2026ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

ཁུངས། ཀློག་གྲངས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་དམིགས་ཏེ་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བའི་སྐོར་གྱི་བསམ་འཆར།

(2026ལོའི་ཟླ1པོའི་ཚེས3ཉིན།)

ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་དང་རྒྱུ་སྤུས་དང་འབྲེལ་ཡོད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དུས་སྐབས་སུ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་ལ། ཞིང་པའི་འཚོ་བའི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་བས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ཐད་འཕེལ་རྒྱས་མངོན་གསལ་བྱུང་ཡོད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ནུས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། ཞིང་ལས་ཞིང་སྡེ་ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”མགོ་ཚུགས་པའི་ལོ་ཡིན་པས། “ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། ཏང་གིས“ཞིང་གསུམ”བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཞིང་ལས་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་འགྱུར་བར་དམིགས་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་དེ་སྤྱིའི་འཛིན་ལུང་དུ་བྱེད་པ། “བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་བ་དེ་ཁྲིད་སྟོན་དུ་འཛིན་པ། བཅོས་བསྒྱུར་གསར་སྐྲུན་རྩ་བའི་སྒུལ་ཤུགས་སུ་བརྩི་བ། ཞིང་སྟོབས་དང་ཞིང་ཕན། ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་ཕན་ནུས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་སྐྱེད་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་བཅས་མཐོ་རུ་གཏོང་བ། ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་བསྐྲུན་གང་ཐུབ་བྱེད་པ། ཞིང་སྡེར་གཞི་རྩའི་ཐོག་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་བྱེད་པ། ཞིང་པའི་འཚོ་བ་སྔར་ལས་ཕྱུག་པོ་དང་བདེ་སྐྱིད་ལྡན་པར་བྱེད་པ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྨང་གཞིའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

དང་པོ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་དགོས།

(གཅིག)འབྲུ་སྣུམ་ཐོན་སྐྱེད་བརྟན་པོའི་ངང་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་ཐོན་ཚད་རྒྱ་མ་ཁྲག་ཆེན་གཅིག་དང་ཁྲག་ཁྲིག་བཞི་ ཡས་མས་སུ་བརྟན་འཇགས་སུ་གནས་ཡོད། ཐོན་ཚད་ཐོན་ནུས་དང་ཐོན་སྐྱེད་སྐྱེ་ཁམས། ཐོན་སྐྱེད་འཕར་སྣོན་བཅས་མཉམ་དུ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་དང་། རེས་སྐོར་གསར་པའི་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་གཅིག་གི་ཐོན་ནུས་ཆེ་རུ་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་བཟང་སོན་བཟང་སྐབས་བཟང་ཐབས་བཟང་བཅས་ཀྱི་འདུས་གྲུབ་ཕན་ནུས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། འབྲུ་སྣུམ་ལོ་ཏོག་གཞི་ཁྱོན་ཆེ་བའི་སྒོ་ནས་ཐོན་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཚུལ་དང་ས་ཁོངས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། འབྲུ་རིགས་ཀྱི་རིགས་སྣ་ཇེ་ལེགས་དང་རྒྱུ་སྤུས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་བ། འབྲུ་རིགས་འཁོར་རྒྱུག་གི་སྤུས་ཚད་དང་ཕན་འཕར་ལས་གཞི་ལག་བསྟར་བྱས་ཏེ། ཕྱིར་འཚོང་ལ་འཚམ་ཞིང་སྤུས་བཟང་གོང་བདེ་ཡོང་བར་སྐུལ་འདེད་གཏོང་དགོས། སྲན་ཆེན་གྱི་ཐོན་ནུས་སྲ་བརྟན་དང་ཇེ་མཐོར་བཏང་ནས། ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་ལེགས་པོ་བྱེད་དགོས། ལོག་དཀར་དང་བ་དམ། སྣུམ་ཇ་སོགས་ཀྱི་ཐོན་སྐྱེད་བར་སྟོང་རྒྱ་ཆེར་བཏང་སྟེ། སྣུམ་རྒྱུ་སྣ་མང་ཅན་གྱི་མཁོ་སྤྲོད་རྒྱ་ཆེར་གཏོང་དགོས། སྲིང་བལ་དང་ཀ་ར། རང་བྱུང་འགྱིག་རྫས་སོགས་ཀྱི་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། འབྲུ་རིགས་གྲོན་ཆུང་བྱེད་པ་དང་ཟས་རིགས་ཆུད་ཟོས་ལ་རྒོལ་བའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས།

(གཉིས།)“ཚོད་སླེ”ཐོན་ལས་སྤུས་འདེགས་ཕན་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ནགས་ཕྱུགས་ཉ་བཅས་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཕག་ཤའི་ཐོན་ཚད་ལ་ཕྱོགས་བསྡུས་ཚོད་འཛིན་བྱེད་ཚད་ཇེ་དྲག་ཏུ་གཏོང་བ་དང་། ནོར་དང་བཞོན་མའི་ཐོན་ལས་ཐད་ཀྱི་དཀའ་ཁག་བསལ་ཏེ། མཁོ་སྤྲོད་དོ་མཉམ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་འོ་རྫས་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས། མ་རྨོས་ལོ་ཏོག་སོགས་གཟན་རྩྭའི་ཐོན་སྐྱེད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། རྩྭ་སའི་ཕྱུགས་ལས་ཀྱི་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཀོད་ཞིང་ལས་གསར་སྒྱུར་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་དང་། སྔོ་ཚོད་ཐོན་སྐྱེད་བརྟན་བརླིང་ངང་འཕེལ་རྒྱས་གཏོང་བ། རྒྱ་མཚོའི་གཏིང་གི་གསོ་སྤེལ་དང་དེང་རབས་ཅན་གྱི་རྒྱ་མཚོ་ཆེན་མོའི་ཉ་འཛིན་ལ་སྐུལ་འདེད་གཏོང་བ། ནགས་ཐོན་ཟས་རིགས་དང་སྐྱེ་དངོས་ཞིང་ལས་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། སྡེ་ཁག་མང་པོའི་མཐུན་སྦྱོར་དང་མུ་ཕྲེང་ཡོངས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་འགལ་གྱིས་སྦྱོར་སྣོན་བྱེད་པ་དང་། ཞིང་ཕྱུགས་སྨན་རྫས་ཀྱི་སྙིགས་རོ་ཚད་ལས་བརྒལ་བ་སོགས་ཀྱི་གནད་དོན་ལ་ཞིབ་བཤེར་དང་ཆད་པ་ནན་མོ་གཅོད་དགོས།

(གསུམ།)རྨོ་ཞིང་སྲུང་སྐྱོང་དང་སྤུས་ཚད་མཐོར་འདེགས་གཏོང་བར་ཤུགས་སྣོན་དགོས། རྨོ་ཞིང་གི་དམར་ཐིག་དམ་པོར་སྲུང་བ་དང་། ཞིང་སའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ། རྨོ་ཞིང་གི་བདག་བཟུང་དང་ཁ་གསབ་དོ་མཉམ་ཡོང་བར་དོ་དམ་ནན་མོ་བྱེད་པ། ཁ་གསབ་རྨོ་ཞིང་གི་སྤུས་ཀར་ཞིབ་བཤེར་བྱེད་པ་ཚད་ལྡན་དུ་བཏང་ནས། རྨོ་ཞིང་སྲུང་སྐྱོང་གི་ཆེད་དམིགས་འཆར་འགོད་གཏན་འབེབས་བྱེད་དགོས། རྨོ་ཞིང་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་མཐའ་གཅིག་ཏུ་རྡུང་རྡེག་གཏོང་བ་དང་། གྲོང་གསེབ་ཀྱི་རྨོ་ཞིང་སྟེང་གང་འདོད་དུ་ཁང་པ་ལས་པའི་གནད་དོན་དག་ཐེར་བྱ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། “དྲོད་ཁང་ཆེན་མོ”སོགས་ཀྱི་གནད་དོན་ཡང་དང་བསྐྱར་དུ་འབྱུང་བ་སྔོན་འགོག་ནན་མོ་བྱེད་དགོས། རྨོ་འདེབས་རིམ་པ་དང་འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པར་དམིགས་པ་དང་། རྨོ་ཞིང་བརྟག་དཔྱད་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་བ། སྒྲིག་བཀོད་ཞིང་སའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རྨོ་ཞིང་གི་སྟེང་དུ“འབྲུ་རིགས་མི་འདེབས་པའི་གནས་ཚུལ”དག་ཐེར་བྱེད་པ་དང་ས་རྒོད་དུ་བསྐྱུར་བའི་རྨོ་ཞིང་ཡང་བསྐྱར་རྨོ་བ་དང་བེད་སྤྱོད་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་ལེགས་པར་བསྒྲུབ་དགོས། ཁུལ་དང་རིགས་དགར་ནས་ཚད་གཞི་མཐོ་བའི་རྨོ་ཞིང་འཛུགས་སྐྲུན་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། ལས་གཞི་འཛུགས་སྐྲུན་དང་ཞིབ་བཤེར་རྩིས་ལེན། བདག་སྐྱོང་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། མ་དངུལ་གྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཞིང་ལེགས་བཅོས་དང་ས་གཤིས་ཇེ་ལེགས་སུ་གཏོང་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས།ཡུར་ཆུ་འདྲེན་ཁུལ་ཆེ་འབྲིང་དེང་རབས་ཅན་དུ་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་བའི་ཞིང་སའི་ཡུར་རྐ་དང་ཡུར་ཆུ་འདྲེན་ཁུལ་གྱི་བཟོ་སྐྲུན་གཙོ་བོ་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡུན་གནས་གཞི་རྩའི་ཞིང་སའི་ལེགས་འདེམས་ཞན་བསྐྱུར་གྱི་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། རེས་སྐོར་གསར་པའི་ས་ནག་སྲུང་སྐྱོང་གི་བཟོ་སྐྲུན་ལག་བསྟར་བྱས་ཏེ། བ་ཚྭའི་ས་ཞིང་ཕྱོགས་བསྡུས་བེད་སྤྱོད་དང་སྐྱུར་འགྱུར་རྨོ་ཞིང་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་ཆེན་མངའ་ཁོངས་ཀྱི་རྨོ་ཞིང་སྲུང་སྐྱོང་ལས་འགན་ཇེ་དམའ་རུ་མི་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་འོག ཆུ་ལམ་དང་མཚེའུ་ཁུལ་གྱི་ཆུ་ལོག་འགོག་པའི་བྱ་བར་གནོད་པ་སོགས་ཀྱི་བརྟན་འཇགས་མིན་པའི་རྨོ་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱེད་དགོས།

