སྲིད་འབྲས་ལྟ་བའི་ནོར་འཁྲུལ་ནུས་ལྡན་གྱིས་འགོག་ཟོན་དང་ཡོ་བསྲང་བྱེད་པ། ——ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་རྒྱུའི་སྐོར་གླེང་བ། ཞིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་པ།

ཁུངས། ཀློག་གྲངས།

ཡང་དག་པའི་སྲིད་འབྲས་ལྟ་བ་ནི་སྲིད་སྐྱོང་གི་ཀུན་སྤྱོད་དང་། སྲིད་སྐྱོང་གི་ཐབས་ལམ། སྲིད་སྐྱོང་གི་གནད་འགག་བཅས་ཡིན། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་བརྒྱུད་ནས། ཏང་ཡོངས་དང་ལྷག་པར་དུ་རིམ་པ་ཁག་གི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པར་སྲིད་འབྲས་ལྟ་བའི་ནོར་འཁྲུལ་ནུས་ལྡན་གྱིས་འགོག་ཟོན་དང་ཡོ་བསྲང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ན། ད་གཟོད་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཐུབ་ལ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་རྒྱུན་ཆད་མེད་པར་གསར་གཏོད་བྱེད་ཐུབ།

སྲིད་འབྲས་ལྟ་བའི་ནོར་འཁྲུལ་ནུས་ལྡན་གྱིས་འགོག་ཟོན་དང་ཡོ་བསྲང་བྱེད་པར་ངེས་པར་དུ་གནད་དོན་གྱི་ཁྲིད་སྟོན་དང་དམིགས་འབེན་གྱི་ཁྲིད་སྟོན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རུས་ལ་སིམ་པའི་དུག་ལེན་པ་དང་། རུལ་འདོན་ཤ་གསོ་བྱས་ནས་ཏང་སྔར་བས་སྲ་ཞིང་བརྟན་པར་འཛུགས་སྐྲུན་བྱེད་དགོས། མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པ་སྐོར་ཅིག་ལ་ནོར་འཁྲུལ་གྱི་སྲིད་འབྲས་ལྟ་བའི་གནད་དོན་ཡོད་དེ། དཔེར་ན། “རྣམ་པ་ཙམ་གྱི་བཟོ་འགོད”དང“སྲིད་འབྲས་བཟོ་འགོད”བཟོ་བ་དང་། ས་གནས་སྲིད་གཞུང་གི་བག་གནས་བུ་ལོན་སྒྲིག་འགལ་གྱིས་གསར་དུ་འཕར་བར་བྱེད་པ། དཔོན་པོ་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ། རྫུན་བཟོ་རྫུན་སྒྲིག མིག་མདུན་གྱི་ཁེ་ཕན་ཁོ་ན་དོན་གཉེར་བྱེད་པ། མང་ཚོགས་ཀྱི་འདོད་བློ་དང་འགལ་ཞིང་དོན་དངོས་དང་མི་མཐུན་པའི་ཇུས་ཆོད་འགོད་པ། “ངེས་མེད་འགྱུར་ལྡོག་ཆེ་བའི་སྲིད་ཇུས”འཆར་འགོད་དང་ལག་བསྟར་བྱེད་པ་སོགས། དོན་དངོས་མང་པོ་ཞིག་གི་ཐོག་ནས་སྲིད་འབྲས་ལྟ་བར་ནོར་འཁྲུལ་བྱུང་ན་ཐོན་ཁུངས་འཕྲོ་བརླག་གཏོང་བ་དང་། འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འཕེལ་རོགས་བྱེད་པ། ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་འབྱུང་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བར་གནོད་འཚེ་གཏོང་བ་བཅས་བདེན་དཔང་བྱས་འདུག་པས། མཐའ་གཅིག་ཏུ་དེ་ལ་འགོག་ཟོན་དང་ཡོ་བསྲང་གང་ནུས་བྱེད་དགོས།

