
__ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
དམངས་འཚོར་རྒྱུན་མཐུད་ངང་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་ནི་བྱ་བ་ཐམས་ཅད་ཀྱི་ཕན་འབྲས་འཇལ་བའི་མཇུག་མཐའི་ཚད་ཤིང་ཡིན་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བའི་གནད་འགག་ཀྱང་ཡིན། ད་ལོའི་མཚོ་སྔོན་གྱི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད། དམངས་འཚོའི་བྱ་བ་བཀོད་སྒྲིག་བྱེད་པའི་བྱེ་བྲག་གི་དམིགས་འབེན་རེ་རེའི་རྒྱབ་ལོགས་སུ་ཡོད་པ་ནི་ཁྱིམ་ཚང་ཁྲི་མ་འབུམ་གྱི་འཚོ་ཚིས་དང་ལྟོ་རྒྱབ་ལ་འབྲེལ་བའི་དོན་དངོས་ཞིབ་ཐོ་རེད། སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་ཀྱི་བྱེ་བྲག་གི་གྲངས་ཀ་རེ་རེ་དང་དངོས་གཉེར་གྱི་བྱེད་ཐབས་རེ་རེ། བརྩེ་བ་ལྡན་པའི་དམ་བཅའ་རེ་རེ་བཅས་ཞིབ་ཏུ་བཀླགས་ན། བརྡ་སྤྲད་འོངས་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ནི་སེམས་ཀྱི་མཐོ་སར་བཞག་པ་དང་དམངས་འཚོ་ནི་སྲིད་ཀྱི་ཆེ་ཕྱོགས་སུ་བརྩི་བའི་ཆོད་སེམས་རེད་ལ། བྲིས་པ་ནི་དྲོད་ཁོལ་དང་སྤུས་ཀ་ལྡན་པའི་བདེ་སྐྱིད་མཚོ་སྔོན་གྱི་རི་མོ་གསར་པ་ཞིག་རེད།
“སེམས་སུ་འཛིན་དགོས”ཞེས་པ་འདི་ནི་དམངས་འཚོར་སེམས་ཁུར་བྱེད་པའི་ངོས་འཛིན་ཡང་དག་དང་དངོས་གཉེར་གྱི་ཨ་ལན་ལས་མངོན་ཡོད། སྙན་ཞུའི་ཁྲོད་མི་དམངས་ཀྱི་རེ་སྒུག་ནི་ཚད་འཇལ་ཐུབ་པ་དང་དཔྱད་ཞིབ་བྱེད་ཐུབ་པའི་འགུལ་སྐྱོད་ཞིབ་ཐོ་རུ་བསྒྱུར་ཡོད་དེ། བསླབ་གནས་ཇེ་མང་དུ་བཏང་བ་དང་གཞི་རིམ་གྱི་སྨན་བཅོས་ཀྱི་ནུས་པ་ཇེ་མཐོར་བཏང་བ་ནས་གྲོང་ཁྱེར་དང་སྡེ་ཁུལ་དུ་རྒན་པའི་རོགས་སྐྱོབ་ཟ་མ་ཁྱོན་ཡོངས་སུ་མངོན་འགྱུར་བྱེད་པའི་བར་དང་། བྱིས་པ་དང་ན་གཞོན་གྱི“བདེ་ཐང་ལྔ”ལ་ཡར་སྐུལ་བྱེད་པའི་འགུལ་སྐྱོད་འཆར་གཞི་ནས“ནུས་རྩལ་གྱིས་མདུན་ལམ་གསལ་བར་བྱེད་པར”རོགས་རམ་བྱེད་པ། སྲིད་ཇུས་ཀྱི་མིག་རྒྱང་ནི་མང་ཚོགས་ཀྱི་འཚོ་བའི་ཟུར་ཡོངས་སུ་ཁེབས་པར་བྱེད་པ། “བྱིས་པ་བཙའ་སྐབས་གཞི་རྩའི་ཆ་ནས་དངུལ་གཏོང་མི་དགོས་པ་ཧུར་ཐག་གིས་མངོན་འགྱུར་བྱེད་པ”