(བཞི།)ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་ཕན་ནུས་ཆེ་རུ་གཏོང་དགོས། ཚན་རྩལ་གསར་སྐྲུན་སྟེགས་བུའི་རྟེན་གཞི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཞིང་ལས་ཀྱི་འགག་རྩའི་སྲོག་ཤིང་ལག་རྩལ་འགག་སྒྲོལ་དང་ཚན་རྩལ་གྲུབ་འབྲས་ནུས་མཐོ་རིགས་སྒྱུར་བེད་སྤྱོད་ལ་ཤུགས་བསྣན་ནས་ཞིང་ལས་ཁྱབ་ཁོངས་ཀྱི་ཚན་རྩལ་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་དང་སྟོབས་ཆེར་གཏོང་དགོས། ས་བོན་ལས་རིགས་དར་རྒྱས་གཏོང་བའི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚད་བརྒལ་རང་བཞིན་གྱི་སོན་རིགས་མགྱོགས་མྱུར་གྱིས་འདེམས་གསོ་དང་ཁྱབ་སྤེལ་བཏང་སྟེ། སྐྱེ་དངོས་སོན་གསོ་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྩེར་སོན་རིག་ནུས་དང་རི་ཁུལ་དུ་འཚམ་པའི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་བ་དང་། ནགས་རྩྭའི་ཕྱོགས་སུ་མཁོ་བའི་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་སྤེལ་བྱེད་པར་ཤུགས་སྣོན་དགོས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་དང་། མིས་བཟོས་རིག་ནུས་དང་ཞིང་ལས་འཕེལ་རྒྱས་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ། མི་མེད་གནམ་གྲུ་དང་རིག་ནུས་དངོས་རྫས་ཀྱི་དྲ་བ། འཕྲུལ་མི་སོགས་ཉེར་སྤྱོད་རྣམ་པ་རྒྱ་བསྐྱེད་དེ། ཞིང་ལས་སྐྱེ་དངོས་བཟོ་སྐྲུན་གྱི་འགག་རྩའི་ལག་རྩལ་གསར་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་སྤེལ་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཚན་རྩལ་གྲུབ་འབྲས་སྡེ་བ་དང་ཁྱིམ་ཚང་དུ་ཐོན་པར་སྐུལ་འདེད་གཏོང་དགོས། ཞིང་ལས་དང་འབྲེལ་བའི་མཐོ་རིམ་སློབ་གསོ་དང་སློབ་ཁྲིད་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ་ཞིང་ལས་ཚན་རིག་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་སྟེ། ཞིང་ལས་དང་འབྲེལ་བའི་ཆེད་ལས་ཤེས་ལྡན་མི་སྣ་ཆེད་དམིགས་གསོ་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས།

(ལྔ།)ཞིང་ལས་ཀྱི་གནོད་འགོག་དང་གནོད་འཕྲི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་གནམ་གཤིས་ཐོན་ཁུངས་ཡོངས་ཁྱབ་སྒོས་ཞིབ་བཤེར་དང་ས་ཁོངས་དགར་བ་དང་། གནམ་གཤིས་དང་ཆུ་དཔྱད། ས་གཤིས་བཅས་ཀྱི་གནོད་འཚེའི་ལྟ་ཞིབ་ཚད་ལེན་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས་གནམ་གཤིས་རྩུབ་པོར་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་དགོས། ཆུ་བོ་དང་གཙང་པོ་ཆེན་པོའི་ཚོད་འཛིན་རང་བཞིན་གྱི་ལྟེ་གནས་དང་། ཆུ་རགས་ཀྱི་ཚད་གཞི་འཛིན་པ་དང་ཚད་གཞི་ཇེ་མཐོར་གཏོང་བ། ཆུ་ལོག་འགོག་ཁུལ་འཛུགས་སྐྲུན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཉེན་ཁ་ཅན་གྱི་ཆུ་མཛོད་དང་ཉེན་ཁ་ཅན་གྱི་ཆུ་སྒོ་ཆེ་འབྲིང་སྲ་བརྟན་དུ་གཏོང་བ་དང་དེའི་ཉེན་ཁ་སེལ་བར་ཤུགས་སྣོན་པ། ཞིང་སའི་ཡུར་རྐ་ཉམས་གསོ་ལེགས་བཅོས་དང་། ཆུ་བོ་འབྲིང་ཆུང་དང་ཆུ་འཁྱིལ་གཤོངས་ས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། ཆུ་ལོག་གི་ཉེན་ཁ་དོ་དམ་ཚོད་འཛིན་དང་ཞོད་འགོག་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ། གནོད་འཚེ་ཐེབས་པའི་སྒྲིག་བཀོད་སླར་གསོ་དང་བསྐྱར་སྐྲུན་ལེགས་པོ་བྱེད་དགོས། བྱང་ཕྱོགས་ས་ཁུལ་གྱི་ཞོད་འགོག་ཞོད་སེལ་མ་ལག་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བཟོ་འགོད་འཛུགས་སྐྲུན་ཚད་གཞི་འོས་འཚམ་སྒོས་མཐོ་རུ་གཏོང་དགོས། ཐན་འགོག་གི་བྲེལ་བསྟུན་ཆུ་ཁུངས་བཟོ་སྐྲུན་དང་ཞིང་སའི་ཞོད་སེལ་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། གནོད་སྐྱོབ་འཕྲུལ་ཆས་བཀོད་སྒྲིག་དང་འཕྲལ་བསྟུན་བཀོལ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གནོད་འབུ་གཅིག་གྱུར་འགོག་བཅོས་བྱེད་པར་ཤུགས་བསྣན་ནས། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་མཉམ་འགོག་མཉམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་ཤུགས་སྣོན་དགོས།

(དྲུག)ཞིང་ལས་ཐོན་རྫས་ཉོ་ཚོང་དང་ཐོན་སྐྱེད་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ནང་འདྲེན་སྣ་མང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཞིང་ལས་ཁེ་ལས་གསོ་སྐྱོང་བྱེད་དགོས། ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་ལྐོག་འདྲེན་བྱེད་པར་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས། རྒྱལ་སྤྱིའི་འབྲུ་རིགས་དང་ཞིང་ལས་བཅོས་སྐྱོང་ཁྲོད་ཧུར་ཐག་གིས་ཞུགས་དགོས།

གཉིས་པ། རྒྱུན་རྣམ་ཅན་གྱི་གནད་འཁེལ་རོགས་སྐྱོར་ལག་བསྟར་བྱེད་དགོས།

(བདུན།)རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། “འགན་སྲུང་གསུམ”དང་འཐུང་ཆུའི་བདེ་འཇགས་འགན་སྲུང་ཆུ་ཚད་བརྟན་པོར་མཐོར་འདེགས་བཏང་ནས། གཞི་ཁྱོན་རང་བཞིན་གྱི་བསྐྱར་དབུལ་དང་དབུལ་འགྱུར་མི་འབྱུང་བའི་ཚད་མཐའ་བརྟན་པོར་བསྲུང་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་གཅིག་གྱུར་འཆར་འགོད་སྒོས་ལག་བསྟར་བྱེད་པའི་ཁྲོད་བཞག་སྟེ། ནོར་སྲིད་ཀྱིས་མ་དངུལ་གཏོང་བ་དང་དངུལ་རྩས་རྒྱབ་སྐྱོར་བྱེད་པ། ཐོན་ཁུངས་ཀྱི་གྲུབ་ཆ་བཀོད་སྒྲིག་བྱེད་པ་སོགས་ཕྱོགས་ཀྱི་སྲིད་ཇུས་སྤྱི་ཁྱབ་ནས་བརྟན་བརླིང་ཡིན་པ་སྲུང་འཛིན་བྱེད་དགོས། གསར་སྤེལ་རྣམ་པའི་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་ཀྱི་མཐིལ་བརྟོལ་འགན་སྲུང་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱིས་རོགས་སྐྱོར་སྲིད་ཇུས་མཐུན་སྦྱོར་འདུས་གྲུབ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་གྱི་གཞི་ཁྱོན་དང་། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་མ་དངུལ་གཏོང་བའི་གཞི་ཁྱོན་བརྟན་པོ་ཡོང་བ་སྲུང་འཛིན་བྱས་ཏེ། རྫོང་རིམ་པས་རོགས་སྐྱོར་ལས་འགན་ལ་གཞིགས་ནས་ལུགས་མཐུན་ངང་མ་དངུལ་བཀོད་སྒྲིག་བྱེད་ཆོག

