
༄༅། །ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བར་རྩེ་གཅིག་ཏུ་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་དགོས།
(2012ལོའི་ཟླ་11ཚེས་17ཉིན།)
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་[2]སྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོར་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པ་བཅས་ཀྱི་བརྗིད་ཉམས་ཆེ་བའི་འཆར་གཞི་བཀོད་ཡོད། དེ་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེ་དེ་མུ་མཐུད་མདུན་སྐྱོད་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཆེད་དུ་འབད་འཐབ་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་པ་དང་། ང་ཚོ་སྐབས་འདིའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་ལས་ཀར་ཁ་ཕྱོགས་གསལ་པོ་བསྟན་ཡོད། ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ་བཏང་ཡོད་པས། རིམ་པ་ཁག་གི་ཏང་ཨུ་ཡིས་བརྡ་ཐོའི་བླང་བྱ་ལྟར་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱ་རྒྱུ་དེ་གཏིང་ཟབ་སར་སྤེལ་དགོས།།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་སྒྲེང་དགོས་ཚུལ་ནན་བཤད་བྱས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་ལོ་ངོ་90ལྷག་གི་རིང་ལ་འབད་འཐབ་དང་། གསར་གཏོད། གསོག་འཇོག་བཅས་བྱས་པའི་གཞི་རྩའི་གྲུབ་འབྲས་ཡིན་སྟབས་ངེས་པར་དུ་གཅེས་སྤྲས་བླ་ལྷག་དང་། ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། ཟམ་མི་ཆད་པར་གོང་སྤེལ་བྱེད་དགོས་ཚུལ་ནན་བཤད་བྱས་ཡོད་ཅིང་། ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་འཚོལ་ཞིབ་དང་ཤེས་རྟོགས་ལྷོད་མེད་བྱེད་པ་དང་། ཏང་གི་སྐྱེ་སྟོབས་དང་རྒྱལ་ཁབ་གོང་འཕེལ་ཡོང་བའི་སྒུལ་ཤུགས་ནམ་ཡང་རྒྱས་པར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་སྤེལ་གཏོང་བའི་མདུན་ལམ་སྔར་ལས་ཡངས་ཤིང་རྒྱ་ཆེ་བ་ཞིག་གཏོད་གང་ཐུབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་མགོ་མཇུག་ཀུན་ལ་ཁྱབ་ཡོད་པའི་གཙོ་ཐིག་ཅིག་ཡིན་ཞེས་བརྗོད་ཆོག ང་ཚོས་གཙོ་ཐིག་འདི་མི་འཆོར་དམ་འཛིན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་དམིགས་གཏོད་ས་དང་། ཤུགས་རྒྱག་ས། དོན་འབབ་ས་བཅས་བྱེད་དགོས་ཤིང་། དེ་ལྟར་བྱས་ན་ད་གཟོད་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཉིད་སློབ་སྦྱོང་སྔར་ལས་གཏིང་ཟབ་མོ་བྱེད་ཐུབ་པ་དང་། གོ་བ་སྔར་ལས་དཔྱིས་ཕྱིན་པ་ལེན་ཐུབ་ཅིང་། དོན་འཁྱོལ་སྔར་ལས་རང་རྟོགས་ཀྱིས་བྱེད་ཐུབ། །
