
——ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ།
སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོས“སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ། དངོས་སྒྲུབ་དངོས་གཉེར”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས། སློབ་སྦྱོང་དང་ཞིབ་བཤེར། ལེགས་བཅོས་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་སློབ་གསོ་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སྤེལ་བཞིན་ཡོད།
གཅིག་གྱུར་བཀོད་སྒྲིག་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ།
ཚོང་དོན་པུའུ་ཡི“ཚོགས་གསུམ་ཁྲིད་གཅིག”གི་ཡུལ་དངོས་སུ། ཏང་ཡོན་ལས་བྱེད་པས་ཆེད་དོན་བགྲོ་གླེང་བྱས་ཏེ། འཛད་སྤྱོད་ལ་སྐུལ་འདེད་དང་སྒོ་འབྱེད་རྒྱ་ཆེར་གཏོང་བ་སོགས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མྱོང་ཚོར་བརྗེ་རེས་བྱས།
འདི་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་རེད། སློབ་སྦྱོང་སློབ་གསོ་སྤེལ་འགོ་ཚུགས་པ་ནས་བཟུང་། ཚོང་དོན་པུའུ་ཡིས་བྱ་བའི་ཆེད་སྒྲུབ་ཚན་ཆུང་དང་གཅིག་གྱུར་འཆར་འགོད་མཛུབ་ཁྲིད་ལ་ཤུགས་སྣོན་པ། བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས5ཡི་ཞིབ་ཕྲའི་བྱེད་ཐབས་སྣ12ཞིབ་ཕྲ་བཟོས་པ་དང་། ཉེན་བརྡའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་སྐུལ་སློང་བཀོད་སྒྲིག་བྱས་པ་མ་ཟད། “ཟླ་བ་གཉིས་ཀྱི་ཞིབ་ཐོའི”རྣམ་པའི་ཐོག་ནས་གཞི་རིམ་ཏང་རྩ་འཛུགས་ལ་སྐུལ་འདེད་བྱས་ཏེ་འགན་འཁྲི་དོན་འཁྱོལ་བྱས།
སྤྱི་བདེ་པུའུ་ཡིས་ཏང་ཨུའི་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ་སློབ་སྦྱོང་སློབ་གསོ་ལ་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། ལག་བསྟར་ཇུས་གཞི་དང་བྱ་བའི་དྲན་སྐུལ་སྔ་རྗེས་སུ་པར་འགྲེམས་བྱས་ནས། འབྲེལ་ཡོད་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་མ་ཟད་གཏིང་ཟབ་སྒོས་སྐུལ་འདེད་བཏང་། ཁྲིམས་བསྟར་གྱོད་དོན་ཞིབ་གཅོད་སོགས་མངའ་ཁོངས་ཀྱིས་དཔྱད་འཇོག་ལམ་ལུགས་རྐྱེན་སྲོལ་གསེད་བཀྲོལ་དང་། འགོག་ཟོན་དང་དག་བཅོས་ཀྱི་སྲིད་འབྲས་ལྟ་བའི་བར་ཁྱད་བྱ་བའི་རྐྱེན་སྲོལ་དང་རྒྱུན་རྣམ་ཅན་གྱི་སློབ་གསོའི་རྐྱེན་སྲོལ་བཅས་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་ཀྱིས་དབང་ཆ་སྐྱོང་བ་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་ཐུབ་པར་བྱ་དགོས།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་ནས། མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་དང་ཞིབ་བཤེར། ལེགས་བཅོས་བཅས་ལ་མཉམ་དུ་སྐུལ་འདེད་བཏང་། འགན་འཁུར་བློ་མཐུན་གཙོ་བོས་འགན་འཁུར་བ་དང་པོའི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ནས། དངོས་ཐོག་བདེན་འཚོལ་དང་དངོས་སྒྲུབ་དངོས་གཉེར་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་སྤོང་གང་ཐུབ་བྱས་ཏེ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ཏང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་ཡོད།