(བརྒྱད།)རོགས་སྐྱོར་གྱི་གནད་ཁེལ་རང་བཞིན་དང་དུས་ཐོག་རང་བཞིན་ལ་ལྟ་ཞིབ་ཚད་ལེན་བྱེད་ཚད་མཐོར་འདེགས་གཏོང་དགོས། བསྐྱར་དབུལ་དང་དབུལ་འགྱུར་སྔོན་འགོག་བྱ་ཡུལ་ངོས་འཛིན་གྱི་ཚད་གཞི་འོས་འཚམ་སྒོས་གཏན་འབེབས་བྱས་ནས། ཚད་གཞི་ལེགས་སྒྲིག་གི་རྐྱེན་སྲོལ་ཚད་ལྡན་དུ་གཏོང་དགོས། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་ཏན་ཏིག་གིས་ལེགས་པོར་སྒྲུབ་པ་དང་། གནད་ཁེལ་དབྱེ་འབྱེད་དང་མགྱོགས་མྱུར་དང་ལེན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། སྔ་མོ་ནས་ཤེས་པ་དང་ཐེ་གཏོགས་དང་རོགས་སྐྱོར་བཅས་བྱེད་དགོས། བསྐྱར་དབུལ་དང་དབུལ་འགྱུར་སྔོན་འགོག་བྱ་ཡུལ་དང་ཞིང་སྡེའི་སྤྱི་ཚོགས་རོགས་སྐྱོབ་བྱ་ཡུལ་ལ་གཅིག་གྱུར་འཆར་འགོད་ཀྱིས་ལྟ་ཞིབ་ཚད་ལེན་དང་དབྱེ་འབྱེད་བྱས་ཏེ། གཏོང་ཡོང་གི་ཞིབ་རྩིས་ཚད་ལྡན་དུ་གཏོང་བ་དང་གཞི་གྲངས་མཉམ་སྤྱོད་ལ་ཤུགས་སྣོན་དགོས། བསྐྱར་དབུལ་དང་དབུལ་འགྱུར་སྔོན་འགོག་བྱ་ཡུལ་ལ་གནད་ཁེལ་རོགས་སྐྱོར་བྱེད་པ་དང་འགུལ་རྣམ་ལེགས་སྒྲིག་གི་བྱ་བ་ལེགས་པོར་བསྒྲུབ་དགོས། སྔོན་ཆད་ཀྱི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་མི་འབོར་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་དང་རང་ཉིད་འཕེལ་རྒྱས་གཏོང་བའི་ནུས་པར་ཕྱོགས་བསྡུས་གདེང་འཇོག་བྱས་ཏེ། ཕྱིར་འཐེན་གྱི་ཆ་རྐྱེན་དང་མཐུན་ན་གོ་རིམ་ལྡན་པའི་སྒོ་ནས་རོགས་སྐྱོར་ལས་ཕྱིར་འཐེན་པ་དང་། རོགས་སྐྱོར་སྲིད་ཇུས་དང་ཁ་བྲལ་ཚེ་བསྐྱར་དབུལ་འབྱུང་བའི་ཉེན་ཁ་ཡོད་ན་མུ་མཐུད་དུ་རོགས་སྐྱོར་བྱེད་དགོས།

(དགུ།)ཐོན་ལས་དང་ལས་ཞུགས་ཀྱི་རོགས་སྐྱོར་ཕན་འབྲས་མཐོ་རུ་གཏོང་དགོས། ཐོན་ལས་རོགས་སྐྱོར་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་དང་། ད་ཡོད་ཐོན་ལས་སྲ་བརྟན་དང་རིམ་སྤོར།  ལེགས་སྒྲིག་སོགས་ལ་རིགས་དགར་སྐུལ་འདེད་བཏང་ནས། ཚོང་རའི་འགྲན་རྩོད་ནུས་པ་ལྡན་པའི་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་ཐོན་ལས་འཕེལ་རྒྱས་ཀྱི་བསྡུར་ཚད་ལྟར་སྤྱོད་པ་དང་། ཞིང་ཆེན་རིམ་པའི་གཞི་རྩའི་བརྟན་བརླིང་སྲུང་འཛིན་བྱས་ཏེ། རྫོང་རིམ་པས་བླང་བྱ་གང་འཚམ་སྒོས་ལག་བསྟར་བྱེད་ཆོག ཐོན་ལས་རོགས་སྐྱོར་གྱི་དུད་ཚང་ལ་བྱ་དགའ་དང་ཁ་གསབ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། བསྐྱར་དབུལ་དང་དབུལ་འགྱུར་སྔོན་འགོག་བྱ་ཡུལ་གྱི་ཚོང་གཉེར་ཡོང་འབབ་འཕར་བར་རྒྱབ་སྐྱོར་བྱེད་དགོས། རོགས་སྐྱོར་ལས་གཞིའི་རྒྱུ་ནོར་ལ་རྒྱུན་རྣམ་ཅན་དུ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ནན་འགེལ་བྱེད་པ་དང་། རྒྱལ་དབང་རྒྱུ་ནོར་དང་ཞིང་སྡེའི་ཐུན་མོང་རྒྱུ་ནོར་ལྟ་སྐུལ་དོ་དམ་བྱེད་པའི་མ་ལག་ཁྲོད་རིགས་དགར་ནས་བཅུག་སྟེ། ཕན་འབྲས་དམའ་ཞིང་བེད་མེད་དུ་བསྐྱུར་ཡོད་པའི་རྒྱུ་ནོར་བེད་སྤྱོད་གང་ལེགས་བྱེད་པར་ཤུགས་སྣོན་དགོས། ལས་ཞུགས་རོགས་སྐྱོར་ཇེ་དྲག་ཏུ་བཏང་སྟེ། རྩ་འཛུགས་ཡོད་པའི་རྩོལ་པོ་ཕྱིར་གཏོང་གི་བྱ་བ་ལེགས་པོར་སྒྲུབ་པ་དང་། ལས་ཞུགས་རོགས་སྐྱོར་གྱི་ཐོན་སྐྱེད་འཁོར་ཁང་དང་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་སོགས་ལས་ཞུགས་ཀྱི་ཐབས་ལམ་ལེགས་པོར་སྤྱོད་དགོས། གཞན་ཡུལ་ལ་གནས་སྤར་རྗེས་ཀྱི་རྗེས་མཐུད་རོགས་སྐྱོར་བྱ་བ་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས།

(བཅུ།)རིམ་པ་དང་རིགས་དགར་ནས་དར་རྒྱས་ཞན་པའི་ས་ཁུལ་ལ་རོགས་སྐྱོར་བྱེད་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་གཙོ་གནད་རྫོང་སོ་སོར་གཏན་འཁེལ་བྱས་ཏེ། རྒྱབ་སྐྱོར་སྲིད་ཇུས་དང་སྐུལ་སློང་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གནས་ཚུལ་ལ་སྡོམ་རྩིས་དང་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་དགོས། ས་ཁོངས་རང་བཞིན་དང་ས་ཁོངས་ལས་བརྒལ་བའི་རྨང་གཞིའི་སྒྲིག་ཆས་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། སྨན་བཅོས་དང་སློབ་གསོའི་ལས་བྱེད་པ་དང་འཇོན་མིའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་དང་ཚན་རྩལ་ཆེད་མངགས་ཚོགས་པ་འདེམས་མངགས་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཀྲུང་དབྱང་ལས་ཁུངས་ཀྱི་གནས་གཏན་འཁེལ་བྱས་པའི་ཆ་སྒྲིག་རོགས་སྐྱོར་འབྲེལ་བ་ལེགས་སྒྲིག་དང་ཇེ་ལེགས་སུ་བཏང་ནས། དཔྱད་ཞིབ་གདེང་འཇོག་གི་བྱེད་ཐབས་ལེགས་བཅོས་བྱེད་དགོས། སྡེ་སྡོད་རོགས་སྐྱོར་རྒྱུན་རྣམ་ཅན་དུ་སྤེལ་ནས། སྡེ་སྡོད་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་འདེམས་མངགས་ཀྱི་དོ་དམ་རྐྱེན་སྲོལ་ཇེ་ལེགས་སུ་གཏོང་དགོས།