ངས་གནད་འདི་ནན་བཤད་བྱེད་དོན་གང་ཡིན་ཞེ་ན། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་ལག་ལེན་ལས། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་གོང་སྤེལ་གཏོང་མི་ཐུབ་པ་དེ་ར་སྤྲོད་བྱས་ཡོད་པའི་དབང་གིས་ཡིན། དེ་ཡང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེངས་ན། ང་ཚོས་གཞི་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་100འཁོར་སྐབས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་ཐོག ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་སྔར་ལས་བདེ་སྐྱིད་ཕུན་སུམ་ཚོགས་པའི་མ་འོངས་པ་ཐོབ་ཐུབ་པ་བཅས་རེད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བར་རྩེ་གཅིག་ཏུ་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་བྱེད་དགོས་ན། ངའི་ཤེས་ཚོར་ལྟར་ན་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་བྱེད་པའི་ཐད་དུ་གཤམ་གསལ་ཕྱོགས་འགའི་གནད་ཟིན་དགོས་པ་སྟེ།
དང་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་དུས་ཡུན་རིང་པོར་ལག་ལེན་བྱས་ཏེ་བླངས་པའི་གཞི་རྩའི་གྲུབ་འབྲས་ཡིན་པ་གོ་བ་ཟབ་མོར་ལེན་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་བསྒྱུར་བཅོས་སྒོ་འབྱེད་ཀྱི་དུས་སྐབས་གསར་པར་སྲོལ་ཕྱེ་བ་ཞིག་རེད་ལ། ང་ཚོའི་ཏང་གིས་དུས་ཡུན་རིང་པོར་འབད་འཐབ་བྱས་པའི་རྨང་གཞིའི་ཐོག་ཚུགས་པ་ཞིག་ཀྱང་ཡིན་ཞིང་། ང་ཚོའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རིམ་བྱུང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་བརྒྱ་ཁྱད་དུ་བསད་ཅིང་རིན་དོད་སྣ་ཚོགས་བློས་བཏང་ལ་གཅིག་རྗེས་གཉིས་མཐུད་ཀྱིས་འཚོལ་ཞིབ་བྱས་ནས་ཐོབ་པ་ཞིག་རེད། ང་ཚོའི་ཏང་གི་མི་དམངས་ལ་རྩེ་གཅིག་ཏུ་བརྟེན་ཏེ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་རྩ་བའི་སྟེང་ནས་ཁ་སྒྱུར་བྱས་པ་དང་། ཉེ་རབས་ནས་བཟུང་ཀྲུང་གོའི་ཕྱི་ནང་གི་བར་ཆད་དང་འགལ་རྐྱེན་ཆེ་བ་དང་དབུལ་ཞིང་ཕོངས་ལ་ཉམ་ཐག་པའི་ལས་དབང་ལྡོག་པ་མེད་པར་མཇུག་བསྒྲིལ་བ་དང་། ཀྲུང་ཧྭ་མི་རིགས་ཉིད་ཟམ་མི་ཆད་པར་དར་རྒྱས་བྱུང་ནས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་དཔུང་འཇུག་གི་ལམ་སྣ་ལྡོག་པ་མེད་པར་ཕྱེ་བར་བརྟེན། ལོ་ངོ5000ལྷག་གི་ཤེས་དཔལ་དར་བའི་ལོ་རྒྱུས་ཀྱིས་ཕྱུག་པའི་ཀྲུང་ཧྭ་མི་རིགས་ཉིད་ཉམས་འགྱུར་གསར་རྐྱང་གི་ངོས་ནས་འཛམ་གླིང་མི་རིགས་ཀྱི་ཁྲོད་དུ་འགྱིང་ངེར་བཞེངས་ཐུབ་པ་བྱུང་ཡོད།
ང་ཚོས་ཇི་སྲིད་བར་དུ་བརྗེད་མི་ཉན་པ་ཞིག་ནི། ཏང་གི་མི་རབས་གསུམ་གྱི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་དང་བློ་མཐུན་ཧུའུ་ཅིན་ཐའོ་[3] ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཛད་རྗེས་བཞག་ཡོད་པ་དེ་ཡིན། བློ་མཐུན་མའོ་ཙེ་ཏུང་[4] གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་དང་པོས་དུས་སྐབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་འབྱེད་པར་ཉམས་མྱོང་རྩ་ཆེན་དང་། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག དངོས་པོའི་རྨང་གཞི་བཅས་འདོན་སྤྲོད་བྱས་ཡོད། བློ་མཐུན་ཏེང་ཞའོ་ཕིན་[5] གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གཉིས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་ལེགས་གྲུབ་དང་བཏོད་ཡོད། བློ་མཐུན་ཅང་ཙེ་རྨིན་[6] གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གསུམ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཉིད་དུས་རབས་ཉེར་གཅིག་པར་ལེགས་གྲུབ་དང་སྤེལ་ཡོད། དུས་རབས་གསར་པ་དང་དུས་རིམ་གསར་པར་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཉིད་ལེགས་གྲུབ་ངང་རྒྱུན་འཁྱོངས་བྱས་ཡོད་པ་དང་གོང་སྤེལ་བཏང་ཡོད། དེ་དག་ལས་ཤེས་ཐུབ་པ་ཞིག་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་མི་རབས་དུ་མའི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཕུགས་བསམ་དང་འཚོལ་ཞིབ་ཐེག་ཡོད་པ་དང་། དམ་པ་གྲངས་མེད་ཀྱི་འདུན་པ་དང་རེ་སྨོན་མཚོན་ཡོད་ལ། མི་དམངས་དུང་ཕྱུར་གྲངས་ཀྱི་འབད་འཐབ་དང་སྦྱིན་པ་འགྲིལ་ཡོད་པས། དེ་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་སྤྱི་ཚོགས་གོང་འཕེལ་ཡོང་བའི་ལྡོག་མེད་ཀྱི་གདམ་ག་ཡིན་པ་དང་། ཀྲུང་གོ་གོང་འཕེལ་ཡོང་བ་དང་ཀྲུང་གོ་བརྟན་བརླིང་ཡོང་བའི་མི་སྐྱོད་ཐབས་མེད་ཀྱི་བགྲོད་ལམ་རེད། །
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་མཐུན་སྒྲིལ་གྱི་དར་ཆ་དང་། མདུན་སྐྱོད་ཀྱི་དར་ཆ། རྒྱལ་ཁའི་དར་ཆ་བཅས་ཡིན་པ་ལག་ལེན་ལས་ར་སྤྲོད་ཡང་དག་བྱུང་ཡོད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོར་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བཅས་བྱེད་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་པོ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བློ་བརྟན་འགྱུར་མེད་
ཀྱིས་རྒྱུན་འཁྱོངས་དང་གོང་སྤེལ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་པོར་སྐྱེད་དགོས་པའི་བླང་བྱ་བཏོན་པའི་རྩ་བའི་རྒྱུ་མཚན་ནི་གནད་འདིར་ཐུག་ཡོད། །
གཉིས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག ལམ་ལུགས་བཅས་ཕྱོགས་གསུམ་གཞི་གཅིག་ཏུ་འགྲིལ་བ་ཞིག་ཡིན་པར་གོ་བ་ཟབ་མོར་ལེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་དེ་གསུམ་བར་གྱི་འབྲེལ་བ་གསལ་བཤད་བྱས་ཏེ་ནན་དུ་བསྟན་ཡོད་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་མངོན་འགྱུར་གྱི་ཐབས་ལམ་དང། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་བྱ་སྤྱོད་ཀྱི་ཕྱོགས་སྟོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རྩ་བའི་འགན་སྲུང་བཅས་ཡིན་པ་དང། དེ་གསུམ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེ་དང་གཞི་གཅིག་ཏུ་འགྲིལ་ཡོད། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་ཆེ་ཤོས་དེ་རེད།
