དངོས་སྒྲུབ་ལ་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་བསྐྲུན་པ་དང་གསར་གཏོད་ལ་བརྟེན་ནས་མ་འོངས་པར་རྒྱལ་ཁ་ལེན་དགོས།  

ཁུངས། ཀློག་གྲངས།

དོན་ཆེན་ལ་གྲོས་མོལ་དང་དམངས་ཀྱི་ཤེས་རིག་གཅིག་བསྡུས།    ལེའུ་གསར་པ་འབྲི་བ་བཅས་བྱས་ཏེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ།  ཟླ3པའི་ཚེས12ཉིན་པེ་ཅིང་དུ་གྲོལ།    ཐེངས་འདིའི་ཚོགས་ཆེན་གྱིས་དམངས་གཙོ་དར་སྤེལ་དང་ཁྲིམས་ལྟར་ལས་སྒྲུབ་ནན་མོ་བྱས་པ་དང་།   ཚོགས་ཞུགས་འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་མངག་བཅོལ་ཡིད་ལ་དམ་པོར་བཟུང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐྱོད་ལམ་གསར་པའི་སྟེང་དམངས་གཙོ་དང་མཐུན་སྒྲིལ།  བདེན་འཚོལ།   འབད་འཐབ་བཅས་ཀྱི་དུས་རབས་ཀྱི་རོལ་དབྱངས་དཀྲོལ།   

ཐེངས་འདིའི་ཚོགས་ཆེན་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོར་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན།    གྲོས་ཚོགས་ལས་འདས་པའི་ལོ་གཅིག་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་།   འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན་དེའི་གཞི་རྩ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིད་སྟོན་བཟང་བོ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད་པར་འདོད།   

ཚོགས་ཆེན་ལས་སྲིད་གཞུང་བྱ་བའི་སྙན་ཞུ་དང་དེ་ལས་གཞན་པའི་སྙན་ཞུ་གལ་ཆེན་སྣ་ཚོགས་ལ་གྲོས་ཞིབ་བྱས་ཏེ་ཆོག་མཆན་བཀོད་པ་དང་།   འཐུས་མི་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན།  སྲིད་གཞུང་བྱ་བའི་སྙན་ཞུ་ལས་ཏང་ཀྲུང་དབྱང་གི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བྱ་བའི་སྐོར་གྱི་བཀོད་སྒྲིག་མངོན་ཡོད་ལ།   དོན་དངོས་དང་མཐུན་ཞིང་ཕྱོགས་ཡོངས་ནས་གྲུབ་འབྲས་སྤྱི་སྡོམ་བྱས་ཡོད་པར་མ་ཟད།    ཚན་རིག་དང་མཐུན་པའི་སྒོ་ནས་དམིགས་འབེན་ལས་འགན་བཀོད་སྒྲིག་བྱས་ཡོད་པ་དང་།   བརྗོད་དོན་གསལ་ཞིང་དང་དངོས་སྒྲུབ་སྔོན་བརྩོན།   མཐུན་སྒྲིལ་ཤུགས་བསྐྱེད་ཀྱི་སྙན་ཞུ་བཟང་བོ་ཞིག་ཡིན་པར་འདོད།   ཚོགས་ཆེན་ལས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས།   རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་།   རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འདས་པའི་ལོ་གཅིག་གི་རིང་ཁྲིམས་ལྟར་འགན་སྒྲུབ་བྱས་ཏེ་ཕྱོགས་སོ་སོའི་ཐད་གྲུབ་འབྲས་གསར་པ་དང་ཕན་འབྲས་གསར་པ་བླངས་པར་ཁས་ལེན་གང་ལེགས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་འབད་པས་བཏོད་པའི་ཁྲིམས་སྐྱོང་གི་གཞི་རྩ་ཇེ་བརྟན་དུ་བཏང་།

ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པའི་ཆ་ནས།    ཚོགས་ཆེན་ལས་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད་པའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཁྱབ་པར་བྱས་ཡོད་པ་དང་།   ཏང་ཀྲུང་དབྱང་གིས་ཇུས་འགོད་གནང་བའི་རླབས་ཆེན་འཆར་འགོད་དེ་དངོས་གཉེར་ལག་བསྟར་བྱས་ཆོག་པའི་འཆར་འགོད་བཟང་བོ་ཞིག་ཏུ་འགྱུར་བར་བྱས་ཤིང་།  ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཤེས་རིག་དང་ཐུན་མོང་གི་རེ་འདུན་གཅིག་བསྡུས་སྒོས་མཚོན་པར་བྱས་ཡོད་པར་མ་ཟད།     ཏང་གི་བཞེད་དགོངས་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་གང་ལེགས་བྱས་ལ།   དོན་དངོས་དང་མཐུན་ཞིང་རེ་སྒུག་དང་བསྟུན་པ།  མ་འོངས་པར་ཁྲིད་སྟོན་བྱེད་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཆར་འགོད་རྩ་གནད་ཅིག་རེད།   ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས།   སྔ་འཛིན་ཕྱི་གཏོད་ཀྱི་གོ་གནས་གལ་ཆེན་ལྡན།   རང་རྒྱལ་གྱི་འཕེལ་རྒྱས་འཐབ་ཇུས་ཐད་གོ་སྐབས་དང་ཉེན་ཁ།  འགྲན་སློང་བཅས་མཉམ་དུ་གནས་ཡོད་པ་དང་།   ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་པོ་གནས་ཡོད།   ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འབད་འཐབ་དམིགས་འབེན་ལ་དམིགས་ནས་འཆར་འགོད་བཟང་བོ་དང་ལག་བསྟར་ནུས་པ་ཟུང་འབྲེལ་བྱས་ཏེ་དགེ་མཚན་སྲ་བརྟན་རྒྱ་བསྐྱེད་གཏོང་དགོས་པ་དང་བཀག་རྒྱ་མེད་པར་བྱེད་དགོས་ལ།   མི་འདང་ས་དང་ཞན་ས་ཁ་གསབ་བྱེད་དགོས་པར་མ་ཟད།   འཕེལ་རྒྱས་གཏན་འཇགས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་པ་དང་།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་ཡོད་པའི་འཐབ་ཇུས་ལས་འགན་ཐད་ཐོལ་བརྒལ་གལ་ཆེན་འབྱུང་བར་སྐུལ་འདེད་བཏང་ན།   སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་ཐད་རྨང་གཞི་སྔར་ལས་བརྟན་པོ་འདིང་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་ཡོངས་འགྲུབ་བྱེད་དགོས་ན།   སྔར་ལས་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་ཁ་གཏད་འཇལ་དགོས་པ་དང་སྔར་ལས་རིམ་པ་མང་པོའི་འགལ་བ་ཐག་གཅོད་དགོས།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ཞེས་པའི་སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་ལས་དོན་འདི་ལག་ལེན་ཁྲོད་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱེད་དགོས་པ་དང་།   གསར་གཏོད་ ལ་བརྟེན་ནས་འཕེལ་རྒྱས་ལ་ཁྲིད་སྟོན་དང་མ་འོངས་པར་རྒྱལ་ཁ་ལེན་དགོས།    ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འབད་འཐབ་བྱེད་ན།  ང་ཚོས་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས་པ་དང་།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་དུ་བྱེད་པ་དང་བཅོས་སྒྱུར་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ།   མི་དམངས་མང་ཚོགས་ཀྱི་ཉིན་རེར་འཕར་བཞིན་པའི་མཛེས་སྡུག་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ།   ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་རྒྱུ་རྩ་བའི་འགན་སྲུང་དུ་བྱེད་པ་བཅས་བྱས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ལམ་བུ་གསར་པ་བཏོད་པ་དང་།   དཔལ་འབྱོར་གསར་པ་དང་ལེགས་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་རང་འགུལ་ལ་རྒྱུས་ལོན་བྱེད་དགོས།   མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་བཟང་བོ་དང་འཐུས་ཚང་བཟང་བོ།  འཁོར་སྐྱོད་བཟང་བོ་བཅས་བྱེད་པ་དང་།   ཏང་གི་རིག་གཞུང་དང་ལམ་ཕྱོགས།  བྱེད་ཕྱོགས་སྲིད་ཇུས།  ཇུས་ཆོད་བཀོད་སྒྲིག་བཅས་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དང་ནུས་ཡོད་སྒོས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ།   གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཁྲོད་དམངས་ཀྱི་འདོད་བློ་མངོན་པར་བྱེད་པ་དང་མི་དམངས་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་པ།  མི་དམངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པ་བཅས་བྱས་ནས་མི་དམངས་ཡོངས་ཀྱི་ཤེས་རིག་དང་སྟོབས་ཤུགས་ཡོད་ཚད་སྔར་ལས་ནུས་ཡོད་སྒོས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་མངོན་འགྱུར་པའི་སྟེང་གཅིག་བསྡུས་བྱེད་དགོས།