དང་། “སྤུས་ལེགས་སྨན་བཅོས་ཐོན་ཁུངས་མང་ཚོགས་ཀྱི་སྒོ་ཁར་སྐྱེལ་བ”སོགས་བབ་ཆགས་ཤུགས་ལྡན་གྱི་དམ་བཅའ་ཡིས་སྔར་ལས་མི་སེམས་འགུག་ཐུབ། ད་ལོར་ད་དུང་ལས་ཞུགས་དམིགས་བསལ་དུ་འཛིན་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་ཡིན་ལ། ལྗང་མདོག་རྩིས་ནུས་དང་སྐྱེ་ཁམས་ཡུལ་སྐོར་སོགས་གསར་དར་ཁྱབ་ཁོངས་སུ་སྤུས་ཚད་མཐོ་བའི་ལས་གནས་རྒྱ་བསྐྱེད་དེ། ཆུང་ཕྱོགས་ཀྱི་བྱེད་ཐབས་དངོས་ལ་བརྟེན་ནས“དམངས་ཀྱིས་གང་ཞིག་འབོད་པ་ལ། ང་ཡིས་དེ་ལ་ཨ་ལན་སྟེར”ཞེས་པའི་ཆེ་ཕྱོགས་ཀྱི་བཀོད་སྒྲིག་སྔར་ལས་ལྷག་པར་ལག་ལེན་དུ་བསྟར་རྒྱུ་རེད།
“སེམས་སུ་འཛིན་དགོས”ཞེས་པ་དེ་ནི་འཕེལ་རྒྱས་ཀྱི་གྲུབ་འབྲས་འདྲ་མཉམ་གྱིས་ལོངས་སུ་སྤྱོད་པ་ཧུར་ཐག་གིས་བརྩོན་ལེན་བྱེད་པའི་ཐད་མངོན་ཡོད། སྲིད་ཇུས་ཀྱིས“ཤུ་རེ་བྱེད་དགོས་པའི”ཚོགས་པ་དང་ས་ཁུལ་ལ་གཞོལ་བར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཏེ། ལས་གནས་བརྟན་པོ་མང་དུ་སྐྱེད་པའི་འགུལ་སྐྱོད་ལ་བརྟེན་ནས་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་ཞིང་པ་ཞོར་ལས་པ་སོགས་ཚོགས་པ་གཙོ་བོའི་ལས་ཞུགས་ལ་དམིགས་པ་དང་། མཚོ་འཕགས་མཐོ་བའི་ས་ཁུལ་གྱི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་དང་སྤྱི་ཚོགས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་ལོན་ཁེར་འདུག་དང་དཀའ་ཁག་ཅན་གྱི་བྱིས་པ་སོགས་གཉོམ་ཞན་ཚོགས་པར་གཅེས་སྐྱོང་བྱེད་པ། ལས་རིགས་གསར་པ་གསོ་སྐྱོང་དང་ལས་ཞུགས་བྱས་མ་ཐག་པའི་ཚོགས་པར་ཕན་པའི་ཁོར་ཡུག་བསྐྲུན་པ་བཅས་ལ་བརྟེན་ནས་དཔལ་འབྱོར་ཚུལ་སྒྱུར་ལས་བྱུང་བའི་དགོས་མཁོ་གསར་པར་ཧུར་ཐག་གིས་ཨ་ལན་བྱིན། དེ་དག་ཡོད་ཚད་ཀྱིས“གཅིག་ཀྱང་ལུས་མི་རུང་བའི”འཕེལ་རྒྱས་ཀྱི་དྲོད་ཚད་མངོན་ཡོད་ཅིང་། ཀུན་ཕན་དང་འདྲ་མཉམ་གྱི་ཉི་འོད་ཟུར་སོ་སོར་འཕྲོས་སུ་བཅུག ད་ལོར། ང་ཚོས་དངོས་གནས2026ལོའི་དམངས་འཚོའི་དོན་དངོས་ཆེན་པོ་བཅུའི་ལས་གཞི46ལེགས་པོར་འཛིན་རྒྱུ་ཡིན་ཞིང་། དམ་བཅའ་རེ་རེ་ནི་མི་དམངས་མང་ཚོགས་ཀྱི་སྒོ་འགྲམ་དང་ཉེ་འགྲམ་གྱི་མཐོང་རེག་ཐུབ་པའི་འགྱུར་ལྡོག་དངོས་སུ་བསྒྱུར་རྒྱུ་ཡིན།