གསུམ་པ། ཞིང་པའི་ཡོང་སྒོ་བརྟན་བརླིང་ངང་འཕར་བར་ཧུར་ཐག་གིས་ཡར་སྐུལ་བྱེད་དགོས།

(བཅུ་གཅིག)ཞིང་པའི་ཞིང་ལས་གཉེར་ཞིང་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་སྲུང་སྐྱོང་དང་སྐུལ་སློང་བྱེད་དགོས། རིན་གོང་དང་ཁ་གསབ་དང་འགན་བཅོལ་སོགས་ཀྱི་སྲིད་ཇུས་རྒྱབ་སྐྱོར་དང་མཐུན་སྦྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་སྲུང་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་ཚོང་རའི་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་དང་ཆ་འཕྲིན་ཁྱབ་སྒྲོག་བྱེད་པར་ཤུགས་སྣོན་པ་དང་། ཚོང་ར་ཅན་གྱི་ཉོ་སྒྲུབ་དང་སྲིད་ཇུས་རང་བཞིན་གྱི་གསོག་ཉར་བྱ་བ་ལེགས་པོར་སྒྲུབ་པར་གཅིག་གྱུར་འཆར་འགོད་བྱས་ཏེ། འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་རིན་གོང་འོས་འཚམ་གྱི་ཆུ་ཚད་དུ་སྲུང་འཛིན་བྱེད་པར་ཡར་སྐུལ་བྱེད་དགོས། འབྲས་དང་གྲོའི་ཆེས་དམའ་བའི་ཉོ་སྒྲུབ་རིན་གོང་འོས་འཚམ་གྱིས་གཏན་འབེབས་དང་། སྲིང་བལ་གྱི་དམིགས་འཛུགས་རིན་གོང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་འདེབས་མཁན་གྱི་ཁ་གསབ། འབྲས་ཀྱི་ཁ་གསབ་བཅས་ཀྱི་སྲིད་ཇུས་བརྟན་བརླིང་སྒོས་ལག་བསྟར་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཏེ། འཕྲུལ་ཆས་ལེགས་པོར་སྤྱོད་པ་དང་ཁ་གསབ་ལེགས་པོར་སྟེར་བར་སྐུལ་འདེད་བཏང་ནས། ཕྲེང་འབྲེལ་ཧྲིལ་པོར་རྒྱུན་རྣམ་ཅན་དུ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས། འབྲས་དང་གྲོ། མ་རྨོས་ལོ་ཏོག སྲན་ཆེན་བཅས་ལ་འགན་བཅོལ་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་འགན་བཅོལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། འགན་བཅོལ་གྱིས་སྐྱིན་ཚབ་འཇལ་བའི་ལས་ཕྱོད་མཐོར་འདེགས་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་དུས་ཟོང་ཚོང་རའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ས་གནས་ཀྱིས་འབྲུ་སྣུམ་འདེབས་འཛུགས་ཆེད་དམིགས་དངུལ་བུན་གྱི་སྐྱེད་ཀ་ཁ་གསབ་ཚོད་ལྟ་སྤེལ་བར་སྐུལ་སློང་བྱེད་དགོས། ཞིང་ལས་ཁེ་ལས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ལས་སྣོན་ཐོན་ནུས་ལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱེད་པར་སྣེ་ཁྲིད་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ཚོང་ཁུལ་གྱི་ཞིང་ཆེན་བར་གྱི་ཁེ་ཕན་ཁ་གསབ་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཏེ། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ནོར་ཤུགས་ཁ་གསབ་དང་འབྲུ་རིགས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

(བཅུ་གཉིས།)རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་གསོ་སྐྱོང་དང་རྒྱ་བསྐྱེད་དགོས། ཚན་རྩལ་ཞིང་ལས་དང་ལྗང་མདོག་ཞིང་ལས། སྤུས་ཚད་ཞིང་ལས། ཟོང་རྟགས་ཞིང་ལས་བཅས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཞིང་ལས་ཀྱི་བྱེད་ནུས་སྣ་མང་གསར་སྤེལ་བྱས་ཏེ། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ།  གསུམ་པ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་ཕན་མཐོ་འདེབས་གསོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ལེགས་ལས་སྣོན་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཀྱི་སྤུས་ལེགས་ཟོང་རྟགས་གསོ་སྐྱོང་བྱས་ནས་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོའི་གསར་སྤེལ་ལ་ཡར་སྐུལ་བྱེད་དགོས། ཞིང་སྡེའི་གློག་རྡུལ་ཚོང་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་རིམ་ལག་བསྟར་བྱས་ཏེ། གློག་རྡུལ་ཚོང་དོན་གྱི་སྟེགས་བུ་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། ཐོན་ཡུལ་གྱི་འཁྱགས་ཉར་དང་མཛོད་ཁང་ནས་སོས་འཛིན། རིགས་དབྱེ་ལས་སྣོན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ལས་ཐོན་རྫས་ཀྱི་ཐད་གཏོང་ཚོང་གཉེར་ཚད་ལྡན་དུ་གཏོང་དགོས། ཞིང་ལས་དང་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་གསེབ་ཡུལ་སྐོར་གྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་ནས། “ཆུང་ཞིང་མཛེས་པའི”རིག་གནས་ཡུལ་སྐོར་གྱི་ལས་རྣམ་འཕེལ་རྒྱས་གཏོང་དགོས། ནགས་རྩྭ་ཐོན་ལས་ཧུར་བརྩོན་གྱིས་འཕེལ་རྒྱས་བཏང་སྟེ། ནགས་འདབས་དཔལ་འབྱོར་དང་ནགས་ཚལ་ཁམས་གསོ་སོགས་ཀྱི་ལས་རྣམ་གསོ་སྐྱོང་དང་རྒྱ་བསྐྱེད་དགོས། དར་གོས་ཐོན་ལས་ས་ཁོངས་ཀྱི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་དགོས། སོ་སོའི་ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ། ཁེ་ལས་འབྲིང་ཆུང་གིས་ཁྱད་ཆོས་ལྡན་པའི་ཐོན་ལས་འདུས་ཚོགས་གསོ་སྐྱོང་བྱས་ནས། ལས་དར་རྫོང་སྟོབས་དམངས་ཕྱུག་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་པ་ཐོན་ལས་འཕེལ་རྒྱས་ནང་ཞུགས་པའི་ཐབས་ལམ་དང་བྱེད་སྟངས་རྒྱ་བསྐྱེད་པ་དང་། དྲང་གཞག་སྒོས་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། རྣམ་པ་གསར་པའི་ཞིང་ལས་གཉེར་སྐྱོང་གཙོ་གཞིས་ཞིང་པའི་ཡོང་འབབ་འཕར་ཞིང་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱེད་དགོས། ཐོན་ལས་ཀྱི་ལས་གཞིར་གཅིག་གྱུར་འཆར་འགོད་བྱེད་པ་དང་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་ནས། རིན་གོང་འུར་སྤོར་དང་འཕར་ཆག་ཆེ་བའི་སྣང་ཚུལ་ལ་གཡོལ་དགོས། ཞིང་ཆེན་རིམ་པའི་ཞིང་ལས་དང་འབྲེལ་ཡོད་ཐོན་ལས་ཀྱི་སྡོམ་རྩིས་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས།

(བཅུ་གསུམ།)ཞིང་པ་ཞོར་ལས་པའི་ལས་ཞུགས་བརྟན་པོ་ཡོང་བར་ཡར་སྐུལ་བྱེད་དགོས། ཞིང་པ་ཞོར་ལས་པའི་ལས་རྐང་བརྟན་པའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཏེ། གཙོ་གནད་ལས་རིགས་དང་ཁེ་ལས་གཙོ་བོའི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལས་རྐང་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་དགོས། གཞི་ཁྱོན་ཆེན་པོའི་ལས་རིགས་རྩལ་ནུས་སྐྱེད་སྲིང་ལག་བསྟར་བྱས་ཏེ། སྐྱེད་སྲིང་གི་ལས་གཞི་དང་ལས་རྐང་གི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་མཐུན་སྦྱོར་ཡོང་བར་ཡར་སྐུལ་བྱེད་དགོས། གཞན་ཡུལ་དུ་རྩོལ་ལས་བྱེད་མཁན་ལ་འགན་སྲུང་ཞབས་འདེགས་ཞུ་བ་དང་། ཕ་ཡུལ་དུ་ལོག་ནས་ལས་ཞུགས་ལས་གཏོད་བྱེད་པར་རོགས་རམ་གང་ལེགས་བྱེད་པ། ལོ་ན་རྒན་པའི་ཞིང་པ་ཞོར་ལས་པ་རྣམས་ལ་གཅེས་སྐྱོང་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་པ་ཞོར་ལས་པའི་གླ་ཕོགས་གཏོང་སྤྲོད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གླ་ཕོགས་ཆད་འགྱངས་བྱེད་པར་དག་ཐེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་བཟོ་བོ་གསོ་སྐྱོང་བྱེད་པའི་བཟོ་འགོད་ལ་སྐུལ་འདེད་གཏོང་དགོས། ཕོགས་ཚབ་ལས་སྤྲོད་ཀྱི་ལས་གཞིའི་ཁེབས་རྒྱ་དང་འཛུགས་སྐྲུན་ཁྱབ་ཁོངས། ངལ་རྩོལ་པའི་གླ་ཕོགས་གཏོང་སྤྲོད་བཅས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་ནས། འགན་གཙང་ལེན་གང་འཚམ་བྱེད་པར་བརྟེན་ནས་ཞིང་སྡེ་དང་གཞི་རིམ་གྱིས་རང་བདག་གིས་ལས་གཞི་ལག་བསྟར་བྱེད་པར་སྐུལ་སློང་བྱེད་དགོས། སྟབས་བསྟུན་གྱི་ལས་ཞུགས་མི་སྣ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པར་སྐུལ་འདེད་གཏོང་བ་དང་། རྣམ་པ་གསར་པའི་ལས་ཞུགས་མི་སྣར་ལས་རིགས་རྨས་སྐྱོན་གྱི་འགན་སྲུང་བྱེད་པའི་ཚོད་ལྟ་རྒྱ་བསྐྱེད་དགོས།

(བཅུ་བཞི།)བྱེད་ཐབས་མང་པོ་མཉམ་སྤེལ་བྱས་ནས་གྲོང་གསེབ་ཀྱི་འཛད་སྤྱོད་རྒྱ་བསྐྱེད་དགོས། གྲོང་གསེབ་འཛད་སྤྱོད་རྒྱ་བསྐྱེད་རིམ་སྤོར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། འཛད་སྤྱོད་སྒྲིག་ཆས་དང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ལོ་ལེགས་ཀྱི་ཚོང་འདུས་དང་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་། སྤྲོ་གསེང་སྒར་གནས་སོགས་ཀྱི་འཛད་སྤྱོད་ལས་རྣམ་གསར་པ་དང་རྣམ་པ་གསར་པ། སྣང་ཡུལ་གསར་པ་བཅས་གསོ་སྐྱོང་བྱེད་དགོས། རྫོང་དང་ཞང་། སྡེ་བ་བཅས་ཀྱི་འཁོར་རྒྱུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གསར་སྒྱུར་ལ་རྒྱབ་སྐྱོར་བྱས་ཏེ། ཞིང་སྡེ་དང་མཐའ་འཁོབ་ས་ཁུལ་གྱི་ཉོ་འཚོང་འཁོར་རྒྱུག་གི་མ་རྩ་ཉུང་གཏོང་དང་ཕན་འབྲས་འཕར་བར་ཡར་སྐུལ་བྱེད་དགོས། ནུས་ཁུངས་གསར་པའི་རླངས་འཁོར་དང་རིག་ནུས་ཁྱིམ་ཆས། ལྗང་མདོག་རྒྱུ་ཆ་བཅས་གཞི་རིམ་དུ་ཐོན་པར་རྒྱབ་སྐྱོར་བྱས་ཏེ། ཞིང་སྡེའི་གློག་ཆས་དང་ཁྱིམ་ཆས་རྙིང་པ་སོགས་ཀྱི་བསྐྱར་བཀོལ་ཐོན་ཁུངས་ཕྱིར་སྡུད་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། རྫུན་རྫུས་ཞན་གསུམ་གྱི་ཚོང་རྫས་ཞིང་སྡེ་ས་ཁུལ་དུ་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས།