འདས་ཟིན་པར་ཕྱིར་དྲན་ཞིག་བྱས་ཚེ།    དབུལ་ཕོངས་ཉམས་ཞན་གྱི་ཞིང་ལས་རྒྱལ་ཁབ་ནས་འཛམ་གླིང་གི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་འཛམ་གླིང་གི་དཔལ་འབྱོར་ཕུང་བོ་ཆེན་པོ་ཨང་གཉིས་པའི་བར་དང་།    དུས་བཅད་ལྟར་དབུལ་ཐོར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་པ་ནས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་སྐྱོད་ལམ་གསར་པའི་འགོ་བཟང་བོར་བརྩམས་པའི་བར།    ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འོད་སྟོང་འབར་བའི་ལོ་རྒྱུས་བསྐྲུན་པ་ཡིན་ལ།  ད་རུང་དངོས་སྒྲུབ་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་དགོས།   རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་དགོས་ལ།   དོན་དངོས་ནས་འགོ་རྩོམ་རྒྱུ་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ།   རང་རྟོགས་སྒོས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ཐོན་པར་བྱེད་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་ཐོན་པར་བྱེད་པ་བཅས་བྱས་ཏེ་ལག་ལེན་དང་མི་དམངས།  ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཐོབ་པར་བྱེད་དགོས།    ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་རྩ་གནད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བར་རྒྱལ་ཡོངས་དམངས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་དམངས་ཆེན་གྱི་འགན་འཁྲི་ཧ་ཅང་ལྕི།   ཆབ་སྲིད་ཀྱི་ལངས་གནས་སུ་བརྟན་པོར་འགྲེང་བ་དང་།   ཆབ་སྲིད་ཀྱི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས།   མང་ཚོགས་ཀྱི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ།   དམངས་ཆེན་འཐུས་མིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།        འགན་སྒྲུབ་ཀྱི་བྱེད་ནུས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ།   སྔར་ལས་ལྷག་པའི་སྒོ་ནས་ཡུལ་བབ་དང་བསྟུན་པ་དང་། དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།   དམངས་ཀྱི་ཤེས་རིག་གཅིག་བསྡུས་བྱེད་པ།  དམངས་འཚོ་ལ་ཕན་འདོགས་པ།   དམངས་ཀྱི་རེ་འདོད་དང་དུ་ལེན་པ་བཅས་བྱས་ན་ལས་སྒྲུབ་ལས་གཏོད་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱེད་ཐུབ།  

སྐྱོད་ལམ་གསར་པ་ནི་རྒྱང་སྐྱོད་གསར་པ་ཡིན་པ་དང་།   ང་ཚོའི་མདུན་ལམ་འོད་སྟོང་ལྡན་ཡང་།  ཀྱང་ཀྱོག་གི་ལམ་བུ་མང་པོ་བརྒྱུད་དགོས།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།  གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།    འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ།   སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་ཐུབ་པར་བྱེད་པ།     དངོས་སྒྲུབ་ལ་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་བསྐྲུན་པ་དང་གསར་གཏོད་ལ་བརྟེན་ནས་མ་འོངས་པར་རྒྱལ་ཁ་ལེན་པ།  ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་བཟང་བོར་རྩོམ་པ་བཅས་བྱས་ནས་གོམ་པ་རེ་རེ་བཞིན་བརྗིད་ཉམས་ལྡན་པའི་རེ་སྙེག་དེ་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།