ལྗང་མདོག་རྩིས་ནུས་ཀྱིས་མ་འོངས་པ་བཏོད་པའི་དུས་རབས་ཀྱི་རྒྱུགས་ལན་འབད་པས་འབྲི་དགོས།

ཁུངས། ཀློག་གྲངས།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ། 

ཟླ་གསུམ་པའི་པེ་ཅིང་དུ། ལྗང་མདོག་རྩིས་ནུས་དང་འབྲེལ་བའི་ཚོགས་འདུ་ཞིག་གཟབ་རྒྱས་ངང་འཚོགས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུ་བདེ་བླག་ངང་བསྡུས་པ་དང་། དེ་ནི་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ལག་ལེན་གྲུབ་འབྲས་ཀྱི་གཅིག་བསྡུས་འགྲེམ་སྟོན་ཡིན་པར་མ་ཟད། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲིད་སྟོན་འོག མཚོ་སྔོན་ཀྱིས་རྩིས་གློག་མཐུན་སྦྱོར་གྱི་མཐོ་ས་གསར་བར་གོམ་སྟབས་བརྟན་པོ་སྤོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་རྒྱུས་ཀྱི་དུས་རིམ་དུ། མཚོ་སྔོན་གྱིས་ལྗང་གློག་དང་ལྗང་རྩིས་མཉམ་འབྲེལ་གྱི་ཁྱད་ལྡན་དགེ་མཚན་ལ་བརྟེན་ནས། མཐོ་སྒང་གི་ལྗང་རྩིས་དེ་འཕེལ་རྒྱས་ཀྱི་མདུན་ལྗོངས་ནས་གསོན་ཉམས་ལྡན་པའི་དངོས་ཡོད་དུ་བསྒྱུར་བ་དང་། རྒྱལ་ཁབ་ཀྱི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཐད་ལྗང་མདོག་གི་སྒུལ་ཤུགས་ཆེན་པོ་བསྣན།

མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་བཏང་བ་ནི་ཐོན་ཁུངས་ཀྱི་དགེ་མཚན་དང་རྒྱལ་ཁབ་འཐབ་ཇུས་ཀྱི་ཐུན་མོང་གི་ཆ་གཙོ་བོ་ཡིན་ལ། མཚོ་སྔོན་གྱིས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ལ་རྐང་བཙུགས་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་པའི་འགན་འཁྲི་ཁག་ཁུར་ཡང་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། ནུས་ཁུངས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་ལས། གྲངས་རིག་ཅན་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ་གོ་གནས་གཙོ་བོར་འཇོག་དགོས་པ་དང་། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་ལས། ཐོག་མར་གཞི་ཁྱོན་ཆེས་ཆེ་བའི་རིག་རྩིས་སྡེ་ཚོགས་དང་རྩིས་གློག་མཐུན་སྦྱོར་སོགས་རྨང་བསྐྲུན་ལས་གཞི་གསར་བ་ལག་བསྟར་བྱས་པའི་མུ་འབྲེལ་རྩེ་རིམ་ཇུས་འགོད་ཀྱི་འདེགས་སྐྱོར་ཆེན་པོ་ལས་དག་གཙང་ནུས་ཁུངས་འདེགས་སྐྱོར་དུ་བྱས་པའི་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དེ་ལས་རིགས་ཀྱི་ཐུན་མོང་ངོས་འཛིན་ནས་རྒྱལ་ཁབ་ཀྱི་འགུལ་སྐྱོད་དུ་མཐོར་འདེགས་བྱུང་བ་མཚོན་ཡོད། དེ་ལྟར། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་འགུལ་སྐྱོད་ཁྲོད་རྨང་གཞི་དང་ཆ་རྐྱེན་ལེགས་པོ་འཛོམས་ཤིང་། སྦས་ཤུགས་ཆེན་པོ་ལྡན་པ་བཅས་ཀྱི་ལག་བསྟར་མཁན་རེད།

རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་རྟེན་གཞི་གཙོ་བོ་ཡིན་པའི་ཆ་ནས། མཚོ་སྔོན་ལ་ཁྱད་ཆོས་ལྡན་པའི་ལྗང་མདོག་གི་ཁྱིམ་གཞིས་ཡོད་ལ། དག་གཙང་ནུས་ཁུངས་འཇུག་ཆས་ཀྱི་ཟིན་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་དང་། ལྗང་གློག་གི་རིན་གོང་དགེ་མཚན་མངོན་གསལ་ཡིན་ཏེ། ནམ་ཟླ་འཁྱགས་ཤིང་སྐམ་ཤས་ཆེ་བས། རང་བྱུང་གཞི་གྲངས་ཆེན་མོའི་ལྟེ་བའི“གནས་མལ་ཡང”ཡིན།  ཡིན་ན་འང་།  མཚོ་སྔོན་གྱི་དམིགས་ཡུལ་ནི་གློག་ཕྱིར་འཚོང་བྱེད་པ་ཙམ་མ་ཡིན་པར། ལྗང་མདོག་གློག་ནུས་ལ་བརྟེན་ནས་ལྗང་མདོག་གཞི་གྲངས་བརྩི་བ་དེ་ཡིན། ལོ་ངོ་གཅིག་གི་རིང་། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་སྟེ། ཨ་ལིས་དང་མུའུ་ཞི། ཧྭ་ཝེ། སའེ་ཝུའུ་ཅི་སོགས་རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱས་པའི་རྩིས་ནུས་སྡེ་ཚོགས་ལས་གཞི་འཁོར་རྒྱུག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྩིས་ནུས་ཚད་གཞིའི་སྒྲོམ་དང་རྩིས་ནུས་གཞི་ཁྱོན་གཉིས་ཀ་ལྡབ་འགྱུར་གྱིས་འཕར་སྣོན་བྱུང་། ཟི་ལིང་ནན་ཁྲོན་བཟོ་ལས་གླིང་ཁུལ་དེ་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ་སྐོར་དང་པོའི་གྲས་སུ་བདམས་ཐོན་བྱུང་ཞིང་། ལྗང་གློག་ཐད་སྦྲེལ་གསར་གཏོད་ཚོད་ལྟའི་གནས་ཀྱི་རྩིས་ནུས་ལ་ཐོག་མ་ནས་ཐཱན་མེད་པའི་མཚོན་རྟགས་བཀོད། རྒྱལ་ཁབ་པུའུ་ཨུ་ཡི་སྲིད་ཇུས་ཀྱི་གཞོགས་འདེགས་ནས་སྣེ་ཁྲིད་ཁེ་ལས་ཀྱི་འཐབ་ཇུས་བྱེད་ཐབས་བར་དང་། རིག་གཞུང་ལས་རིགས་ཀྱི་བློ་གྲོས་ཀྱིས་སྟོབས་ནུས་སྩོལ་བ་ནས་ཐོན་ལས་ལས་རིགས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱེད་པའི་བར་དུ། ཐུན་མོང་གི་ངོས་འཛིན་སྔར་ལས་གཅིག་སྡུད་བྱས་པ་དང་། འཕེལ་ཕྱོགས་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད།

དེ་ལས་ཀྱང་ངོམ་དུ་རི་བ་ཞིག་ནི། མཚོ་སྔོན་གྱིས་ལྗང་གློག་གིས་ལྗང་རྩིས་ལ་འདེགས་སྐྱོར་དང་། ལྗང་རྩིས་ཀྱིས་ཁེ་ལས་ལ་སྟོབས་ནུས་སྩོལ་བ། ལྗང་མདོག་འཁོར་རྒྱུག་འཕེལ་རྒྱས་བཅས་ཀྱི་ཁྱད་ལྡན་ཐབས་ལམ་འཚོལ་ཞིབ་བྱས། ཟི་ལིང་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ། ལྗང་གློག་ཐད་སྦྲེལ་གྱིས་གློག་ཚང་མ་དག་གཙང་ནུས་ཁུངས་ལས་འབྱུང་བར་བྱས་པ་དང་། རྩིས་ནུས་ཡོད་ཚད་ལ་ལྗང་མདོག་གི་རྟགས་མཚན་བཀོད་ཡོད། མཐོ་སྒང་གི་རྒྱ་ཆེ་བའི་ས་གཞིའི་སྟེང་། རྩིས་ནུས་དང་གློག་ནུས་དེ་སྟབས་བདེའི་རྣམ་པ་ནས་གཏིང་ཟབ་མཐུན་སྦྱོར་གྱི་ཕྱོགས་སུ་འཕེལ་བཞིན་ཡོད། ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་སྟེང་། འོད་འདུས་མཉམ་འདྲེས་དང་། འོད་ནུས་དང་ཚ་ནུས་མཉམ་འབྲེལ་སོགས་ལས་རིགས་ཀྱི་གཙོ་ཁྲིད་ཁེ་ལས་དང་། དེ་མིན་ཀུའེ་རིགས་དང་། ཉིང་ལྷེབ་ཇུས་འགོད་སྒྲིག་བཟོ། རྩིས་ནུས་རྨང་སྐྲུན། མཁའ་དབྱིངས་རྩིས་ནུས། AIབེད་སྤྱོད། རིག་ནུས་འཁོར་སྒྱུར། གཞི་གྲངས་ཞབས་ཞུ། རྩིས་ནུས་དངུལ་གཏོང་སོགས་ཐོན་ལས་མུ་ཕྲེང་ཧྲིལ་བོར་ཁེབས་པའི་ཁེ་ལས་ཚང་མ་གཅིག་ཏུ་འདུས་ནས། མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་རྒྱུས་ལོན་ཡང་དག་བྱས་པ་དང་། འདི་ནི་མཚོ་སྔོན་གྱི་རྩིས་གློག་མཐུན་སྦྱོར་གྱི་སྐྱེ་ཁམས་འགུག་ཤུགས་མུ་མཐུད་དུ་ཆེ་རུ་ཕྱིན་པའི་ནུས་ལྡན་གྱི་འགྲེལ་བཤད་རེད།