བཞི་པ། ཡུལ་བབ་དང་བསྟུན་ནས་སྡོད་འཚམ་ལས་འཚམ་གྱི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

(བཅོ་ལྔ།)གྲོང་གསེབ་ཀྱི་རྒྱལ་ཁོངས་བར་སྟོང་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ཀྱིས་ཇེ་ལེགས་སུ་གཏོང་དགོས། མི་འབོར་འགྱུར་ལྡོག་གི་འཕེལ་ཕྱོགས་དང་འཚམ་པ་དང་། གཙོ་གཞིའི་བྱེད་ནུས་ཀྱི་གནས་མཚམས་ལ་གཞི་ཚུགས་པ། རང་བྱུང་གནོད་འཚེའི་སྔོན་འགོག་དང་ཟུང་འབྲེལ་བྱེད་པ། སྡེ་བ་དང་གྲོང་རྡལ་གྱི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ཀྱིས་ཇེ་ལེགས་སུ་གཏོང་བ་དང་། གྲོང་ཚོའི་འཆར་འགོད་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། འཛུགས་སྐྲུན་གྱི་གཙོ་གནད་དང་དམིགས་བསལ་གོ་རིམ་ལུགས་མཐུན་སྒོས་གཏན་འཁེལ་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་འཛུགས་སྐྲུན་ལག་བསྟར་ རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིགས་དགར་དང་གོ་རིམ་ལྡན་པ། དུམ་ཁུལ་ཅན་བཅས་ཀྱི་སྒོ་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་ཚང་ཚད་དང་སྤྱི་པའི་ཞབས་ཞུའི་སྟབས་བདེ་ཚད། མི་སྡོད་ཁོར་ཡུག་གི་སྐྱིད་སྣང་ལྡན་པའི་ཚད་བཅས་རིམ་བཞིན་མཐོ་རུ་གཏོང་བ། གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་གྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱེད་པ་བཅས་ཀྱིས་གྲོང་གསེབ་ཀྱི་སྤུས་ལེགས་འཚོ་བའི་བར་སྟོང་གཏོད་དགོས། རྫོང་ཁོངས་ཀྱི་རྒྱལ་ཁོངས་བར་སྟོང་བཅོས་སྐྱོང་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་། རྨོ་ཞིང་གི་གྲངས་འབོར་ཉུང་དུ་མི་འགྲོ་བ་དང་སྤུས་ཚད་མཐོ་རུ་འགྲོ་བ། སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བ་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག མངའ་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་བརྟན་པོའི་ངང་སྤེལ་བ། ས་ཞིང་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་འཕེལ་རྒྱས་གཏོང་བར་སྤྱོད་པའི་ས་ཞིང་རིགས་དགར་ནས་འགན་སྲུང་བྱེད་དགོས། མཐའ་མཚམས་ས་ཁུལ་གྱི་མཁར་གྲོང་དང་གྲོང་ཚོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས།

(བཅུ་དྲུག)གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཆུ་འདྲེན་བཟོ་སྐྲུན་ཆུང་གྲས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ཆུ་ཚད་རིགས་དགར་ནས་མཐོ་རུ་བཏང་སྟེ། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་གྲོང་གསེབ་ཀྱི་ཆུ་འདོན་ཐད་རྫོང་ཁོངས་ཀྱི་གཅིག་གྱུར་དོ་དམ་དང་ཆེད་ལས་ཅན་གྱི་དོ་དམ་སྲུང་སྐྱོང་བྱེད་ཐབས་ཁྱབ་སྤེལ་བཏང་ཆོག གྲོང་གསེབ་ཀྱི་གློག་དྲའི་གློག་འདོན་འགན་སྲུང་དང་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ་དང་། གྲོང་གསེབ་ཀྱི་གློག་གསོག་སྒྲིག་བཀོད་ཀྱི་ཁྱབ་རྒྱ་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་གཞུང་ལམ་རྙིང་པ་བསྒྱུར་བཀོད་དང་། གཞུང་ལམ་དོག་མོ་རྒྱ་བསྐྱེད་པ། ལམ་མི་བདེ་བ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ནས། བདེ་འཇགས་འགོག་སྲུང་གི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གྲོང་གསེབ་ཀྱི་ཟོང་སྐྱེལ་སྒྲིག་ཆས་མཉམ་སྐྲུན་མཉམ་སྤྱོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་ཀྱི་འགྲུལ་པ་དང་ཟོང་འགྲུལ་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མཉམ་དུ་སྡེབ་སྐྱེལ་བྱེད་པ་ཁྱབ་སྤེལ་གཏོང་བ། མྱུར་སྐྱེལ་གྲོང་ཚོར་དར་བ་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་ཀྱི་འགྲུལ་སྐྱེལ་བརྟན་འཇགས་ངང་འཁོར་སྐྱོད་བྱེད་པའི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ཉེན་ཁ་ཅན་གྱི་ཁང་པ་བསྒྱུར་བཀོད་བྱ་བ་མུ་མཐུད་དུ་ལག་བསྟར་བྱས་ཏེ། དེང་རབས་ཀྱི་གཞིས་སྡོད་ལ་འཚམ་པའི་ཞིང་གྲོང་གི་ཁང་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གྲངས་འཛིན་གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱས་ནས། གྲོང་གསེབ་དང་ཐག་རིང་ས་ཁུལ་གྱི་དྲ་རྒྱའི་ཁེབས་ཚད་མཐོ་རུ་གཏོང་དགོས།  ནགས་ཁུལ་དང་གསར་སྦོལ་ཁུལ། འབྲོག་ཁུལ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྫོང་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་གྱི་འཆར་འགོད་འཛུགས་སྐྲུན་དང་བདག་སྐྱོང་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་བདག་སྐྱོང་གི་ཡུན་ཕན་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

(བཅུ་བདུན།)རྫོང་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ལ་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་སྣོན་དགོས། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་དང་བྱིས་གཉོར་ཁང་བཀོད་སྒྲིག་བརྟན་པོ་དང་གཟབ་ནན་གྱིས་ཇེ་ལེགས་སུ་གཏོང་བ་དང་། དགོས་ངེས་ཡོད་པའི་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་དང་བྱིས་གཉོར་ཁང་སོར་འཇོག་བྱས་ནས་ལེགས་པོར་གཉེར་བ། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་དཀྱུས་མ་དར་རྒྱས་གཏོང་བའི་འགུལ་སྐྱོད་འཆར་གཞི་ལག་བསྟར་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རྫོང་ཁོངས་ཀྱི་དགེ་རྒན་དཔུང་སྡེ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པར་ཤུགས་སྣོན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭས་དྲ་ཐོག་ནས་སྤུས་ལེགས་སློབ་ཐུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཕྱོགས་བསྡུས་ཇུས་བསྟར་སྒོས་ཞིང་སྡེའི་བྱོལ་འགོག་སློབ་སྲུང་གི་ཤུགས་ཚད་ཆེ་རུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་རྨང་བརྟན་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། རྫོང་རིམ་པའི་སྨན་ཁང་དང་གཙོ་གནད་ལྟེ་གནས་ཀྱི་ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རྫོང་དང་ཁུལ་དང་གཞི་རིམ་གྱི་སྨན་བཅོས་ལས་ཁུངས་ཀྱི་འཁོར་སྐྱོད་འགན་སྲུང་ལ་ཤུགས་སྣོན་པ་བཅས་བྱེད་དགོས། དམ་ཚགས་ཅན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པས་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་རྫས་ཉོ་སྒྲུབ་དང་སྡེབ་སྦྱོར། བེད་སྤྱོད་བཅས་ཀྱི་ཁྱབ་ཁོངས་ལུགས་མཐུན་ངང་རྒྱ་བསྐྱེད་དགོས། གྲོང་གསེབ་ཀྱི་སྡོད་དམངས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། བསྟུད་མར་འགན་སྲུང་ནང་ཞུགས་པའི་སྐུལ་ལྕག་དང་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྨན་བཅོས་འགན་སྲུང་ཐེབས་རྩ་རྫོང་ཞང་སྡེ་གསུམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་སྤྱོད་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། སློབ་ཆེན་སློབ་མ་གྲོང་གསེབ་སྨན་པ་བྱེད་པའི་ཆེད་དམིགས་འཆར་གཞི་ལག་བསྟར་བྱེད་དགོས། ཁྱིམ་དུ་རྒན་གསོ་བྱ་རྒྱུ་རྨང་གཞི་བྱས་ཏེ། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་ཟ་མའི་རོགས་རམ་ཞབས་ཞུ་དང་ཉིན་མོའི་ལྟ་སྐྱོང་། བདེ་ཐང་བདག་སྐྱོང་སོགས་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་དགོས། རྫོང་དང་ཞང་གི་ཀུན་ཕན་བཅོལ་སྐྱོང་ཞབས་ཞུ་འཕེལ་རྒྱས་གཏོང་དགོས། གྲོང་གསེབ་ཀྱི་མ་མཐའི་འགན་སྲུང་གི་ཚད་གཞི་གཏན་འཁེལ་དང་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྱད་དབུལ་མི་སྣའི་རོགས་སྐྱོར་དང་གསོ་སྐྱོང་ལམ་ལུགས་ལེགས་བསྒྱུར་བྱེད་པ། གནས་སྐབས་རོགས་སྐྱོར་གྱི་གོ་ཆོད་རང་བཞིན་དང་འཕྲོད་མཐུན་རང་བཞིན་ཆེ་རུ་གཏོང་དགོས། ལས་བྱེད་པས་འགན་ལེན་དང་། དང་བླངས་ཞབས་ཞུ། གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གྲོང་གསེབ་ཀྱི་ཁེར་སྡོད་རྒན་རྒོན་དང་གཞིས་ལུས་བྱིས་པ། དཀའ་ངལ་ཡོད་པའི་བྱིས་པ། དབང་པོ་སྐྱོན་ཅན། སེམས་ཁམས་འགོག་རྐྱེན་ཡོད་པའི་མི་སྣ་སོགས་ལ་འཚམས་འདྲི་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ་དངོས་ཡོད་ཀྱི་དཀའ་ངལ་ཐག་གཅོད་རོགས་བྱེད་དགོས།

