སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་མཉམ་རྒྱལ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད།

ཁུངས། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་པ་བསྟན། 2025ལོར། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་བསྟུད་མར་གཏིང་ཟབ་ཏུ་སྤེལ་ནས།  སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་རྒྱལ་འཕེལ་རྒྱས་བར་སྟོང་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཚུགས་པའི་ལོ་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པ་གསར་པ་མངོན། ཧྲང་ཧའེ་དབྱང་ཧྲན་གྲུ་ཁས་ད་ལོར་ཕེ་རུའི་ནོར་སྣུམ་ཤིང་འབྲས་དང་འབྲུ་ཏ་སྔོན་པོ་སོགས་ཤིང་འབྲས་གསར་བ་སྐོར་དང་པོ་བསུས། “ཆན་ཁའེ་ནས་ཧྲང་ཧའེ”ཡི་མཚོ་ཐོག་སྐྱེལ་འདྲེན་གྱི་ལམ་ཐིག་ཕྱོགས་གཉིས་སུ་ཤར་གཏོང་ཐུབ་པ་ནས་བཟུང་། འདོན་འཇུག་ཚད་དང་ཕྱིར་གཏོང་ནུས་པ་མུ་མཐུད་དུ་ཆེ་རུ་ཕྱིན་ནས། ཧྲང་ཧའེ་ཡིས་ཕེ་རུའི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་ཚད་བརྒྱ་ཆའི་བཞི་བཅུ་ཙམ་འཕར་བར་སྐུལ་ཁྲིད་བྱས། 

ཧྲན་ཏུང་གྲུ་ཁའི་ཡན་ཐའེ་གྲུ་ཁ་རུ། འཕྲུལ་ཆས་སྒྲིག་ཆས་ཀྱིས་བཀང་ཡོད་པའི་ཀྲུང་ཧྥེ་དུས་གཏན་གྲུ་གཟིངས་འདི་མི་འགྱངས་པར་ཧྥེ་གླིང་གི་ཁོ་ཐེ་ཏི་ཝ་ལ་གཏོང་རྒྱུ་རེད། 2025ལོར་ཀྲུང་ཧྥེ་དུས་གཏན་གྲུ་གཟིངས་སྐྱེལ་འདྲེན་ཚད་དུས་མཉམ་ལས49%འཕར་ནས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། ཀྲུང་གོའི་སྒྲིག་ཆས་དང་ཀྲུང་གོའི་ལག་རྩལ་སྐོར་ཞིག་གིས་ཧྥེ་གླིང་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གསོན་ཤུགས་གསར་བ་བསྣན།

2025ལོར། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་ལ་སྒོར་རབ་བཀྲམ་གཉིས་ཁྲག་ཆེན་གསུམ་ཁྲག་ཁྲིག་དྲུག་ཕྱིར་གཏོང་ནང་འདྲེན་ཚད་བྱས་པ་དེ་6.3%འཕར་ལ། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤྱི་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་གནས2.5ཡིས་མཐོ། 

“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་། སྐུ་དངོས་སུ་བཀོད་སྒྲིག སྐུ་དངོས་སུ་སྐུལ་འདེད་བཏང་བའི་གྲོས་འགོ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ནང་དུ་རྟོག་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས། ས་གནས་ཁག་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། སྐམ་སའི་དབུས་ཁུལ་ཞིང་ཆེན་གྱིས་དམིགས་བསལ་གྱི་ས་བབ་དགེ་མཚན་དེ་སྒོ་འབྱེད་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་ཏེ། སྒོ་འབྱེད་ལ་བརྟེན་ནས་བཅོས་བསྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ཐེངས་མང་པོར་ནན་བཤད་གནང་། ཡན་པེན་ས་ཁུལ་གྱིས་མཐའ་སྐོར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཚན་རྩལ། ཤེས་ལྡན་མི་སྣ། སྨན་བཅོས། རིག་གནས་སོགས་དང་བརྗེ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཚོར་ཐུབ་པར་བྱེད་དགོས། རྒྱལ་སྤྱིའི་ཚོགས་ཆེན་གལ་ཆེན་མང་པོའི་ཐོག སྤྱི་ཁྱབ་ཧྲུའུ་ཅིས་ཕྱོགས་སོ་སོ་དང་མཉམ་ལས་བྱས་ནས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཁྲོད་ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་ཀྱི་སྐྱིད་སྣང་ཇེ་མཐོར་གཏོང་བ། དཔལ་འབྱོར་གོ་ལ་ཅན་དེ་སྔར་ལས་ཀུན་ཕན་དང་ཁོང་ཡངས་ཀྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས་ཞེས་གསལ་བོར་བསྟན།