མདོ་དོན་འདིས་ང་ཚོར་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ལག་ལེན་དང། རིགས་པའི་གཞུང་ལུགས། ལམ་ལུགས་གསུམ་དམ་པོར་འབྲེལ་བ་ཞིག་སྟེ། ལེགས་པར་གྲུབ་པའི་ལག་ལེན་ཉིད་རིགས་པའི་གཞུང་ལུགས་ཀྱི་གནས་སུ་འཕགས་ཡོད་ལ། ཡང་དག་པའི་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་གསར་པར་ཁྲིད་སྟོན་ཡང་བྱེད་ཅིང། དེས་མི་ཚད་ལག་ལེན་ནང་གི་བྱེད་ཕྱོགས་དང་སྲིད་ཇུས་གོ་ཆོད་ཁག་དུས་ཐོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་ལམ་ལུགས་ཀྱི་གནས་སུ་བཏེགས་ཡོད། དེར་བརྟེན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དོད་ས་ནི་དེའི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག ལམ་ལུགས་བཅས་གསུམ་གྱི་སྟེང་དུ་ཡོད་པ་དང། ཁྱད་ཆོས་དོད་ས་ནི་དེའི་མངོན་འགྱུར་གྱི་ཐབས་ལམ་དང། བྱ་སྤྱོད་ཀྱི་ཕྱོགས་སྟོན། རྩ་བའི་འགན་སྲུང་གསུམ་གྱི་ནང་གནས་འབྲེལ་བའི་སྟེང་ན་ཡོད་ལ། ཁྱད་ཆོས་དོད་ས་ནི་གནད་གསུམ་པོ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་ལག་ལེན་ཐོག་གཞི་གཅིག་ཏུ་འགྲིལ་བའི་སྟེང་ན་ཡོད། དེང་རབས་ཀྱི་ཀྲུང་གོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་མིང་དོན་མཚུངས་པར་རྒྱུན་འཁྱོངས་བྱེད་པ་རང་ཡིན། །
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཡོང་བའི་བགྲོད་ལམ་ཉག་ཅིག་ཡིན་ལ། མི་དམངས་ལ་དགའ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་བགྲོད་ལམ་ཉག་ཅིག་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པར་མ་ཟད་ད་དུང་དཔལ་འབྱོར་འཛུགས་སྐྲུན་དང། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་དང་དེ་བཞིན་ཕྱོགས་གང་ཅིའི་འཛུགས་སྐྲུན་གཞན་དག་ལ་ཡང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྩ་བའི་རྩ་དོན་བཞི་[7] རྒྱུན་འཁྱོངས་བྱེད་པར་མ་ཟད་ད་དུང་བསྒྱུར་བཅོས་སྒོ་འབྱེད་ཀྱང་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་ཟམ་མི་ཆད་པར་གཏོང་བར་མ་ཟད་ད་དུང་གོམ་རིམ་བཞིན་དུ་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་རྒྱུ་དང་མི་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་ཡང་སྐུལ་སྤེལ་གཏོང་བ་བཅས་རེད།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ནི་མར་ཁེ་སིའི་རིང་ལུགས་[8] ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཡིན་པ་དང་། དེར་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་[9] དང་། “མཚོན་བྱེད་གསུམ་” གྱི་དགོངས་པ་གལ་ཆེན།[10] ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་[11] བཅས་འདུས་ཡོད་ཅིང་། དེ་ཉིད་དང་མར་ཁེ་སི་ལེ་ཉིན་རིང་ལུགས་[12] དང་མའོ་ཙེ་ཏུང་དགོངས་པ་[13] ནི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འབྲེལ་བ་ཅན་ཡིན། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་ནི་ཅིས་ཀྱང་འདོར་མི་རུང་སྟེ། དོར་བ་ཡིན་ན་རྩ་བ་ཤོར་བ་རེད། ཕྱོགས་མཚུངས་ང་ཚོས་ངེས་པར་དུ་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་གྱི་གནད་དོན་དངོས་དང་། ང་ཚོས་ད་ལྟ་སྒྲུབ་ བཞིན་པའི་ལས་དོན་ལྟེ་བར་བཟུང་སྟེ་མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་བེད་སྤྱོད་དང་། གནད་དོན་དངོས་ལ་རིགས་པའི་གཞུང་ལུགས་ངོས་ཀྱི་བསམ་གཞིགས། ལག་ལེན་གསར་པ་དང་གོང་འཕེལ་གསར་པ་བཅས་ལ་དམིགས་དགོས། དེང་རབས་ཀྱི་ཀྲུང་གོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་རྒྱུན་འཁྱོངས་བྱེད་པ་ནི་མར་ཁེ་སིའི་རིང་ལུགས་མིང་དོན་མཚུངས་པར་རྒྱུན་འཁྱོངས་བྱེད་པ་རང་ཡིན། །
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་རྩ་བའི་ཆབ་སྲིད་ ལམ་ལུགས་[14] དང་གཞི་རྩའི་ཆབ་སྲིད་ལམ་ལུགས་[15] དེ་གཞི་རྩའི་དཔལ་འབྱོར་ལམ་ལུགས་[16] དང་དེ་བཞིན་ཕྱོགས་སོ་སོའི་སྒྲིག་སྲོལ་དང་ལམ་སྲོལ་སོགས་ལམ་ལུགས་བྱེ་བྲག་པ་ཁག་དང་གཞི་གཅིག་ཏུ་སྡེབ་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་ངོས་ཀྱི་དམངས་གཙོའི་ལམ་ལུགས་དེ་གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་དང་གཞི་གཅིག་ཏུ་སྡེབ་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས། ཏང་གིས་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་དང་གཞི་གཅིག་ཏུ་སྡེབ་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་པས། རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་མཐུན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན་གཅིག་བསྡུས་ཀྱིས་མཚོན་ཡོད་པ་དང་། ཀྲུང་གོ་ཡར་རྒྱས་གོང་འཕེལ་ཡོང་ཐུབ་པའི་ལམ་ལུགས་ངོས་ཀྱི་རྩ་བའི་འགན་ལེན་ཡིན། །
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཁྱད་ཆོས་གསལ་ལ་ཕན་ནུས་ཆེ་བ་ཞིག་ཡིན་མོད། འོན་ཀྱང་དེ་ཉིད་ད་དུང་ཆ་ཡོངས་སུ་རྗོགས་ཤིང་གཏན་འཁེལ་བ་ཞིག་བྱུང་མེད་པ་ཡང་ང་ཚོས་ཤེས་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནི་ཟམ་མི་ཆད་པར་གོང་འཕེལ་འགྲོ་བཞིན་ཡོད་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱང་ཟམ་མི་ཆད་པར་འཐུས་ཚང་གཏོང་དགོས། 1992ལོར་བློ་མཐུན་ཏེང་ཞའོ་ཕིན་གྱིས་ལྷོ་ཕྱོགས་སུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལས་བསྟན་དོན། “ད་དུང་ཕལ་ཆེར་ལོ་ངོ་སུམ་ཅུ་ཙམ་སོང་མཚམས་ང་ཚོར་ཕྱོགས་གང་ཅིའི་ཐད་ནས་སྔར་ལས་བྱང་ཆུབ་པ་དང་སྔར་ལས་གཏན་འཁེལ་བའི་ལམ་ལུགས་ཆ་ཚང་བ་ཞིག་གཞི་ནས་ཆགས་ཐུབ་པ་འདྲ།” [17] ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ནན་བཤད་བྱས་དོན། ལམ་ལུགས་འཛུགས་སྐྲུན་བྱ་རྒྱུ་དེ་གལ་ཆེ་སར་བཞག་སྟེ་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། ང་ཚོས་ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་ལམ་ལུགས་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། ད་ཡོད་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དོན་དངོས་གཞིར་བཟུང་ནས་དུས་ཐོག་ཏུ་ལམ་ལུགས་གསར་པ་ཁག་ཅིག་གཏན་འབེབས་བཟོ་བ་བཅས་བྱས་ཏེ། རྒྱུད་ཁོངས་ཆ་ཚང་ཞིང་། ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། འཁོར་སྐྱོད་གནད་སྨིན་ཡོང་བ་བཅས་ཀྱི་ལམ་ལུགས་ཀྱི་མ་ལག་ཅིག་བཙུགས་ཐོག ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་ལས་ཆ་ཡོངས་སུ་རྫོགས་པ་དང་གཏན་འཁེལ་ཡོད་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་དོན་དུ་ལམ་ལུགས་ཀྱི་འགན་སྲུང་སྔར་བས་གོ་ཆོད་ཅིག་འདོན་སྤྲོད་བྱེད་དགོས།
གསུམ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྤྱིའི་གཞི་འཛིན་ས་དང་། སྤྱིའི་བཀོད་པ། སྤྱིའི་ལས་འགན་བཅས་གོ་བ་ཟབ་མོར་ལེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྤྱིའི་གཞི་འཛིན་ས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་[18] ཡིན་པ་དང་། སྤྱིའི་བཀོད་པ་ནི་ཕྱོགས་ལྔ་གཞི་གཅིག་ཅན་[19] ཡིན་ཞིང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ཡིན། “སྤྱི་གསུམ་” གྱི་མདོ་དོན་འདི་ནི་དོན་གྱི་གནད་ཟིན་ཅིང་གཞུང་གི་ཁོག་ཕུབ་ལ་ཚིག་ཉུང་ཞིང་དོན་ཟབ་པ་ཞིག་རེད། མདོ་དོན་གསར་པ་འདི་གོ་བ་ཟབ་མོ་ལོན་པ་དང་ཁོང་དུ་ཆུད་པ་ཡིན་ན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དོན་དམ་དང་སྙིང་པོ་གོ་བ་ཟབ་མོ་ལེན་རྒྱུ་དང་ཁོང་དུ་ཆུད་རྒྱུར་ཕན་སྐྱེད་ཡོད།
སྤྱིའི་གཞི་འཛིན་ས་ནན་བཤད་བྱེད་དགོས་དོན་ནི། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ནི་དེང་རབས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས་དང་དངོས་ཡོད་ཀྱི་གནས་ཚུལ་ཆེ་ཤོས་དེ་ཡིན་པས་རེད། ང་ཚོས་གནས་ཚུལ་གང་རུང་ཞིག་གི་འོག་ཏུའང་རྒྱལ་ཁབ་ཀྱི་གནས་ཚུལ་ཆེ་ཤོས་འདི་བློ་ལ་བརྟན་པོར་ངེས་དགོས་པ་དང་། ཕྱོགས་གང་ཅིའི་བསྒྱུར་བཅོས་དང་གོང་སྤེལ་ལ་སྐུལ་འདེད་གཏོང་སྐབས་དངོས་ཡོད་ཀྱི་གནས་ཚུལ་ཆེ་ཤོས་འདིར་གཞི་བརྟན་པོར་ཚུགས་དགོས། དཔལ་འབྱོར་འཛུགས་སྐྲུན་བྱེད་དུས་ཐོག་མཐའ་བར་གསུམ་དུ་ཐོག་མའི་དུས་རིམ་འདིར་གཞི་ཚུགས་དགོས་པར་མ་ཟད། ད་དུང་ཆབ་སྲིད་འཛུགས་སྐྲུན་དང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་བྱེད་དུས་ཡང་ཐོག་མཐའ་བར་གསུམ་དུ་ཐོག་མའི་དུས་རིམ་འདི་སེམས་ལ་བརྟན་པོར་ངེས་དགོས། དཔལ་འབྱོར་གྱི་བསྡོམས་འབོར་ཆུང་བའི་སྐབས་སུ་ཐོག་མའི་དུས་རིམ་ལ་གཞི་ཚུགས་དགོས་པར་མ་ཟད། དཔལ་འབྱོར་གྱི་བསྡོམས་འབོར་ཆེ་རུ་སོང་རྗེས་ཀྱང་སྔར་བཞིན་ཐོག་མའི་དུས་རིམ་སེམས་ལ་བརྟན་པོར་ངེས་དགོས། ཕུགས་རིང་གི་གོང་འཕེལ་ཇུས་གཞི་འགོད་སྐབས་ཐོག་མའི་དུས་རིམ་ལ་གཞི་ཚུགས་དགོས་པར་མ་ཟད། ཉིན་རྒྱུན་གྱི་ལས་ཀ་བྱེད་སྐབས་ཀྱང་ཐོག་མའི་དུས་རིམ་སེམས་ལ་བརྟན་པོར་ངེས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་ལྟ་བུ་ཡིན། ང་ཚོས་ལག་ལེན་གྱི་ཁྲོད་ཐོག་མཐའ་བར་གསུམ་དུ་ “ལྟེ་གནད་གཅིག་དང་གཞི་རྩའི་གནད་གཉིས་” 