(བཅོ་བརྒྱད།)གྲོང་གསེབ་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་དང་མཐོར་འདེགས་གཏོང་བ་དང་། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་གྲོང་གསེབ་ཀྱི་གསང་སྤྱོད་ཁང་བཟོ་བཅོས་དང་། གད་སྙིགས་སྤུངས་པ་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱས་ཏེ། གྲོང་གསེབ་ཀྱི་གསང་སྤྱོད་ཁང་ལ་སྤྱི་ཚོགས་ཅན་གྱི་བདག་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཚོའི་རྣམ་པ་ལེགས་བསྒྱུར་བྱས་ནས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་སྟངས་འདེམས་པ་དང་། ཕན་འབྲས་དམའ་བ་དང་ནུས་མེད་ཀྱི་བཙོག་ཆུ་གཙང་སེལ་སྒྲིག་ཆས་ལེགས་བསྒྱུར་ལེགས་སྒྲིག་བྱས་ཏེ། གྲོང་གསེབ་ཀྱི་ཆུ་རྙོག་དྲི་ངན་ཅན་གང་མགྱོགས་ཀྱིས་མེད་པར་བཟོ་དགོས། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་འབྱུང་ཁུངས་ཉུང་དུ་གཏོང་བར་སྐུལ་འདེད་བཏང་ནས། བསྡུ་ལེན་དང་སྐྱེལ་འདྲེན། ཐག་གཅོད་བཅས་རྒྱུན་ལྡན་ཅན་གྱི་སྒོ་ནས་འཁོར་སྐྱོད་བྱེད་པའི་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ལྗང་མདོག་ཐོན་སྐྱེད་དང་ཆུ་གྲོན་ཆུང་བྱེད་པའི་ཆུ་འདྲེན་ལག་རྩལ་ཁྱབ་སྤེལ་བཏང་ནས། སྐྱེ་ཁམས་ཐཱན་དམའ་ཞིང་ལས་འཕེལ་རྒྱས་གཏོང་དགོས། ཞིང་ལས་དང་ཞིང་སྡེའི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཀྱི་སྦགས་བཙོག་མངོན་གསལ་དོད་པའི་ས་ཁོངས་མ་ལག་དང་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ས་རྒྱུ་ལ་ཐེབས་པའི་ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་འབྱུང་ཁུངས་རྗེས་འདེད་དང་བཅོས་སྐྱོང་བྱས་ཏེ། སྦགས་བཙོག་ཐེབས་པའི་རྨོ་ཞིང་བདེ་འཇགས་ངང་བེད་སྤྱོད་པར་སྐུལ་འདེད་གཏོང་བ། ཕྱུགས་རིགས་དང་ཁྱིམ་བྱ་གསོ་སྤེལ་ལས་བྱུང་བའི་སྦགས་བཙོག་དང་མཚོ་ཆུའི་གསོ་སྤེལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། སོག་མ་ཕྱོགས་བསྡུས་བེད་སྤྱོད་ནུས་པ་ཆེ་རུ་གཏོང་དགོས། གཙང་པོ་དང་ཆུ་བོ། མཚེའུ་དང་ཆུ་མཛོད་གལ་ཆེན་གྱི་མ་ལག་བཅོས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་འབབ་རྒྱུད་དང་ས་ཁོངས་ཀྱི་ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ལོ་བཅུའི་རིང་འབྲི་ཆུའི་ནང་དུ་ཉ་འཛིན་མི་ཆོག་པ་བློ་བརྟན་འགྱུར་མེད་ངང་ལེགས་པོར་བསྒྲུབ་དགོས། ཕྱི་ཡོང་སྲོག་ཆགས་དང་རྩི་ཤིང་གི་རིམས་བཤེར་དང་ཕྱི་ཡོང་སྐྱེ་དངོས་རིགས་སྔོན་འགོག་ཚོད་འཛིན་བྱེད་པར་ཤུགས་སྣོན་དགོས། “བྱང་གསུམ”བཟོ་སྐྲུན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཕོགས་ཚབ་ལས་སྤྲོད་སོགས་ཀྱི་ལས་གཞི་ལག་བསྟར་བྱེད་སྟངས་ཁྱབ་གདལ་བཏང་སྟེ། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་གི་རེས་སྐོར་བཞི་པའི་ཁ་གསབ་བྱ་དགའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

(བཅུ་དགུ།)དཔལ་ཡོན་ལྡན་པའི་ཡུལ་སྲོལ་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་དགོས། གྲོང་གསེབ་ཀྱི་བསམ་བློ་དང་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ། མང་ཚོགས་རང་བཞིན་གྱི་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་དགོས། དཔལ་ཡོན་གསོ་སྐྱོང་དང་དཔལ་ཡོན་ལག་ལེན། དཔལ་ཡོན་གསར་གཏོད་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། ཡར་ཕྱོགས་དང་བཟང་ཕྱོགས་ཀྱི་གྲོང་གསེབ་ཀུན་སྤྱོད་ལུགས་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། “རིག་རྩལ་གྱིས་བརྒྱན་པའི་གྲོང་གསེབ”འཛུགས་སྤེལ་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་རིག་གནས་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། གྲོང་གསེབ་ཀྱི་རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་རིག་དངོས་དང་སྲོལ་རྒྱུན་གྲོང་ཚོ། མངོན་མིན་རིག་གནས་ཤུལ་བཞག་བཅས་ལ་བརྟག་དཔྱད་སྲུང་སྐྱོང་བྱེད་པར་ཤུགས་བསྣན་ནས། སྡེ་མི་གཙོ་བོ་ཡིན་པའི་སྲུང་སྐྱོང་ལག་བསྟར་རྐྱེན་སྲོལ་འཛུགས་དགོས། གྲོང་གསེབ་ཀྱི་གོམས་སྲོལ་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་པ་དང་སྡེ་སྲོལ་དམངས་ཆིངས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། གློད་སྡོམ་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་ཀྱི་སྒོ་ནས་གནད་དོན་མངོན་གསལ་སྒོས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སློང་རྟེན་མཐོ་བ་རྒྱུན་མཐུད་ངང་བཅོས་སྐྱོང་བྱས་ཏེ། ཞིང་ཆེན་བར་གྱི་ཁྱིམ་མཚེས་ས་ཁུལ་མཉམ་འགུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡང་དག་པའི་གཉེན་སྒྲིག་གི་ལྟ་བ་དང་བུ་བཙའི་ལྟ་བ། ཁྱིམ་ཚང་གི་ལྟ་བ་བཅས་འཛུགས་པར་ཁྲིད་སྟོན་བྱས་ཏེ། སྟབས་བདེ་དང་དཔལ་ཡོན་ལྡན་པའི་གཉེན་སྒྲིག་གོམས་སྲོལ་རིག་གནས་གསོ་སྐྱོང་བྱེད་དགོས། གྲོང་གསེབ་ཀྱི་དུར་འཇུག་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་དུར་ས་འཛུགས་སྐྲུན་དང་ཚད་ལྡན་དོ་དམ་བྱེད་པར་སྐུལ་འདེད་གཏོང་དགོས།