གོང་འོག་ཚང་མས་དངོས་ཕན་བརྩོན་པ།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལས་ཁུངས་ལ་བརྟེན་ནས་མ་ལག་ལ་སྣེ་ཁྲིད་དང་། གོང་དཔེ་འོག་སྟོན་དང་གོང་འོག་མཉམ་འགུལ་བྱས་ཏེ། དོན་དངོས་གནད་དོན་ལ་དམིགས་ནས། ཀྲུང་དབྱང་གིས་བཏོན་པའི་འབུར་ཐོན་གནད་དོན་དེ་ཞིབ་དཔྱོད་བྱ་བའི་དོན་དངོས་དང་དཔེ་བསྡུར་ཚད་བསྡུར་བྱས་ནས་གནད་ལ་འཁེལ་བའི་འདྲ་རིས་འགོད་པ་དང་། ཕྱོགས་བདུན་གྱི་སྲིད་འབྲས་ལྟ་བ་དང་འཛོལ་ཁྱད་ཀྱི་གནད་དོན་ཞིབ་ཕྲ་བཟོས་ཏེ། འགོག་ཟོན་ནུས་ལྡན་དང་སྲིད་འབྲས་ལྟ་བའི་འཛོལ་ཁྱད་དག་བཅོས་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་དང་ཕན་འབྲས་ཆེ་བའི་གྱོད་གཞི་རེ་རེ་བཞིན་ལེགས་པར་བསྒྲུབས་པ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་ཕྱོགས་ཡོངས་ནས་སྤུས་འདེགས་བྱེད་པའི་ཁྲོད་མཚོན་པར་བྱས།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་ཚོགས་འདུ་བསྡུས་ཏེ། ཏང་ཙུའུ་ཡིས་སྣེ་ཁྲིད་དེ་བཀོད་སྒྲིག་ནན་མོ་དང་སློབ་སྦྱོང་སློབ་གསོའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་ནས། སློབ་སྦྱོང་སློབ་གསོ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོ་འཛུགས་སྐྱོང་གི་རྒྱས་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ། ཧུར་ཐག་གིས་སློབ་སྦྱོང་གཏིང་ཟབ་དང་ཞིབ་བཤེར་ཡང་དག་པ། ལེགས་བཅོས་གནད་ལ་འཁེལ་བ་བཅས་བྱས་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་ལག་བསྟར་བྱེད་ཐུབ་པའི་ཞབས་ཞུའི་འགན་སྲུང་གི་ཕན་འབྲས་སུ་བསྒྱུར་ཡོད།
“ཐོག་མའི་བསམ་འདུན་དེ་སྲིད་འབྲས་ལྟ་བའི་ཁྲོད་འཇུག་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ལྟ་བ་བརྩོན་དགོས།”“དངོས་ཡོད་ཀྱི་བྱས་རྗེས་འཇོག་དགོས་ལ། སེམས་རྣལ་དུ་ཕབ་ནས‘བྱ་བར་མི་གཡོལ་བའི’མི་མངོན་པའི་བྱས་རྗེས་ཀྱང་འཇོག་དགོས།” རིག་གནས་དང་ཡུལ་སྐོར་པུའུ་ཡི་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་སློབ་གསོའི་བརྗོད་དོན་གཙོ་བོར་དམིགས་ནས་སློབ་སྦྱོང་དང་བགྲོ་གླེང་རྩ་འཛུགས་བྱས་པར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཚུར་སྣང་དྲག་པོ་བྱུང་།
རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཏང་འཛུགས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་འཆར་འགོད་ཀྱི་མཐུན་སྦྱོར་ནུས་པ་ཆེ་རུ་བཏང་བ་དང་། པུའུ་ཡི་འགོ་ཁྲིད་ཀྱིས་སྣེ་ཁྲིད་འགན་འཁུར་བའི་བྱ་བའི་ཆེད་སྒྲུབ་ཚན་ཆུང་གྲུབ་པར་བྱས་ཏེ། པུའུ་ཁོངས་གཏོགས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ལ་སློབ་སྦྱོང་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཧྲིལ་པོ་དང་རིམ་པ་སོ་སོའི་སྐུལ་འདེད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད།
ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་བྱས་ཏེ། བསམ་བློའི་གནད་དོན་ཐག་གཅོད་དང་དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་བྱེད་པ། སློབ་སྦྱོང་སློབ་གསོ་དང་ལྟེ་བའི་བྱ་བ་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ། གསར་དར་མངའ་ཁོངས་ཀྱི་ཏང་འཛུགས་སྐྱོང་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་ཞིབ་ཚགས་དང་དངོས་སྒྲུབ་བཅས་བྱས་ནས། སྤྱི་ཚོགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་སློབ་སྦྱོང་དང་བརྟག་བཤེར་ཀྱི་ཕན་འབྲས་ལ་སྐུལ་འདེད་གཏོང་དགོས།