〔20〕འགྱུར་བ་མེད་པར་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། “ལྟེ་གནད་གཅིག་” ལས་ཕྱོགས་འཛོལ་མི་རུང་ལ། “གཞི་རྩའི་གནད་གཉིས་” ཀྱང་འཐུས་མི་ཤོར་བར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་དོན་གཉེར་བྱ་རྒྱུ་དང་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་བརྟན་པོར་འཆང་རྒྱུ་གཉིས་གཅིག་གྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཡལ་བར་འདོར་བའི་ནོར་འཁྲུལ་གྱི་ལྟ་ཚུལ་སྣ་ཚོགས་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པ་དང་། དུས་རིམ་གྱི་ཚད་ལས་བརྒལ་བའི་ནོར་འཁྲུལ་གྱི་འདུ་ཤེས་དང་སྲིད་ཇུས་ཀྱི་ཐབས་བཀོད་དག་རང་རྟོགས་ཀྱིས་ཡོ་བསྲང་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་རང་གཉའ་རང་གཅོག་མི་བྱེད་ལ་རང་ཆེ་རང་རློམ་ཡང་མི་བྱེད་པའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཏན་ཏན་ཏིག་ཏིག་གིས་བརྩོན་ལེན་བྱེད་ཐུབ།
སྤྱིའི་བཀོད་པ་ནན་བཤད་བྱེད་དགོས་དོན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བའི་སྤྱི་ཚོགས་རིང་ལུགས་ཡིན་པས་རེད། ང་ཚོས་ཏང་གིས་སྲིད་དབང་འཛིན་ཞིང་རྒྱལ་ཁབ་སྐྱོང་བའི་ལས་དོན་གལ་པོ་ཆེ་དམ་འཛིན་ཡག་པོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་གོང་སྤེལ་བླང་བྱ་མཚོན་པར་བྱེད་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔལ་འབྱོར་ཉིད་ཟམ་མི་ཆད་པར་གོང་འཕེལ་ཡོང་བའི་རྨང་གཞིའི་ཐོག་ཆབ་སྲིད་འཛུགས་སྐྲུན་དང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་དང་དེ་བཞིན་ཕྱོགས་གཞན་དག་གི་འཛུགས་སྐྲུན་དག་ལ་མཐུན་འགྲིག་དང་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་ཉིད་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་སྦྲགས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོ་གནས་དང་ནུས་པ་དེ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་པའི་ནང་བཞག་ཡོད་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འཐབ་ཇུས་གོ་གནས་དེ་སྔར་ལས་གསལ་ངེས་བྱུང་ཡོད་པར་བརྟེན། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན་བཅས་ཕྱོགས་གང་ཅི་དང་བརྒྱུད་རིམ་ཡོངས་ཀྱི་ནང་སྒྲིལ་རྒྱུར་ཕན་ཐོགས་ཡོད། འདི་ནི་ང་ཚོའི་ཏང་གིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་དེ་ལག་ལེན་དང་ངོས་འཛིན་གྱི་སྟེང་ནས་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ང་ཚོས་སྤྱིའི་བཀོད་པ་གཞིར་བཟུང་ནས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཕྱོགས་སོ་སོ་ཕན་ཚུན་མཐུན་འགྲིག་ཡོང་བར་སྐུལ་སྤེལ་གཏོང་དགོས་པ་དང་། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་བར་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞིར་བར་ཕན་ཚུན་མཐུན་འགྲིག་ཡོང་བར་སྐུལ་སྤེལ་གཏོང་དགོས། །