(ཉི་ཤུ།)བདེ་འཇགས་དང་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། འགལ་བ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་བདེ་འཇགས་ཁྱོན་ཡོངས་ནས་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནག་འཇོམས་ངན་སེལ་རྒྱུན་རྣམ་ཅན་གྱིས་སྤེལ་ཏེ། “གྲོང་ཚོའི་གཤེད་མ”དང་ཁྱིམ་རྒྱུད་དང་རུས་རྒྱུད་ཀྱི་ནག་ཚོགས་སྟོབས་ཤུགས་སྐྱེ་འཕེལ་བྱེད་པ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། མེས་པོའི་མཆོད་ཁང་གི་བྱེད་སྒོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་ཆགས་སྲེད་དང་རྒྱན་འཇོག་པ། དུག་འཐེན་པ། བུད་མེད་དང་བྱིས་པའི་ཁེ་དབང་དང་དབང་པོ་སྐྱོན་ཅན་གྱི་མི་ལུས་ཁེ་དབང་ལ་གནོད་འཚེ་གཏོང་བ། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར། ཁྲིམས་འགལ་དངུལ་རྩའི་བྱེད་སྒོ་སོགས་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏིང་ཟབ་གཏོང་དགོས། ནར་མ་སོན་པའི་བྱིས་པའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་ཆོས་ལུགས་ལས་དོན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་དང་ཞིང་སྡེའི་བཅའ་ཁྲིམས་ཚད་ལྡན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དགོས། གྲོང་གསེབ་དར་སྤེལ་གྱི་སྐུལ་འདེད་བཅའ་ཁྲིམས་དོན་འཁྱོལ་གཏིང་ཟབ་བྱེད་དགོས། ཞིང་སྡེའི་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་བཅོས་སྐྱོང་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོར་སྒྲུབ་པ་དང་། འགྲོ་ལམ་འགྲིམ་འགྲུལ་དང་། ཚད་ཡོད་བར་སྟོང་། འབར་རླངས། མེ་གསོད། ཁང་པ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་འགོག་སེལ་བྱེད་པ། ཆུར་བྱིང་བ་སོགས་ཉེན་ཁ་དང་འབྲེལ་བའི་བདེ་འཇགས་འགོག་སྲུང་དང་བྲེལ་བསྟུན་རོགས་སྐྱོབ་ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱ་མཚོའི་ཉ་གྲུ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དམིགས་དག་ཐེར་སྤེལ་དགོས།

ལྔ་པ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

(ཉེར་གཅིག) དེང་རབས་ཀྱི་ཞིང་ལས་གཉེར་སྐྱོང་མ་ལག་གང་མགྱོགས་ཀྱིས་འཐུས་ཚང་དུ་གཏོང་དགོས། སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་དུས་ཡུན་ཐོན་རྗེས་ཡང་བསྐྱར་ལོ་སུམ་ཅུ་ཡུན་བསྲིངས་བྱས་ཏེ་ཞིང་ཆེན་ཧྲིལ་པོར་ཕྱོགས་ཡོངས་ནས་ཚོད་ལྟ་བྱེད་པ་དང་། འགན་གཙང་ལེན་ཡུན་བསྲིངས་ཁྲོད་ཀྱི་འགལ་བ་དང་རྩོད་གླེང་འོས་འཚམ་གྱིས་ཐག་བཅད་དེ། ཞིང་ཁྱིམ་མང་ཆེ་ཤོས་ཀྱི་སྔར་ཡོད་འགན་གཙང་ལེན་ས་ཞིང་བརྟན་པོའི་ངང་རྒྱུན་སྲུང་དང་བདེ་བླག་ངང་འགན་གཙང་ལེན་ཡུན་བསྲིངས་བར་ཁག་ཐེག་བྱེད་དགོས། ས་ཞིང་འགན་གཙང་ལེན་གྱི་གཉེར་སྐྱོང་དབང་ཆ་འཁོར་རྒྱུག་ཚད་ལྡན་དུ་བཏང་ནས། དུས་ཡུན་རིང་པོར་རྒྱ་ཁྱོན་ཆེན་པོས་འཁོར་རྒྱུག་བྱེད་པའི་ས་ཞིང་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་དགོས། ཁྱིམ་ཚང་ཞིང་རའི་ཐོན་སྐྱེད་གཉེར་སྐྱོང་ནུས་པ་ཇེ་མཐོར་བཏང་ནས། ཞིང་པའི་མཉམ་ལས་ཁང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས་ལ། དེང་རབས་ཞིང་དོན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྟབས་བདེ་ཕན་མཐོ་ཡིན་པའི་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་འོས་འཚམ་གྱིས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱེད་ཚད་འཕེལ་རྒྱས་གཏོང་བ། ཞིང་དུད་ཆུང་གྲས་དང་དེང་རབས་ཞིང་ལས་འཕེལ་རྒྱས་འབྲེལ་མཐུད་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱས་ནས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྡེ་བ་རིམ་པའི་བུ་ལོན་གསར་དུ་འཕར་བ་ཚོད་འཛིན་ནན་མོ་བྱེད་དགོས། མཁོ་ཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། མཉམ་ལས་ཁང་དང་ཁེ་ལས་བར་གྱི་འབྲེལ་བ་མགྱོགས་མྱུར་གྱིས་མཐུན་སྦྱོར་ཡོང་བར་བྱེད་པ་དང་། ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཞིང་སྦོལ་རྒྱལ་དབང་རྒྱུ་ནོར་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། 

(ཉེར་གཉིས།) ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ཞིང་སྡེའི་ཐོན་ཁུངས་སྣ་ཚོགས་སླར་གསོ་དང་བེད་སྤྱོད་ལེགས་པོ་བྱེད་དགོས། གོ་རིམ་ལྡན་པའི་སྒོ་ནས་ཞིང་སྡེའི་ཐུན་མོང་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ས་ཆ་ཁྲོམ་རར་ཞུགས་པར་སྐུལ་འདེད་གཏོང་བ་དང་། ཁྲོམ་རར་ཞུགས་པའི་ས་ཆ་དེ་དམིགས་བསལ་དུ་སྔོན་ལ་ཐུན་མོང་དཔལ་འབྱོར་དང་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་སྤྱོད་པར་རྒྱབ་སྐྱོར་བྱེད་པ་དང་། ཚོང་རྫས་སྡོད་ཁང་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་སྤྱོད་པ་གཏན་འགོག་བྱེད་དགོས། ཞིང་སྡེའི་གཞིས་ས་དང་ཞིང་པས་ལས་པའི་ཁང་པར་ཆོག་མཆན་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་འགལ་སྒྲིག་འགལ་གྱིས་ཞིང་པའི་ཁང་ས་ཉོ་བར་ཞིབ་བཤེར་ནན་མོ་དང་བཀག་འགོག་ནན་མོ་བྱེད་དགོས། བེད་མེད་དུ་བཞག་པའི་ས་ཞིང་དང་ཁང་པ་ཁྲིམས་ལྟར་སླར་གསོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། བོགས་གཏོང་གན་རྒྱའི་དོ་དམ་ལ་ཤུགས་སྣོན་དགོས། ཞིང་སྡེའི་ཐོན་དབང་འཁོར་རྒྱུག་ཉོ་ཚོང་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་བར་ཁྲིད་སྟོན་བྱེད་དགོས།ཞིང་སྡེའི་ཐུན་མོང་མ་དངུལ་དང་རྒྱུ་ནོར་དང་ཐོན་ཁུངས་དོ་དམ་གྱི་འབུར་ཐོན་གནད་དོན་གཏིང་ཟབ་ཀྱིས་དག་ཐེར་བཅོས་སྐྱོང་བྱས་ཏེ། སྡེ་བ་རིམ་པའི་ངལ་རྩོལ་གླ་རྒྱག་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་དགོས། ཐུན་མོང་གི་ནགས་དབང་ལམ་ལུགས་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས།

(ཉེར་གསུམ།) གྲོང་གསེབ་དར་སྤེལ་གཏོང་བའི་མ་དངུལ་གཏོང་འཇོག་གི་རྐྱེན་སྲོལ་ལམ་སྲོལ་གསར་སྐྲུན་བྱེད་དགོས། ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་མ་དངུལ་གཏོང་བར་སྔོན་ལ་འགན་སྲུང་བྱས་ཏེ། ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཕན་ནུས་དང་མ་དངུལ་གྱི་ཕན་འབྲས་ཇེ་མཐོར་གཏོང་དགོས། ཆེད་དོན་བུ་ལོན་དང་ཡུན་རིང་འགོར་བའི་དམིགས་བསལ་རྒྱལ་བུན་འདང་ངེས་བཀོལ་སྤྱོད་གང་ལེགས་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་གྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་གཏོང་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་ལས་ལ་རྒྱབ་སྐྱོར་དང་ཆུང་གྲས་ལ་རྒྱབ་སྐྱོར་བྱས་ནས་བསྐྱར་དུ་དངུལ་བུན་གཏོང་བ་དང་། ཚན་རྩལ་གསར་སྐྲུན་དང་ལག་རྩལ་བསྒྱུར་བཀོད་ལ་དངུལ་བུན་བསྐྱར་གཏོང་བྱེད་པ་སོགས་ཀྱི་སྲིད་ཇུས་སྐུལ་སློང་ནུས་པ་གང་ལེགས་ཀྱིས་འདོན་སྤེལ་བྱས་ཏེ། དངུལ་རྩའི་ལས་ཁུངས་ཀྱིས་ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་བྱེད་དགོས། ཞིང་ལས་དང་འབྲེལ་བའི་ཁེ་ལས་དང་ཞིང་ཁྱིམ་ལ་དངུལ་བུན་གཏོང་ཡུན་ཇེ་རིང་དུ་གཏོང་བ་དང་མུ་མཐུད་དུ་དངུལ་བུན་གཏོང་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཞིང་འབྲེལ་ཆ་འཕྲིན་བསྡུ་རུབ་མཉམ་སྤྱོད་བྱེད་པར་ཤུགས་སྣོན་དགོས། ཞིང་ལས་ཞིང་སྡེའི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་དངུལ་གཏོང་ལ་ཁྲིད་སྟོན་དང་ཚད་ལྡན་དུ་བཏང་ནས། ཉེན་ཁ་འགོག་ཟོན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་གྱི་ལས་གཞིའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཟོལ་བཅོས་རྫུན་བཟོ་དང་། གཉེན་ཉེ་གྲོགས་པོར་དམིགས་བསལ་ལྟ་སྐྱོང་། “འཕུར་བྱའི་སྤུ་འཐོག”དང་བཙན་བཟུང་གཞན་སྤྱོད་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས།