ཚོང་དོན་པུའུ་རྒྱལ་སྤྱིའི་ཉོ་ཚོང་དཔལ་འབྱོར་མཉམ་ལས་ཞིབ་འཇུག་གླིང་གི་འགོ་གཙོ་ཝང་ཞུའེ་ཁུན་གྱིས་བཤད་རྒྱུར། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་གཏིང་ཟབ་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་། གནས་བབ་གསར་པའི་འོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་སྐྱེད་དང་མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་པ་གཏོད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། གྲོས་འགོ་འདིས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་ཉོ་ཚོང་དང་ཐོན་ལས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་སྒོ་འབྱེད་འཕེལ་རྒྱས་ལ་གནམ་ས་གསར་པ་བཏོད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ལའང་གོ་སྐབས་གསར་པ་མཁོ་འདོན་བྱས།

2025ལོར། འཛམ་གླིང་གི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་འགྲན་རྩོད་ཆེན་པོར་འཕྲད་པའི་རྙོག་འཛིང་གི་གནས་བབ་འོག “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་བསྟུད་མར་གཏིང་ཇེ་ཟབ་ཏུ་ཕྱིན་ཏེ། འཛམ་གླིང་གི་དཔལ་འབྱོར་མདུན་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།

མཉམ་བསྐྲུན་གྲོགས་པོས་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྤྱིའི་བསྡུར་ཚད་ཀྱི་ཟིན་ཚད་དེ2024ལོའི50%ལས་བརྒལ་རྗེས། 2025ལོར་ཟིན་ཚད51.9%བར་ཇེ་མཐོར་ཕྱིན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་སྐམ་སའི་དབུས་ཁུལ་སྒོ་འབྱེད་ཀྱི“རྒྱབ་སྲུང་པ”ནས་“གདོང་ལེན་པར”གྱུར་བ་དང་། སྒོ་འབྱེད་ཅན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཕྱོགས་ཡོངས་ནས་རྒྱས་ཡོད།

ཞིན་ཅང་དུ། ཀྲུང་གོ་དང་ཡོ་རོབ་གླིང་གི་དུས་གཏན་མེ་འཁོར་སོགས་སྟབས་བདེའི་ནུས་མཐོའི་ཟོང་འགྲུལ་བགྲོད་ལམ་ལ་བརྟེན་ནས། ས་གནས་ཀྱི་ཤིང་ཏོག་དང་སྔོ་ཚལ་ཕྱིར་གཏོང་བྱེད་ཚད་ཚད་མཐོན་པོར་འཕར་ནས། 2025ལོར་བསྡོམས་པས་ཤིང་འབྲས་དང་སྔོ་ཚལ་ཏུན་ས་ཡ་གཅིག་འབུམ་བཞི་སྟོང་བདུན་ཕྱིར་གཏོང་བྱས་ཤིང་དུས་མཉམ་ལས་བརྒྱ་ཆའི་སུམ་ཅུ་འཕར། ཞིན་ཅང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས“རྒྱུད་གཅིག་ལམ་གཅིག”བརྒྱུད་ནས་གོ་ལ་ཧྲིལ་པོའི་ཁྲོམ་རར་སྐྱོད་བཞིན་ཡོད།

ཁྲུང་ཆིང་དུ། “ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགྱོགས་འཛིན”ཟོང་འགྲུལ་རྣམ་པ་གསར་གཏོད་བྱས་ནས། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་དང་ཀྲུང་གོ་དང་ཡོ་རོབ་གླིང་གི་དུས་གཏན་མེ་འཁོར་ལ་སྦྲེལ་མཐུད་དམ་པོ་བྱས་པས། སྐྱེལ་འདྲེན་གྱི་ལས་ཆོད50%ཡན་ཇེ་མཐོར་ཕྱིན། ནུབ་རྒྱུད་ས་ཁུལ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ། ཡོ་རོབ་གླིང་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་མཐོ་ཚད་གསར་པར་སླེབས།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་སྦྲེལ་མཐུད་བྱེད་པའི་སྐམ་སའི་བགྲོད་ལམ་གལ་ཆེན་སྟེང་། ཀོང་ཞིའི་མཛའ་མཐུན་འགག་སྒོ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ད་ལོའི་ཟླ1ཚེས1ཉིན་ནས་བཟུང་། ཐོ་འགོད་སྙན་སེང་ཞུས་པའི་རྒྱལ་ཁོངས་ཕྱིའི་ཁ་ལོ་བས་མཛུབ་རིས་མནན་ཚེ་མྱུར་དུ་འགག་སྒྲོལ་བྱས་ཆོག 

ཡོ་ནན་རྒྱལ་ཁབ་ཀྱི་ཁ་ལོ་བ་ཧོང་གོ་ལིན་གྱིས་བཤད་རྒྱུར། ད་ལྟ་མཛུབ་རིས་མནན་ན་ཆོག་པས་ཧ་ཅང་མགྱོགས། སྐྱེལ་འདྲེན་གྱི་ལས་ཆོད་ཇེ་མཐོར་ཕྱིན་པ་མ་ཟད། ཟོང་འགྲུལ་གྱི་མ་རྩའང་ཇེ་དམའ་རུ་སོང་ཡོད་ཟེར།