ཏང་གཤིས་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་བསམ་སྦྱོར་གཅིག་མཐུན་བྱས།
“ཚོགས་གསུམ་ཁྲིད་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ། ན་གཞོན་གཞུང་ལུགས་སློབ་སྦྱོང་སོགས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་དེ་སློབ་གསོར་ཁྲིད་སྟོན་བྱས་ནས་ཏང་ཡོན་ལས་བྱེད་པས་སྲིད་འབྲས་ལྟ་བ་ཡང་དག་པ་བྱ་བའི་ཐད་བཀོལ་བ་དང་། གཙོ་གནད་ས་ཁུལ་གྱི་ཁེ་ལས་ལ་རྟོག་ཞིབ་ཟབ་མོ་བྱས་ཏེ། གནས་ཚུལ་ངོ་མ་རྟོགས་པ་དང་གནད་དོན་ཡང་དག་འཚོལ་བ། ཐབས་ཇུས་དངོས་འདོན་པ། གྲུབ་འབྲས་ཚུལ་སྒྱུར་བཅས་བྱས་ཡོད། ཏང་ཡོན་ལས་བྱེད་པ་ཚང་མས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་བྱ་སྤྱོད་སྤེལ་མཁན། དོན་དངོས་སྒྲུབ་མཁན་བཅས་ཡག་པོ་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་ལྟེ་བའི་བྱ་བ་ཟུང་འབྲེལ་བྱས་ནས། སྲིད་འབྲས་ལྟ་བ་ཡང་དག་པར་བརྟེན་ནས་སྤུས་འབྲས་ལེགས་གཏོང་ལ་སྣེ་ཁྲིད་བྱེད་དགོས།
ཁྲིམས་འཛིན་པུའུ་ཡིས་སློབ་སྦྱོང་བགྲོ་གླེང་དང་དཔེ་ཀློག་འཛིན་གྲྭ་སྒྲུབ་པ་དང་། བསམ་བློའི་ཐོག་ནས་གཞི་རྩ་ཇེ་བརྟན་དུ་གཏོང་བ། ཏང་གཤིས་ཀྱི་གོ་རྟོགས་མཐོར་འདེགས་བྱེད་པ། སློབ་སྦྱོང་སློབ་གསོ་གོ་སྐབས་སུ་འཛིན་པ། ཡང་དག་པའི་སྲིད་འབྲས་ལྟ་བ་ཁྲིམས་འཛིན་སྲིད་འཛིན་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་གང་ཅིའི་ཐད་འདྲེས་པར་བྱས་ནས། ཆབ་སྲིད་འཛུགས་སྐྱོང་དང་ཆེད་ལས་ནུས་པ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། རང་རྟོགས་སྒོས་སྲིད་འཛིན་ཁྲིམས་འཛུགས་དང་སྲིད་འཛིན་ཁྲིམས་བསྟར་སོགས་ཀྱི་བྱ་བ་སྣ་ཚོགས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་བཞག་ནས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད།
ཆེས་མཐོའི་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དཔེ་ཀློག་འཛིན་གྲྭ་སྒྲུབ་པ་དང་། ཁྲིམས་ཁང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པས་བསམ་བློའི་བློ་སྦྱོང་ཆེན་པོ་དང་ཏང་གཤིས་སྦྱོང་བརྡར་ཆེན་པོ་བྱེད་པར་དཔེ་སྟོན་སྐུལ་ཁྲིད་བྱས་ཏེ། མི་དམངས་ཁྲིམས་ཁང་གིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས་སློབ་སྦྱོང་སྤེལ་བའི་དངོས་ཡོད་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་བླང་བྱ་དེ་བྱ་བའི་རིམ་པ་སོ་སོ་དང་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱས་ནས། གྱོད་བསྟུན་གྱོད་སྒྲུབ་དང་འཕྲུལ་ཆས་ཀྱི་ཁྲིམས་འཛིན། གོ་རིམ་སྟོང་པ་སོགས་ཀྱི་གནད་དོན་དག་ཐེར་དང་བཅོས་སྒྲིག་ཤུགས་ཆེན་བྱས་ཏེ། གནད་དོན་ངོ་མ་ཐག་གཅོད་ཐུབ་པར་བྱས་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསྟན་དོན། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་གོ་སྐབས་སུ་བྱས་ནས། ཧུར་ཐག་གིས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་རྒྱུན་ཆད་མེད་པར་དྲང་ནུས་འདོན་སྤེལ་བྱ་རྒྱུ་ཡིན།
ཤ་བོ་རིན་མཚོས་བསྒྱུར།