“སེམས་སུ་འཛིན་དགོས”ཞེས་པ་དེ་ནི་མཐའ་མཇུག་སྤྱི་ཚོགས་འཆམ་མཐུན་དང་ཡུན་རིང་བདེ་འགོད་ཀྱི་འགན་སྲུང་བརྟན་པོར་གྱུར་ནས། བདེ་སྣང་ནི་དམངས་འཚོའི་རྨང་རྡོ་བརྟན་པོར་འགྱུར་དགོས། དམངས་འཚོ་འགན་སྲུང་དང་ལེགས་བསྒྱུར་ནི་དངོས་པོའི་དགོས་མཁོ་སྐོང་བ་དང་འབྲེལ་བར་མ་ཟད། བསམ་པའི་ལོག་མལ་དང་སྤྱི་ཚོགས་ཁོར་ཡུག་གི་བརྟན་བརླིང་དང་འབྲེལ་ཡོད། དེའི་ཕྱིར། སྤྱི་ཚོགས་བྱ་གཞག་སོ་སོར་ཏན་ཏིག་གིས་སྐུལ་འདེད་གཏོང་བ་དང་ལྷན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་ངེས་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་ཤིང་། མི་རིགས་སོ་སོ་སྤུན་ཟླ་ལྟར་ཉེ་ཞིང་ཕན་ཚུན་རོགས་རེས་བྱེད་པའི་རྣམ་པ་བཟང་པོ་རྒྱུན་མི་ཆད་པར་སྲ་བརྟན་དུ་གཏོང་དགོས། འདི་ནི་མཚོ་སྔོན་གྱི་སྤྱི་ཚོགས་འཆམ་མཐུན་དང་མི་དམངས་བདེ་སྐྱིད་འབྱུང་བའི་སྦྲེལ་ཐག་ཡིན། སྤྱི་ཚོགས་བདེ་འཇགས་དང་བརྟན་བརླིང་ཡོང་བར་ངེས་པར་དུ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཉེན་ཁ་སོ་སོ་ནུས་ལྡན་ངང་འགོག་པ་དང་སེལ་བ། བརྟན་འཇགས་དང་གོ་རིམ་ལྡན་པའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས་མི་དམངས་མང་ཚོགས་ལ་སྔར་ལས་བློ་བདེ་ཞིང་སེམས་བདེ་བའི་འཚོ་བ་རོལ་དུ་འཇུག་དགོས།
དམངས་འཚོ་ལ་དོན་ཆུང་མེད། ཡལ་ག་དང་ལོ་མ་རེ་རེས་རང་སེམས་སྒུལ། མང་ཚོགས་ཀྱི་སེམས་པ་རང་གི་སེམས་པར་བརྩིས་ནས་རང་སར་གཞན་འཇོག་དང་གཞན་སར་རང་འཇོག་བྱེད་པ་དང་སེམས་པས་སེམས་པ་དྲོ་བར་བྱས་ཏེ། སྙན་ཞུ་ཁྲོད་ཀྱི“འགན་འཁྲིའི་ཞིབ་ཐོ”དོན་ཚན་རེ་རེ་བཞིན་མང་ཚོགས་ཀྱི་ཁ་ནང་གི“བདེ་སྐྱིད་ཀྱི་རྩིས་ཐོ”རུ་བསྒྲུབ་ཐུབ་ཚེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་ངེས་པར་ཆེས་སྲ་བརྟན་གྱི་རྨང་གཞི་དང་ཆེས་རྒྱ་ཆེ་བའི་རྒྱབ་སྐྱོར་ཐོབ་སྟེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཐབ་ལམ་སྟེང་བརྟན་ཐོག་ཡར་འཕེལ་ཡོང་ངེས།
ཤ་བོ་རིན་མཚོས་རྩོམ་སྒྲིག་བྱས།