
(2012ལོའི་ཟླ11ཚེས15ཉིན།)
གྲོགས་པོ་གསར་འགོད་པ་རྣམས་ཀྱིས་ཚོགས་ཆེན་བཅོ་བརྒྱད་པའི་སྐོར་གྱི་གསར་འགྱུར་འབོར་ཆེན་སྤེལ་ནས་འཛམ་གླིང་ལ“ཀྲུང་གོའི་སྐད་སྒྲ”མང་པོ་ཞིག་སྒྲིག་སྤེལ་བྱས་ཡོད་པས། ཁོ་བོས་ཚོགས་ཆེན་གྱི་དྲུང་ཡིག་ཚན་པའི་ཚབ་ཞུས་ནས་ལྷན་རྒྱས་ལ་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ད་གིན་ང་ཚོས་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱས་ཏེ། སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞི་བདམས་ཐོན་བྱུང་བ་དང་། ང་རང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་བདམས་བྱུང་། འདིར་ཁོ་བོས་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་སྒྲིག་གཞིའི་ཁོངས་མི་རྣམ་པའི་ཚབ་ཞུས་ཏེ་ཏང་ཡོངས་ཀྱི་བློ་མཐུན་ཚོས་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མངག་བཅོལ་ལྕི་མོ་དང་འགན་འཁྲི་ཆེན་པོ་འདི་སྒྲུབ་པའི་ལས་ལ་རྩེ་གཅིག་ཏུ་གཞོལ་རྒྱུ་ཡིན།
ཏང་ཡོངས་ཀྱི་བློ་མཐུན་ཚོའི་མངག་བཅོལ་ལྕི་མོ་དང་། རྒྱལ་ཡོངས་མི་རིགས་ཁག་གི་རེ་ལྟོས་ནི་ང་ཚོ་ལས་ཀ་ཡག་པོར་སྒྲུབ་ཐུབ་པའི་སྐུལ་ལྕག་ཆེན་པོ་ཡིན་ལ། ང་ཚོའི་ཕྲག་ཏུ་བབས་པའི་འགན་འཁྲི་ཆེན་པོ་ཡང་རེད།
འགན་འཁྲི་ཆེན་པོ་འདི་ནི་མི་རིགས་ལ་འགན་འཁུར་བའི་འགན་འཁྲི་རེད། ང་ཚོའི་མི་རིགས་ནི་རླབས་ཆེ་བའི་མི་རིགས་ཤིག་ཡིན། ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་ཤེས་དཔལ་དར་རིམ་ནང་ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་ལ་བསུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད། ཉེ་རབས་ནས་བཟུང་ང་ཚོའི་མི་རིགས་འདིས་དཀའ་སྡུག་ཚད་མེད་མྱངས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཉིད་ཉེན་ཁ་ཆེ་ཤོས་ཀྱི་དུས་ལ་ཐུག་པ་རེད། དུས་དེ་ནས་བཟུང་སྟེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དོན་དུ་དམ་པ་གྲངས་མེད་ཀྱིས་ངར་ཤུགས་ཆེན་པོས་འགོག་རྒོལ་བྱས་ཀྱང་། དེ་དག་ལ་ཡང་དང་ཡང་དུ་ཕམ་ཉེས་བྱུང་བ་རེད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་རྗེས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྔ་འགྱེལ་ཕྱི་མཐུད་ཀྱིས་ཞུམ་མེད་འབད་འཐབ་བྱས་པས། དབུལ་ཞིང་ཕོངས་ལ་རྗེས་སུ་ལུས་པའི་ཀྲུང་གོ་རྙིང་པ་ཉིད་བར་མེད་དུ་དར་རྒྱས་ཕུན་ཚོགས་ཡོང་བའི་ཀྲུང་གོ་གསར་པར་བསྒྱུར་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུར་སྔར་བྱུང་མ་མྱོང་བའི་གཟི་འོད་འཕྲོ་བའི་བསྐལ་བ་བཟང་པོ་ཤར་ཡོད། ང་ཚོའི་འགན་འཁྲི་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་ཀྱི་མཐུད་རྒྱུག་དབྱུ་གུ་ཚུར་བླངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དོན་ལ་མུ་མཐུད་ནས་དཀའ་སྤྱད་འབད་བརྩོན་བྱས་ཐོག