2025ལོར།  སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ཏེ། མཉམ་རྒྱལ་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་བཏང་། རྨང་གཞིའི་སྒྲིག་བཀོད“སྲ་སྦྲེལ”ལ་གཡུར་ཟའི་འབྲས་བུ་བླངས། ཀྲུང་གོ་དང་ཡོ་རོབ་གླིང་གི་དུས་གཏན་མེ་འཁོར་བསྡོམས་པས་ཆིག་འབུམ་ཉིས་ཁྲི་ལས་བརྒལ་བ་གཏོང་འགོ་ཚུགས་པ་དང་། “དར་གོས་ཚོང་ལམ་གྱི་མཚོ་ཐོག་སྐྱེལ་འདྲེན”མིང་བཏགས་མཚོ་ལམ་གྱི་གྲངས་འབོར་བརྒྱ་དང་ཞེ་བརྒྱད་ལ་འཕར། མཉམ་འདྲེས་དམ་ཟབ་ཀྱི་ཟོང་འགྲུལ་དྲ་རྒྱ་དེས་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་བདེ་བླག་ངང་སྐུལ་འདེད་གཏོང་བར་རམ་འདེགས་བྱས།

སྒྲིག་སྲོལ་གྱི་ཚད་གཞི“མཉེན་སྦྲེལ”རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་། རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ22དང་རང་མོས་ཉོ་ཚོང་གྲོས་ཆོད16བཞག  མཉམ་སྐྲུན་རྒྱལ་ཁབ50ལྷག་དང་གྲངས་འཛིན་དང་།  ལྗང་མདོག  མཐིང་མདོག་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་དེ། ཉོ་ཚོང་དངུལ་གཏོང་སྔར་ལས་སྟབས་བདེ་ཞིང་ཕན་འབྲས་ཆེ་བར་བཏང་།

རྒྱལ་ཁབ་ཀྱི་མི་དམངས་དང“སེམས་པ་གཅིག་སྦྲེལ”མཉམ་སྐྲུན་བྱེད་པ་དེ་ཉིན་རེ་བཞིན་ཇེ་དམ་དུ་བཏང་། སྨན་བཅོས་ཁྱབ་ཁོངས་སུ།  2025ལོར། རང་རྒྱལ་གྱིས་མཉམ་སྐྲུན་རྒྱལ་ཁབ་ལ་སྨན་བཅོས་ཡོ་བྱད་གཏོང་ཚད་བརྒྱ་ཆའི་བཅུ་དང་གྲངས་ཆུང་བཞི་འཕར་བ་དང་།  དུས་མཚུངས་སུ་རང་རྒྱལ་དུ་ནང་འདྲེན་བྱས་པའི་ཀྲུང་ལུགས་སྨན་རྫས་ཀྱི་བརྒྱ་ཆའི་བདུན་ཅུ་དེ་མཉམ་སྐྲུན་རྒྱལ་ཁབ་ལས་ནང་འདྲེན་བྱས། ཞིང་ལས་ཁྱབ་ཁོངས་སུ། 2025ལོར། རང་རྒྱལ་གྱིས་མཉམ་སྐྲུན་རྒྱལ་ཁབ་དང་ཞིང་ཞོར་ཐོན་རྫས་ཀྱི་ཆོག་འཐུས་རིགས་ཀྱི་མཉམ་ལས་ཡིག་ཆ100ལྷག་ལ་མིང་རྟགས་བཀོད་པ་དང་། མཉམ་སྐྲུན་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་གཞི་ཁྱོན་སྒོར་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞི་ཐེར་ཆེན་གསུམ་ལ་སླེབས་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། ཤ་མོ་གསོ་རྩལ་གྱི་ལག་རྩལ་དང་རྒྱུད་སྦྱོར་ཆུ་འབྲས་སོགས“ཆུང་ཞིང་ལེགས་པའི”དམངས་འཚོའི་ལས་གཞི་ཡིས་མཉམ་སྐྲུན་རྒྱལ་ཁབ་ལ་རྒྱུན་མཐུད་ངང་ཕན་པ་བསྐྲུན་བཞིན་ཡོད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་གྲོས་གཞི་ལས་བསྟན་དོན། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་མཉམ་སྐྲུན་བྱེད་པ་དང་། འཆར་འགོད་སྤྱི་འདོམས་དོ་དམ་ལ་ཤུགས་སྣོན་དང་མཉམ་ལས་བྱེད་དགོས། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པར་འགྲེང་སྟེ། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྩ་དོན་བྱེད་པ་རྒྱུན་འཁྱོངས་བྱས་ནས། དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྔར་བས་འོད་སྟོང་འཕྲོ་བའི་མ་འོངས་པ་གསར་འབྱེད་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་སྔར་བས་བྱས་རྗེས་འཇོག་དགོས།