ཆེ་ཡང་མགོ་ནས་མཇུག་བར་རྒྱུན་འཁྱོངས་བྱེད་ཐུབ་ལ། སེམས་ལ་འཇིགས་པ་ཅི་ཡང་མེད་པའི་ཉམས་སྣང་ཞིག་མངོན་འདུག
འཁྲབ་སྟོན་མཇུག་སྒྲིལ་ཚེ། ཧོ་ཆི་རུའེ་ཡིས་ནམ་རྒྱུན་ཨ་ཕའི་སྟོད་ཐུང་གི་སྣེ་ནས་བཟུང་སྟེ། སུའི་གདོང་ཁེབས་ཡ་མཚན་ཡིན་པ་དང་། སུའི་རྐང་ཤིང་ཆེས་མཐོ་བ། སུང་ཨུ་ཁུང་གི་གོམ་སྟབས་ཅིའི་ཕྱིར་མིག་ལ་མཛེས་པ་དྲི་བ་མང་བོ་བཏོན་པ་དང་། ཧོ་ཧྲིན་ཅུན་གྱིས་ཁོའི་གདོང་ལས་མཚར་སྣང་དང་དགའ་མོས་འགོག་མེད་དུ་མངོན་ཡོད་ལ། རྒྱུན་འཛིན་གྱི་རེ་བ་བྱིས་པའི་མིག་ལ་མངོན་ཡོད་པ་གསལ་བོར་མཐོང་བྱུང་།
ཐོག་དང་པོར་དངོས་སུ་གར་སྟེགས་སུ་འབུད་སྐབས། ཧོ་ཆི་རུའེ་ཡིས་ཀྲོང་ཡོན་ཆུང་བ་ཞིག་འཁྲབ་སྟོན་བྱས། ཧོ་ཧྲིན་ཅུན་གྱིས་བཤད་རྒྱུར། ཐོག་དང་པོར་ཁོ་རང་རུ་དཔུང་གི་རྗེས་ཆོད་པ་མཐོང་དུས། ངའི་སེམས་ཀྱི་ང་རྒྱལ་དེ་སྨྲ་བརྗོད་ལས་འདས་པ་ཞིག་ཡིན་ལ། ལུས་ཕུང་ཆུང་ཆུང་དེར་རྩལ་རྩེད་ལ་བཅངས་པའི་ཆེས་རྣམ་དག་གི་དགས་མོས་སྦས་ཡོད། སྐབས་ཐོག་དེར་ངས་ཧའོ་ཚང་གི་རྐང་ཤིང་ལ་རྒྱུན་འཛིན་མཁན་ཡོད་སྲིད་པ་ཤེས་སོང་ཟེར། བྱིས་པའི་དོན་དག་གླེང་དུས་ཧོ་ཧྲིན་ཅུན་གྱི་སེམས་པ་སྤྲོ་དགའ་བརྟས་ཡོད།
ལུགས་རྙིང་ལོ་སར་གྱི་སྔོན་ལ་རྒྱ་འཆམ་སྦྱོང་བརྡར་བྱེད་པར་བྲེལ་བ་ཆེ་ཞིང་། ཧོ་ཧྲིན་ཅུན་གྱིས་རང་གི་བུ་ཆུང་ལ་རྒྱན་གོས་ཆ་ཚང་ཞིག་གྲ་སྒྲིག་བྱས་ཡོད་པ་དང་། དགུན་ཁར་ཕྱི་རོལ་ནས་ལུས་འཁྱག་པར་སེམས་ཁུར་བྱས་ཏེ། ཁོས་ཆེད་དུ་ཆུང་མར་ལག་བསྲོ་ཞིག་གྲ་སྒྲིག་བྱེད་དུ་བཅུག་ནས་གར་ལྭའི་ནང་ལོགས་སུ་སྦྱར།
རྔ་སྒྲ་ཡང་བསྐྱར་གྲགས་བྱུང་ལ། རྔ་སྒྲའི་འགྲོས་ཧ་ཅང་མྱུར། ཧོ་ཆི་རུའེ་རྐང་ཤིང་གི་སྟེང་དུ་འགྲེངས་ཡོད་ལ། གོམ་སྟབས་སྔར་ལས་བརྟན་བརླིང་དུ་གྱུར་ཡོད། ཁོའི་རྐང་འོག་ནི་ཧོ་ཚང་གི་མི་རབས་བཞི་བགྲོད་མྱོང་བའི་ས་གཞི་ཡིན་པ་དང་། རུ་གསར་གྱི་རྐང་ཤིང་གི་ལོ་ངོ་དྲུག་བརྒྱ་ལྷག་གི་རྒྱུན་འཛིན་གྱི་ལམ་བུ་རེད། ཁོའི་མིག་མདུན་ནི་མི་ཆེན་ཚོའི་སྟངས་སྟབས་ཀྱི་རྒྱབ་གཟུགས་ཡིན་ལ། གནའ་བོའི་རྩལ་རྩེད་ཀྱི་འཛད་པ་མེད་པའི་སང་ཉིན་ཡིན།