ཀྲུང་ཧྭ་མི་རིགས་ཉིད་སྔར་བས་སྟོབས་ལྡན་དང་འཛམ་གླིང་མི་རིགས་ཁག་གི་ནགས་ཀློང་དུ་འགྱིང་ངེར་ལངས་རྒྱུ་དང་། མིའི་རིགས་ལ་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་རྒྱུ་དེ་ཡིན།
འགན་འཁྲི་ཆེན་པོ་འདི་ནི་མི་དམངས་ལ་འཁུར་བའི་འགན་འཁྲི་རེད། ང་ཚོའི་མི་དམངས་ནི་རླབས་ཆེ་བའི་མི་དམངས་ཡིན། ལོ་རྒྱུས་ཀྱི་འཕེལ་རྒྱུན་རིང་མོའི་ནང་དུ་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ་དང་བློ་གྲོས་ཆེན་པོར་བརྟེན་ནས་མི་རིགས་ཁག་ཞི་མཐུན་མཉམ་གནས་ཀྱི་ཁྱིམ་གཞིས་བཟང་པོ་བསྐྲུན་ཡོད་པ་དང་། ཉམས་པ་མེད་པའི་ཕུལ་བྱུང་གི་རིག་གནས་གསོས་ཡོད། ང་ཚོའི་མི་དམངས་འཚོ་བ་ལ་དགའ་ཞེན་ཆེ་བ་དང་། ཁོང་ཚོས་སྔར་ལས་ལྷག་པའི་སློབ་གསོ་དང་སྔར་ལས་བརྟན་པའི་ལས་ཀ སྔར་ལས་བླ་ཡིད་ཚིམ་པའི་ཡོང་འབབ། སྔར་ལས་ཡིད་རྟོན་རུང་བའི་སྤྱི་ཚོགས་འགན་སྲུང་། སྔར་ལས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ། སྔར་ལས་སྐྱིད་པའི་གནས་སྡོད་ཀྱི་ཆ་རྐྱེན། སྔར་ལས་མཛེས་པའི་ཁོར་ཡུག་བཅས་ལ་རེ་སྨོན་བྱེད་ཀྱི་ཡོད་པ་དང་། བུ་ཕྲུག་རྣམས་འཚར་ལོངས་དེ་བས་ལེགས་པ་དང་། ལས་ཀ་དེ་བས་ལེགས་པ། འཚོ་བ་དེ་བས་བཟང་བ་བཅས་ལ་རེ་སྨོན་བྱེད་ཀྱི་ཡོད། མི་དམངས་ཀྱིས་རེ་སྨོན་བྱེད་པའི་དགའ་སྐྱིད་ཀྱི་འཚོ་བ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། མི་ཡུལ་གྱི་བདེ་སྐྱིད་འཚོ་བ་ཚང་མ་དཀའ་སྤྱད་ངལ་རྩོལ་ལས་བྱུང་བ་རེད། ང་ཚོའི་འགན་འཁྲི་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མུ་མཐུད་ནས་བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་སྒོ་འབྱེད་རྒྱུན་འཁྱོངས། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་གོང་སྤེལ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་ཐག་གཅོད་ཧུར་ཐག ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་བགྲོད་ལམ་ཐོག་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བཅས་བྱ་རྒྱུ་དེ་ཡིན།
འགན་འཁྲི་ཆེན་པོ་འདི་ནི་ཏང་ལ་འཁུར་བའི་འགན་འཁྲི་རེད། ང་ཚོའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་མཁན་སྲིད་ཏང་ཞིག་ཡིན། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་བླངས་ཡོད་པས། ང་ཚོར་སྤོབས་པ་སྐྱེ་དགོས་པའི་རྒྱུ་མཚན་ཡོད་མོད། འོན་ཀྱང་ང་ཚོ་སྤོབས་པ་སྐྱེ་དགོས་པ་ལས་ང་རྒྱལ་སྐྱེ་མི་ཉན་པ་དང་། བླངས་ཟིན་པའི་བྱས་རྗེས་ལ་བློ་ཚིམས་ནས་སྡོད་མི་ཉན། གནས་བབ་གསར་པའི་འོག་ང་ཚོའི་ཏང་གི་མདུན་དུ་འགྲན་སློང་དྲག་པོ་མང་པོ་ཞིག་ལྷགས་ཡོད་པ་དང་། ཏང་ནང་ཁུལ་དུ་ཐག་གཅོད་གང་མགྱོགས་བྱ་རྒྱུར་ཐུག་ཡོད་པའི་གནད་དོན་མང་པོ་ཞིག་གནས་ཡོད། ལྷག་པར་དུ་ཏང་ཡོན་ལས་བྱེད་པ་ཁག་ཅིག་གི་ཁྲོད་དུ་བྱུང་བའི་ལྐོག་ཟ་རུལ་སུངས་དང་། མང་ཚོགས་དང་ཁ་བྲལ་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་སོགས་པའི་གནད་དོན་ནི་ངེས་པར་དུ་ཤུགས་ཆེན་པོ་བརྒྱབ་སྟེ་ཐག་གཅོད་བྱེད་དགོས་ཀྱི་ཡོད། ཏང་ཡོངས་ངེས་པར་དུ་རྨོངས་གཉིས་ལས་སད་དགོས་ཀྱི་ཡོད། ལྕགས་རྡུང་བར་ཐོ་བ་སྲ་དགོས། ང་ཚོའི་འགན་འཁྲི་ནི་ཏང་ཡོངས་ཀྱི་བློ་མཐུན་རྣམས་དང་ལྷན་དུ་ཏང་གིས་ཏང་དོ་དམ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་དང་། ལས་ཀའི་སྤྱོད་ཚུལ་ལེགས་སྒྱུར་ཏན་ཏིག མང་ཚོགས་དང་འབྲེལ་འདྲིས་དམ་པོ་བཅས་བྱེད་པའི་སྒོ་ནས་ང་ཚོའི་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་ཆགས་པར་བྱ་རྒྱུ་དེ་ཡིན།
མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་ཡིན་པ་དང་། མང་ཚོགས་ནི་དཔའ་བོ་ངོ་མ་རེད། མི་དམངས་མང་ཚོགས་ནི་ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། ང་ཚོས་ཟབ་མོར་ཤེས་ཡོད་གསལ་ལ་མི་རེ་རེའི་སྟོབས་ཤུགས་ལ་ཚད་ཡོད་ཀྱང་། ང་རང་ཚོ་མི་བརྒྱ་བློ་གཅིག་དང་དཔུང་པ་མཉམ་གཤིབ་བྱས་པ་ཡིན་ཕྱིན། ཁྱད་གསོད་བྱེད་མི་ཐུབ་པའི་དཀའ་ངལ་གང་ཡང་མེད་པ་དང་། མི་རེ་རེའི་ལས་ཀའི་དུས་ཚོད་ལ་ཚད་ཡོད་ཀྱང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཚད་མེད་པ་ཞིག་རེད། འགན་འཁྲི་རི་ལས་ལྕི་བ་དང་ལས་དོན་སྒྲུབ་ཡུན་རིང་བས། ང་ཚོས་ངེས་པར་ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱས་ཏེ། ཉིན་མཚན་ལྟོས་མེད་དུ་བསྒྲུབ་བྱའི་ལས་དོན་ལ་གཞོལ་ནས་ལོ་རྒྱུས་དང་མི་དམངས་ལ་ཚད་གཞི་ལོངས་པའི་རྒྱུགས་འབྲས་ཤིག་སྤྲོད་དགོས།
ཀྲུང་གོས་འཛམ་གླིང་ལ་རྒྱུས་ལོན་སྔར་ལས་མང་བ་ཞིག་བྱེད་དགོས་ཀྱི་ཡོད་ལ། འཛམ་གླིང་གིས་ཀྱང་ཀྲུང་གོར་རྒྱུས་ལོན་སྔར་ལས་མང་བ་ཞིག་བྱེད་དགོས་ཀྱི་ཡོད་པས། གྲོགས་པོ་གསར་འགོད་པ་ལྷན་རྒྱས་ནས་སླད་ཕྱིན་མུ་མཐུད་དུ་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁབ་བར་གྱི་ཕན་ཚུན་རྒྱུན་ལོན་ཡོང་ཤུགས་ཆེ་རུ་གཏོང་བའི་དོན་དུ་སླར་ལས་ལྷག་པའི་བརྩོན་པ་དང་ལེགས་སྐྱེས་འབུལ་བའི་རེ་བ་ཞུ་རྒྱུ་ཡིན།