(ཉེར་བཞི།) གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་ཕྱོགས་གཉིས་སུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། སྤོ་བསྒྱུར་གཏོང་སྤྲོད་དོན་འཁྱོལ་བྱེད་པ་དང་འཛུགས་སྐྲུན་ས་ཆའི་དམིགས་ཚད་གསར་དུ་བསྣན་པ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མ་དངུལ་གཏོང་བ་སོགས་ནི་ཞིང་ལས་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་འགྱུར་བ་དང་འབྲེལ་བའི་སྲིད་ཇུས་དངོས་འབེབས་བྱེད་པ་དང་། རྒྱུན་སྡོད་ས་གནས་ཀྱི་ཐོ་འགོད་ཐེམ་ཐོ་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལམ་ལུགས་སྐུལ་སྤེལ་གཏོང་དགོས། གྲོང་ཁྱེར་དུ་སོང་ནས་གཞིས་ཆགས་པའི་ཞིང་པའི་ས་ཞིང་འགན་གཙང་ལེན་བྱེད་དབང་དང་། གཞིས་ས་བཀོལ་སྤྱོད་དབང་ཆ། ཐུན་མོང་ཁེ་བཟང་བགོ་བཤའ་དབང་ཆ་བཅས་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས། རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་ཕྱིར་འཐེན་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་འཛུགས་དགོས། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས། ཤེས་ལྡན་མི་སྣ་གྲོང་གསེབ་ཏུ་སོང་ནས་ཞབས་ཞུ་དང་ལས་གཏོད་ལས་ཞུགས་བྱེད་པར་སྐུལ་མ་གཏོང་དགོས། གྲོང་གསེབ་ཀྱི་ཐོན་ལས་སྣེ་ཁྲིད་པ་དང་གྲོང་གསེབ་བཅོས་སྐྱོང་གི་འཇོན་མི་གསོ་སྐྱོང་བྱེད་པར་ཤུགས་བསྣན་ཏེ། ཡུལ་བབ་དང་བསྟུན་ནས་ཞིང་ལས་གསར་གཏོད་བྱེད་མཁན་གསོ་སྐྱོང་བྱེད་དགོས། སྐོར་གསར་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལག་བསྟར་བྱེད་དགོས། གྲོང་གསེབ་ཀྱི་བུད་མེད་ཕུགས་འདུན་གཉེར་མཁན་གྱི་འཆར་གཞི་དང་སློབ་ཆེན་སློབ་མའི་ནུབ་རྒྱུད་ལ་དང་བླངས་ཞབས་འདེགས་ཞུ་བའི་འཆར་གཞི། གྲོང་གསེབ་དར་སྤེལ་ལ་གཞོན་ནུས་བྱས་རྗེས་འཇོག་པའི་འགུལ་སྐྱོད་བཅས་ལ་སྐུལ་འདེད་གཏོང་དགོས།

དྲུག་པ། ཏང་གིས“ཞིང་གསུམ”ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས།

(ཉེར་ལྔ།) གྲོང་གསེབ་དར་སྤེལ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་པ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་པའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ཨུའི་ཞིང་ལས་གཞུང་སྒྲུབ་ཁང་གི་གཅིག་གྱུར་འཆར་འགོད་མཐུན་སྦྱོར་གྱི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱེད་དགོས། “ཞིང་གསུམ”ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཤུགས་ཚད་ཆེ་རུ་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བའི་ཆེད་དོན་གསོ་སྦྱོང་གཏིང་ཟབ་ཏུ་སྤེལ་བ་དང་། རིམ་པ་སོ་སོའི་ཏང་སྲིད་ལས་བྱེད་པས“ཞིང་གསུམ”བྱ་བ་འཛིན་པའི་འཇོན་ནུས་མཐོ་རུ་འདེགས་དགོས།

(ཉེར་དྲུག) ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་དགོས། ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོ་ལེགས་པོར་བསྒྲུབས་ཏེ། ཞང་དང་གྲོང་རྡལ་གྱི་མགོ་ཁྲིད་ཚན་ཁག་ལེགས་འདེམས་ལེགས་སྒྲིག་བྱེད་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་དང་། ཁྱད་པར་དུ་སྣེ་ཁྲིད་པའི་དཔུང་སྡེ་ལེགས་བསྒྱུར་བྱེད་དགོས་ལ། ནུས་མེད་ཉམས་ཞན་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་རྒྱུན་མཐུད་ཀྱིས་དག་ཐེར་བྱེད་དགོས། ཞིང་སྡེའི་ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་དོ་དམ་ལ་ཤུགས་བསྣན་ནས། ཞིང་སྡེའི་ཏང་ཡོན་གྱི་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་འཆར་གཞི་ལག་བསྟར་བྱེད་དགོས། ཞིང་སྡེའི་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྟོབས་ཤུགས་འཛོམས་པོར་གཏོང་བ་དང་བརྟན་བརླིང་ཡོང་བར་བྱས་ཏེ། གཞུང་ཞབས་པ་བསྡུ་བའི་འཆར་གཞི་དེ་རྫོང་དང་ཞང་གི་གཞི་རིམ་ལས་ཁུངས་ལ་ཕྱོགས་ཞེན་བྱེད་པ་དང་། རྩ་དོན་ཐོག་རྫོང་དང་ཞང་ནས་གཡར་བཀོལ་མི་སྣ་བྱེད་མི་ཆོག སྡེ་བའི་ལས་བྱེད་པའི་གཞི་རྩའི་གླ་ཕོགས་འགན་སྲུང་དོན་འཁྱོལ་བྱས་ནས། རྗེས་གྲབས་སྟོབས་ཤུགས་སྐྱེད་སྲིང་གསོག་འཇོག་ཡག་པོ་བྱེད་དགོས། སྡེ་བ་རིམ་པའི་དོན་གྲོས་གྲོས་མོལ་རྐྱེན་སྲོལ་བརྒྱུད་རིམ་འཐུས་ཚང་དུ་བཏང་ནས། ཞིང་པ་མང་ཚོགས་གྲོང་གསེབ་བཅོས་སྐྱོང་ནང་ཞུགས་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས། ཞིང་སྡེའི་གཞི་རིམ་ལས་བྱེད་པར་ལྟ་སྐུལ་དོ་དམ་ནན་མོ་བྱས་ནས། སྡེ་བའི་ཏང་རྩ་འཛུགས་ལ་སྐོར་ཞིབ་བྱེད་ཚད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས།

(ཉེར་བདུན།) ཞིང་སྡེ་བྱ་བའི་སྒྲུབ་སྟངས་དང་ཐབས་བཀོད་ལེགས་བཅོས་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ནས། དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཡུལ་བབ་དང་བསྟུན་པ། རང་རྟོགས་ཀྱིས་ཆོས་ཉིད་ལྟར་ལས་དོན་སྒྲུབ་པ་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དག་ཐེར་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཞང་དང་གྲོང་རྡལ་གྱི་(སྲང་ལམ)འགན་འཁྲི་ལག་བསྟར་དོན་ཚན་ཞིབ་ཐོ་བེད་སྤྱོད་ཡག་པོ་བྱས་ཏེ། སྡེ་བ(སྡེ་ཁུལ)བྱ་བའི་དོན་ཚན་འཇུག་འཁྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། “རེའུ་མིག་གཅིག་ཆོག”གཞི་གྲངས་མཉམ་སྤྱོད་དང་གསར་སྐྲུན་བེད་སྤྱོད་ལ་ཤུགས་བསྣན་ནས། གཞི་རིམ་ལ་ཁ་ཕྱོགས་པའི་སྲིད་དོན་སྤོ་སྒུལ་སྦྲེལ་དྲ་ཉེར་སྤྱོད་གོ་རིམ་གཙང་བཤེར་བུབ་སྒྲིལ་བྱེད་དགོས། རྒྱལ་ཡོངས་ཀྱི་ཞིང་ལས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་ཏན་ཏིག་གིས་སྤེལ་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་དཔྱད་ཞིབ་ལེགས་བསྒྱུར་བྱས་ཏེ། གཙོ་གནད་ལས་འགན་ལ་དམིགས་པ་དང་། དཔྱད་ཞིབ་བྱེད་སྟངས་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་ཀྱི་དམིགས་གཏད་རང་བཞིན་དང་ཚན་རིག་རང་བཞིན་མཐོར་འདེགས་གཏོང་དགོས། “གཞི་རིམ་དུ་འགྲོ་བ་བཞི”ཡི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་སྡེའི་དོན་དངོས་ལས་མགོ་བརྩམས་ཏེ། ཞིང་པའི་འདོད་མོས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། སྲིད་ཇུས་ཀྱི་ལག་བསྟར་དེ“བརྒྱ་ཁ་གཅིག་གཅོད”དང་གཅིག་ཐོག་རིམ་སྣོན་མི་ཡོང་བ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་བྱས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་བཅོས་བསྒྱུར་གསར་སྐྲུན་མཉམ་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པར་སྐུལ་ལྕག་བཏང་སྟེ། ལས་སྒྲུབ་ལས་གཏོད་ཀྱི་གསོན་ཤུགས་གང་ལེགས་སྒོས་སློང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་མངའ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་དག་ཐེར་བཅོས་སྐྱོང་གཏིང་ཟབ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གཏིང་ཟབ་ཀྱིས་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས་པ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏོང་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དམིགས་འབེན་གཏན་འཁེལ་དང་འབད་བརྩོན་ཧུར་ཐག་བྱེད་བཞིན་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་གྲུབ་འབྲས་གསར་པ་ལེན་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཕྱོགས་སུ་ཏན་ཏིག་གིས་བསྐྱོད་དགོས།