དངུལ་གཏོང་ལས་དར་དང་མཚོ་སྔོན་ལེགས་འདེམ་ཞེས་པ་ནི་འབོད་སྐུལ་ཙམ་ཞིག་མ་ཡིན་པར། མཐོ་སྒང་གི་དམ་བཅའ་བརྟན་པོ་ཞིག་ཀྱང་རེད། མཚོ་སྔོན་གྱིས་ཁེ་ལས་པས་སེམས་བདེ་མོས་དངུལ་གཏོང་དང་། བློ་བདེ་མོས་ལས་གཏོད་བྱེད་པ། བདེ་བླག་ངང་འཕེལ་རྒྱས་འགྲོ་བ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ལ་བརྟེན་ཞིང་། ཉིང་ལྷེབ་དང་དཔེ་དབྱིབས་ཆེན་མོ། སྤྲིན་རྩིས་ཁེ་ལས་དང་ཚན་ཞིབ་ལས་ཁུངས་བཅས་ལག་རྡང་སྦྲེལ་ཏེ། རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱས་པའི་ཉིང་ལྷེབ་དང་རྒྱལ་ཁབ་ཀྱིས་ཐོན་སྐྱེད་བྱས་པའི་རྩིས་ནུས་ཚོད་ལྟའི་རྟེན་གཞི་མཉམ་དུ་བསྐྲུན་པ་དང་། རང་བདག་དང་ཚོད་འཛིན་ཐུབ་པའི་ཚད་གཞིའི་མ་ལག་གཏན་འབེབས་བཟོ་རྒྱུ་རེད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བར། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ནུས་ཤུགས་འདོན་པ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གཙོ་བོར་བརྩིས་ནས། རྣམ་པ་གསར་བའི་ནུས་ཁུངས་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་། ལྗང་གློག་ཐད་སྦྲེལ་དང་རིག་ནུས་གློག་དྲ་ཆུང་གྲས། ཐཱན་མེད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བཅས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། ཚད་གཞི་སྔར་ལས་མཐོན་པོས་རྒྱལ་ཁབ་རིམ་པའི་ལྗང་མདོག་རྩིས་གློག་མཐུན་སྦྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། ནུབ་རྩིས་ཤར་སྤྱོད་ཀྱི་དམིགས་ཚད་གསར་བ་བསྐྲུན་རྒྱུ་རེད།

ནུབ་གློག་ཤར་སྐྱེལ་ནས་ནུབ་རྩིས་ཤར་སྤྱོད་དང་། དག་གཙང་ནུས་ཁུངས་ཕྱིར་གཏོང་ནས་ལྗང་མདོག་རྩིས་ནུས་ཀྱིས་སྟོབས་ནུས་སྩོལ་བའི་བར། མཚོ་སྔོན་གྱིས་ཐོན་ལས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ལེགས་འགྲུབ་བྱེད་བཞིན་ཡོད། མ་འོངས་པར་འབྲེལ་བ་ཡོད་པའི་འགྲན་ལམ་འདིའི་ཁྲོད། མཚོ་སྔོན་གྱིས་གཞན་གྱི་རྗེས་སུ་འབྲངས་པའི་གནས་སྟངས་ཙམ་མ་ཡིན་པར། གཞན་གྱི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་བཞིན་ཡོད། ང་ཚོས་སྣེ་ཁྲིད་ཁེ་ལས་མང་པོ་ཞིག་གི་འཐབ་ཇུས་བྱེད་ཐབས་དང་མཉམ་ལས་ལས་གཞི་མང་པོར་གྲུབ་འབྲས་ཐོབ་པར་བརྟེན། མཚོ་སྔོན་འདི་ཉིད་རྒྱལ་ཁབ་དང་ཐ་ན་འཛམ་གླིང་གི་ལྗང་མདོག་རྩིས་ནུས་ཐོན་ལས་འཆར་འགོད་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཏུ་འགྱུར་བར་མ་ཟད། ལྗང་གློག་དང་ལྗང་རྩིས་མཉམ་འབྲེལ་རྣམ་པ་དེ་དུས་རབས་གསར་བའི་མཚོ་སྔོན་གྱི་མིང་བྱང་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ནས། ལྗང་གློག་གིས་མ་འོངས་པ་བཏོད་པའི་དུས་རབས་ཀྱི་རྒྱུགས་ལན་འབྲི་བའི་ཡིད་ཆེས་ཆེན་པོ་བཅངས་ཡོད།

ལྷ་མོ་འཚོས་བསྒྱུར།