སྲིད་འབྲས་ལྟ་བའི་ནོར་འཁྲུལ་ནུས་ལྡན་གྱིས་འགོག་ཟོན་དང་ཡོ་བསྲང་བྱེད་པར་ངེས་པར་དུ་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཐོག ནད་བསྟུན་སྨན་བཅོས་བྱས་ཏེ་བཅོས་སྐྱོང་ཡག་པོ་བྱེད་དགོས། ཕྱོགས་ཡོངས་ནས་གནད་དོན་ཞིབ་བཤེར་གཏིང་ཟབ་བྱས་ཏེ་ཏང་གཤིས་ཀྱི་ཐོག་ནས་ཧེ་བག་འཚོལ་བ་དང་། འབྱུང་རྩ་ཞིབ་བཤེར་བྱེད་པ། བློ་སྦྱོང་ལ་ཤུགས་སྣོན་པ་བཅས་བྱས་ནས་གནད་དོན་གཙོ་བོའི་གསལ་ཐོ་འགོད་དགོས། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་སྐབས་ངེས་པ་དོན་གྱིས་ལག་ལེན་བསྟར་ཏེ། འཕྲལ་མར་ལེགས་བཅོས་བྱེད་ཐུབ་པ་དག་འཕྲལ་མར་ལེགས་བཅོས་བྱེད་དགོས་ལ། གནས་སྐབས་སུ་ཐག་གཅོད་གཙང་མ་བྱེད་དཀའ་བའི་གནད་དོན་དག་ཀྱང་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས། དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེ་བེད་སྤྱོད་ཡག་པོ་བྱེད་པ་དང་། ཉེན་བརྡའི་སློབ་གསོར་ཤུགས་སྣོན་རྒྱག་པ། གྱོད་དོན་དཔྱད་གཞིར་འཛིན་པ་དང་གྱོད་དོན་ལ་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ། སྲིད་འབྲས་ལྟ་བར་ནོར་འཁྲུལ་བྱུང་བའི་རྒྱུ་རྐྱེན་དང་འབྱུང་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། གནད་འགག་བཙལ་ནས་ལེགས་བཅོས་གཏིང་ཟབ་བྱས་ཏེ། གནད་དོན་དེའི་རིགས་འབྱུང་བར་སྔོན་འགོག་བྱེད་དགོས།

སྲིད་འབྲས་ལྟ་བའི་ནོར་འཁྲུལ་ནུས་ལྡན་གྱིས་འགོག་ཟོན་དང་ཡོ་བསྲང་བྱེད་པར་ངེས་པར་དུ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྒྲིག་ལམ་ཡག་པོ་འཛུགས་པ། བྱ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པའི་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་མ་ལག་བཙུགས་ནས། ལས་བྱེད་པར་བདེན་འཚོལ་དངོས་གཉེར་བྱེད་པར་སྐུལ་མ་གཏོང་བའི་ནང་རྐྱེན་ནུས་ལྡན་ཞིག་ཆགས་པར་བྱས་ཏེ། དོན་དངོས་ལ་མཐོང་ཆེན་དང་། སྐད་ཆ་དྲང་མོར་བཤད་པ། དོན་དངོས་དོན་གཉེར་བྱེད་པ། ཕན་འབྲས་དངོས་དོན་གཉེར་བྱེད་པ་བཅས་ཀྱི་ལས་བྱེད་པར་གཟེངས་བསྟོད་དང་མཐོང་ཆེན་བྱེད་དགོས་པ་དང་། ཕྱི་ཚུལ་ཙམ་གྱི་བྱ་བ་སྒྲུབ་པ་དང་། དམངས་ལ་དཀའ་ལས་དང་རྒྱུ་ནོར་འཕྲོ་བརླག་གཏོང་བའི་ལས་བྱེད་པ་དེ་དག་ལ་ཁེ་ཕན་ཐོབ་ཏུ་མི་འཇུག་པར་མ་ཟད། སྐྱོན་བརྗོད་དང་ཆད་པ་གཅོད་དགོས། “ཤེས་ལྡན་མི་སྣ་བཀོལ་སྤྱོད་བྱེད་པར་མཁས་པའི་མིས་འཇོན་ཐང་ཡོད་པའི་མི་ལ་ནུས་ཤུགས་འདོན་དུ་འཇུག་པ་དང་། མཐོང་རྒྱ་ཡོད་པའི་མི་ལ་བློ་གྲོས་འདོན་དུ་འཇུག་དགོས།”ལས་བྱེད་པར་མཚོན་ན་སྐུལ་མ་ཆེ་ཤོས་ནི་ཡང་དག་པར་མི་སྣ་བཀོལ་སྤྱོད་བྱེད་རྒྱུ་དེ་ཡིན་ཏེ། མི་གཅིག་བཀོལ་སྤྱོད་ཡག་པོ་བྱས་པ་ཡིས་མི་མང་པོ་ཞིག་ལ་སྐུལ་མ་གཏོང་ཐུབ། སྲིད་འབྲས་དཔྱད་ཞིབ་མཇུག་འབྲས་དང་འདེམས་སྒྲུག་བསྐོ་སྤྱོད་ཟུང་འབྲེལ་བྱས་ནས། དངོས་སྒྲུབ་ལ་མཐོང་ཆེན་དང་གྲུབ་འབྲས་ལ་མཐོང་ཆེན་བྱེད་པའི་མི་འདེམས་པ་དང་མི་བཀོལ་སྤྱོད་ཀྱི་ཕྱོགས་སྟོན་སྔར་བས་ཆགས་པ་བྱས་ན། རིམ་པ་སོ་སོའི་ལས་བྱེད་པས་ཕུ་ཐུང་བརྫེ་ནས་འབད་བརྩོན་བྱེད་པར་སྐུལ་མ་གཏོང་ཐུབ་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་ཐུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅི་ཕིང་གིས་བསྟན་དོན། “མཐར་གཏུགས་ནས་བཤད་ན། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ནི་ཏང་གཤིས་ཡིན།” ཏང་གཤིས་ཀྱི་བཟང་ངན་འབྱེད་པའི་རྩ་བའི་ཚད་གཞི་ནི་སྤྱི་སྒེར་གཉིས་ལས་མ་འདས།  སྲིད་འབྲས་ལྟ་བ་ནོར་འཁྲུལ་ཅན་གྱི་རྩ་བ་ནི་སྒེར་གཙོ་བོར་བཟུང་བ་དང་། སྒེར་སེམས་དང་སྒེར་གྱི་འདོད་ཧམ་ཆེ་རུ་སོང་བས་ཡིན་ཞིང་། མི་སྒེར་རམ་ཚོགས་པ་ཆུང་གྲས་ཀྱི་ཁེ་ཕན་ལ་དམིགས་ནས། སེམས་རྣལ་དུ་མི་གནས་པ་དང་། མིག་མདུན་གྱི་ཁེ་ཕན་དོན་གཉེར་བྱེད་པ། རྫུན་བཟོ་རྫུན་སྒྲིག་བྱེད་པ། དམིགས་ཡུལ་དང་ཐབས་ལ་རྨོངས་པ། “སྣང་བརྙན་བཟོ་འགོད”དང“སྲིད་འབྲས་བཟོ་འགོད”བཟོ་བ་སོགས་ཀྱི་རྐྱེན་གྱིས་ཁུར་པོ་བསྐྱུར་བ་དང་མངོན་མེད་རྐྱེན་ངན་བཟོས་ཏེ། མི་དམངས་མང་ཚོགས་ཀྱི་བློ་ཡིད་མ་ཚིམ་པའི་གནས་ཚུལ་བྱུང་བ་རེད། ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ། སྒེར་སེམས་སྣ་ཚོགས་དོར་ཏེ་བྱ་བ་ཡོད་ཚད་སྤྱི་སེམས་ཀྱིས་བསྒྲུབས་ན། ད་གཟོད་ཡང་དག་པའི་ཡིན་མིན་གྱི་ལྟ་བ་དང་། བདེན་ཁེའི་ལྟ་བ། དབང་ཆའི་ལྟ་བ། ལས་དོན་གྱི་ལྟ་བ་བཅས་སྐྱེ་ཐུབ་པ་དང་། ད་གཟོད་སྲིད་འབྲས་ལྟ་བར་ནོར་འཁྲུལ་མི་འབྱུང་པར་ཁག་ཐེག་བྱེད་ཐུབ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱ་རྒྱུ་ནས་མགོ་བཙུགས་ནས། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ཏེ། རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་དེ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་པའི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་དང་འགལ་ཡོད་མེད་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དང་འགལ་ཡོད་མེད། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་དང་འགལ་ཡོད་མེད། རྒྱལ་ཁབ་ཀྱི་གནས་ཚུལ་དང་ས་ཁུལ་དང་སྡེ་ཁག་དེ་གའི་དོན་དངོས་དང་འགལ་ཡོད་མེད་བཅས་ལ་བལྟ་དགོས། བྱས་རྗེས་ང་ལ་མེད་ཆོག་ཀྱང་། བྱས་རྗེས་འཇོག་ལ་ང་ཡོད་དགོས་པའི་བསམ་པའི་གོ་རྟོགས་པ་ལ་བརྟེན་ནས། སེམས་ཤུགས་དང་ནུས་ཤུགས་དེ་ཏང་དང་མི་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་པ་དང་བྱ་གཞག་གསར་གཏོད་བྱེད་པའི་སྟེང་དུ་བཏོན་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།

ད་ལོ་ནི“ལྔ་བཅོ་ལྔ”མགོ་ཚུགས་པའི་ལོ་ཡིན་པས། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་ཕྱི་རོལ་གྱི་ཁོར་ཡུག་དང་། དཀའ་ཚེགས་ཆེ་བའི་བཅོས་བསྒྱུར་དང་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་འགན་གྱི་མདུན་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེ་བས་ཀྱང་སྣང་ཚུལ་གསར་པ་དང་བྱས་རྗེས་གསར་པ་བསྐྲུན་དགོས། ང་ཚོས་སློབ་སྦྱོང་སློབ་གསོ་སྤེལ་བ་གོ་སྐབས་སུ་བཟུང་ནས། ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ་དང་། སྲིད་འབྲས་ལྟ་བའི་ནོར་འཁྲུལ་ནུས་ལྡན་གྱིས་འགོག་ཟོན་དང་ཡོ་བསྲང་བྱེད་པ། བྱེད་ཐབས་དངོས་འདོན་པ་དང་། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ། སྔར་ལས་བློ་ཐག་ཆོད་ཅིང་ནུས་ལྡན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ལྔ་བཅོ་ལྔ”མགོ་ཡག་པོ་རྩོམ་པ་དང་གོམ་པ་ཡག་པོ་སྤོ་བར་ཁག་ཐེག་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས།