ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་གཉིས་པའི་སྨད་ཆ༽ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བར་རྩེ་གཅིག་ཏུ་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། དོན་

ཁུངས། ཀློག་གྲངས།

སྤྱིའི་ལས་འགན་ནན་བཤད་བྱེད་དགོས་དོན་ནི། ང་ཚོའི་ཏང་གིས་རང་ཉིད་དབུ་བརྙེས་མ་ཐག་ནས་བཟུང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་པས་རེད། ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གསར་བརྗེ་འཛུགས་སྐྲུན་བསྐྱར་བཅོས་གསུམ་བྱེད་དོན་ནི་ཀྲུང་གོའི་མི་དམངས་ཕྱུག་པོར་འགྱུར་བ་དང་རྒྱལ་ཁབ་སྟོབས་འབྱོར་རྒྱས་པ། རླབས་ཆེན་གྱི་ཀྲུང་ཧྭ་མི་རིགས་དར་རྒྱས་ཡོང་བ་བཅས་ཀྱི་ཆེད་དུ་ཡིན། དེང་རབས་ཅན་གྱི་འཛུགས་སྐྲུན་དེ “གོམ་པ་གསུམ་བགྲོད་” གྱི་འཐབ་ཇུས་བཀོད་སྒྲིག་[21] ལྟར་ན། སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་ཧྲིལ་པོའི་ནང་གི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་འབད་འཐབ་དམིགས་འབེན་ཡིན། ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་འགན་འཁྲི་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་གཞི་རྩའི་དམིགས་འབེན། ང་ཚོའི་རྒྱལ་ཁབ་ཀྱི་འབད་འཐབ་དམིགས་འབེན་བཅས་ཚང་མ་སྤྱིའི་ལས་འགན་དེར་དམིགས་ཡོད་པ་དང་། སྤྱིའི་ལས་འགན་དེའི་ཐོག་ཏུ་འགྲིལ་ཡོད། ང་ཚོས་སྤྱིའི་ལས་འགན་འདི་དམ་པོར་བཟུང་ནས་མི་རབས་ནས་མི་རབས་བར་བརྩོན་པ་ལྷོད་མེད་ཀྱིས་སྒྲུབ་དགོས། །

ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་ནམ་ཡིན་ཡང་མི་དམངས་ཀྱི་འདོད་བློ་དང་བྱ་གཞག་གོང་འཕེལ་གྱི་དགོས་མཁོ་གཞིར་བཞག་ཡིད་སེམས་འགུགས་ནུས་པའི་འབད་འཐབ་དམིགས་འབེན་བཏོན་ནས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དེའི་དོན་དུ་འབད་འཐབ་བྱེད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་གནས་བབ་ཀྱི་འགྱུར་ལྡོག་གསར་པར་གཞིགས་ཤིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་གསར་པ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རེ་ལྟོས་གསར་པར་བསྟུན་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་དེ་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་པ་དང་། སྲིད་ཇུས་ཀྱི་ཁྲིད་ཕྱོགས་སྔར་ལས་གསལ་བ་དང་། གོང་སྤེལ་གྱི་དཀའ་གནད་ལ་སྔར་ལས་ལྷག་པར་དམིགས་པ། མི་དམངས་ཀྱི་འདོད་བློ་དང་སྔར་ལས་ལྷག་པར་བསྟུན་པ་བཅས་ཀྱི་བླང་བྱ་གསར་པ་བཏོན་ཡོད། དམིགས་འབེན་དང་བླང་བྱ་འདི་དག་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུའི་འབད་འཐབ་དམིགས་འབེན་དང་། ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་རྒྱུའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་པའི་བླང་བྱ་གསར་པ་དང་སྦྲེལ་མཐུད་བྱས་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་པ་དང་ཡང་གཅིག་མཐུན་བྱུང་ཡོད། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་ཁ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འབུངས། གསར་གཏོད་ཧུར་ཐག སྲོལ་འབྱེད་ཡར་བརྩོན་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཕྱིར་ཐུན་མོང་ཐོག་འབད་འཐབ་བྱེད་དགོས། །

བཞི་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱ་རྒྱུའི་གཞི་རྩའི་བླང་བྱར་གོ་བ་ཟབ་མོ་ལེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པར་ངེས་པར་ཁོང་དུ་ཆུད་དགོས་པའི་གཞི་རྩའི་བླང་བྱ་བཏོན་ཡོད། གཞི་རྩའི་བླང་བྱ་དེ་དག་ནི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་བཅས་གཞིར་བཟུང་ནས། ལོ་ངོ་60ལྷག་རིང་གི་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་ཁྱད་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ལག་ལེན་དངོས་ཕྱོགས་བསྡོམས་གཏིང་ཟབ་བྱས་ཏེ་བཏོན་པ་དང་། ངོ་བོ་ཉིད་ཀྱི་བྱ་དངོས་ཡིན་ཞིང་། གུང་ཁྲན་ཏང་གིས་སྲིད་དབང་སྐྱོང་བའི་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་བཅས་མཚོན་པའི་བྱ་དངོས་ཡིན་པས། དེ་ལས་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་ལ་ཐོབ་པའི་ངོས་ཟིན་ཉིད་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པ་གསལ་བཤད་བྱས་ཡོད། །  

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་གཞི་རྩའི་བླང་བྱ་དེས་ལོ་རྒྱུས་ཀྱི་བཤུལ་ལམ་གསར་པའི་སྟེང་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཇི་ལྟར་བརྩོན་ལེན་བྱེད་ཐུབ་པའི་གཞི་རྩའི་གནད་དོན་ལ་དྲིས་ལན་སྔར་ལས་ལྷག་པ་ཞིག་བཏབ་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ནི་མི་དམངས་དུང་ཕྱུར་དུ་མ་རང་ཉིད་ཀྱི་བྱ་གཞག་ཡིན་པས། ངེས་པར་དུ་མི་དམངས་ཀྱི་བདག་པོའི་སྙིང་སྟོབས་འདོན་སྤེལ་བྱེད་དགོས་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ་འགན་ལེན་སྔར་ལས་ལེགས་པ་བྱེད་དགོས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལས་འགན་ཡིན་པས། ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་འཛིན་རྒྱུ་དང་། ཚན་རིག་དང་མཐུན་པར་གོང་སྤེལ་གཏོང་བ་བརྗོད་གཞི་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་རྩ་བར་འཛིན་པ་དང་། ཕྱོགས་ཡོངས་དང་མཐུན་འགྲིག་དང་རྒྱུན་མཐུད་བཅས་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་མངོན་འགྱུར་བྱེད་དགོས། བསྒྱུར་བཅོས་སྒོ་འབྱེད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བའི་འགྲོ་ལམ་ཉག་ཅིག་ཡིན་པས། ངེས་པར་དུ་བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ཉིད་རྒྱལ་ཁབ་དང་སྲིད་དབང་སྐྱོང་བའི་ལྷུ་ཚིགས་ཁག་ལ་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱིས་རང་གིས་རང་ཉིད་འཐུས་ཚང་དང་གོང་སྤེལ་གཏོང་རྒྱུར་ཟམ་མི་ཆད་པར་སྐུལ་སྤེལ་བྱེད་དགོས། དྲང་སྙོམ་དྲང་བདེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ནང་གནས་བླང་བྱ་ཡིན་པས། ངེས་པར་དུ་མི་དམངས་ཡོངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་རྨང་གཞིའི་ཐོག སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་འགན་སྲུང་བྱེད་པར་ནུས་པ་ཆེན་པོ་ཐོན་པའི་ལམ་ལུགས་འཛུགས་སྐྲུན་གང་མགྱོགས་བྱས་ཏེ། གོམ་རིམ་བཞིན་དུ་སྤྱི་ཚོགས་ཀྱི་དྲང་སྙོམ་འགན་སྲུང་བྱེད་པའི་མ་ལག་འཛུགས་དགོས། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རྩ་དོན་ཡིན་པས། ངེས་པར་དུ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉིད་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམ་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པའི་གསོས་སུ་འགྱུར་བར་བྱས་ཏེ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས། སྤྱི་ཚོགས་ཞི་མཐུན་ཡོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པས། ངེས་པར་དུ་མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་ཡོད་ཚད་ལ་མཐུན་སྒྲིལ་བྱེད་པ་དང་། ཚད་གང་ཆེའི་སྒོ་ནས་ཞི་མཐུན་ཡོང་བའི་རྒྱུ་རྐྱེན་མང་དུ་གཏོང་བ་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་ཆེ་རུ་བཏང་སྟེ། མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་ཞི་འཇགས་གོ་རིམ་ལྡན་པ། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་བཅས་འགན་ལེན་ཏན་ཏིག་བྱེད་དགོས། ཞི་བས་གོང་སྤེལ་གཏོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྡོག་མེད་ཀྱི་གདམ་ག་ཡིན་པས། ངེས་པར་དུ་སྒོ་མོ་ཕྱེ་བའི་གོང་འཕེལ་དང་། མཉམ་ལས་ཀྱི་གོང་འཕེལ། མཉམ་ཁེའི་གོང་འཕེལ་བཅས་རྒྱུན་འཁྱོངས་དང་། ཕྱོགས་སོ་སོའི་ཁེ་ཕན་སྣོལ་གནས་རྒྱ་སྐྱེད་བཏང་སྟེ། ཡུན་རིང་ཞི་བདེ་དང་ཐུན་མོང་དུ་དར་རྒྱས་ཡོང་བའི་ཞི་མཐུན་གྱི་འཛམ་གླིང་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་ཡིན་པས། ངེས་པར་དུ་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། ཏང་གིས་སྤྱི་ཡོངས་ལ་བཀོད་པ་གཏོང་བ་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་དཔྱིས་ཕྱིན་པ་བྱེད་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་གཞི་རྩའི་བླང་བྱ་ནི་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་ནང་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་། བསྒྱུར་བཅོས་འགག་སྒྲོལ་བྱེད་པ་དང་དཔལ་འབྱོར་གོང་སྤེལ་གཏོང་སྟངས་སྤོ་སྒྱུར་བྱེད་འགྲོས་མགྱོགས་སུ་གཏོང་བར་འཕྲད་པའི་དཀའ་གནད། ལས་བྱེད་པ་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་སྣང་བྱེད་པའི་ཚ་གནད་བཅས་ཀྱི་གནད་དོན་ལ་ཨ་ལན་ཧུར་པོ་སྤྲད་པ་ཞིག་ཡིན་པ་དང་། རང་རྒྱལ་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་སླེབས་རིང་གི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་གསུམ་བཅས་ལ་ཡང་དག་པའི་མཛུབ་ཁྲིད་བྱེད་པ་ཞིག་ཡིན། གཞི་རྩའི་བླང་བྱ་དེ་དག་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བར་ཐུག་ཡོད་ལ། དཔལ་འབྱོར་རྨང་གཞི་དང་སྟེང་གི་བཀོད་པ་ལ་ཡང་ཐུག་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཐུག་ཡོད་ལ། ཏང་འཛུགས་སྐྲུན་གྱི་ལས་གཞི་རླབས་ཆེན་གསར་པ་དང་ཡང་ཐུག་ཡོད་པ་དང་། ཕྱོགས་མཚུངས་ད་དུང་རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཁོག་གནས་བབ་ཆེན་པོ་གཉིས་སྡེབ་གཅིག་ཏུ་འཛིན་རྒྱུ་དང་ཡང་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ལས་ཀ་ཁག་ཇུས་འགོད་དང་བཀོད་སྒྲིག་བྱས་པ་ཐམས་ཅད་ནས་གཞི་རྩའི་བླང་བྱ་དེ་དག་བརྩི་སྲུང་བྱས་ཡོད་པ་མཚོན་ཡོད། གཞི་རྩའི་བླང་བྱ་དེ་དག་ཟིན་པ་ཡིན་ན་སྔར་ལས་ལྷག་པར་སྟོབས་ཤུགས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། མུ་མཐུད་དུ་ཚན་རིག་དང་མཐུན་

པའི་གོང་འཕེལ་ལ་སྐུལ་འདེད་དང་སྤྱི་ཚོགས་ཞི་མཐུན་ཡོང་བར་སྐུལ་སྤེལ་བྱེད་པ་དང་། མུ་མཐུད་དུ་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་ཐུབ་པ་དང་མི་དམངས་ཀྱི་ཕན་བདེ་ཆེ་རུ་སྐྱེད་ཐུབ་ཅིང་། དུས་རབས་ཀྱིས་བསྒོས་པའི་གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་འགྲུབ་བྱེད་ཐུབ་པ་རེད། །

ལྔ་པ། ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་ཆགས་པར་འགན་སྲུང་ཏན་ཏིག་བྱེད་དགོས་པ་གོ་བ་ཟབ་མོར་ལེན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ནན་བཤད་བྱས་དོན། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ཀྱི་ལས་འགན་ལྗིད་པོ་འཁུར་ཡོད། ཏང་སྟོབས་ཆེ་བ་དང་། ཏང་དང་མི་དམངས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་པ་ཡིན་ན་རྒྱལ་ཁབ་དར་རྒྱས་བརྟན་བརླིང་དང་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་ཐུབ། གནས་བབ་ཀྱི་གོང་འཕེལ་དང་། བྱ་གཞག་གི་གསར་སྐྲུན། མི་དམངས་ཀྱི་རེ་ལྟོས་བཅས་ཚང་མས་ང་ཚོར་བསྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་བསྐྱེད་དེ་ཏང་འཛུགས་སྐྲུན་གྱི་ལས་གཞི་རླབས་ཆེན་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དང་། ཏང་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཁབ་སྐྱོང་ན་སྔོན་ལ་ངེས་པར་དུ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་ན་ངེས་པར་དུ་ནན་སྐྱོང་བྱེད་དགོས། དེར་བརྟེན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གནས་བབ་གསར་པའི་འོག་ཏུ་ཕྱོགས་ཡོངས་ནས་ཏང་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་དགོས་པའི་སྤྱིའི་བླང་བྱ་དང་ལས་འགན་ཁག་བཏོན་པ་རེད། དེ་ལ་ཏང་ཡོངས་ཀྱིས་སློབ་སྦྱོང་དང་ཤེས་རྟོགས་ཟབ་མོ་བྱེད་དགོས་པ་དང་། དོན་ཚན་རེ་རེ་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། །

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ནི་ང་ཚོའི་ཏང་གིས་ལོ་ངོ་90ལྷག་རིང་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་རང་བཞིན་མཐའ་འཁྱོངས་དང་གོང་སྤེལ་གཏོང་བའི་རྩ་གནད་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་དམིགས་ནས་བཏོན་པ་ཞིག་ཡིན་ལ། གནས་བབ་གསར་པའི་འོག་ཏུ་འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་ལྡོག་གསར་པ་དང་བསྟུན་པ་དང་ཁ་གཏད་འཇལ་བར་དམིགས་ནས་བཏོན་པ་ཞིག་ཀྱང་ཡིན། ལོ་འདི་དག་རིང་ང་ཚོས་ཏང་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས། ཏང་གི་སྲིད་དབང་སྐྱོང་ནུས་གསར་དུ་ཇེ་ཆེར་སོང་ཡོད་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་དང་གོང་འཕེལ་བྱུང་ཡོད་ཅིང་། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་ བཅོས་བྱུང་ཡོད། དེ་དང་ཕྱོགས་མཚུངས་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་གནས་བབ་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་བར་བལྟོས་པ་དང་། ཏང་གིས་འཁུར་བའི་ལོ་རྒྱུས་ཀྱི་ལས་འགན་ལ་བལྟོས་ན་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད། ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་གནས་ཚུལ་དང་ཏང་ཡོན་ལས་བྱེད་པའི་བྱང་ཚད་དང་། འཇོན་ཐང་། སྤྱོད་ཚུལ་བཅས་ཚང་མར་ད་དུང་ཧེ་བག་ཆེ་ཙམ་གནས་ཡོད། ལྷག་པར་དུ་གནས་བབ་གསར་པའི་འོག་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་པར་“ཉམས་སད་ཆེན་པོ་བཞི་”[22] དང་“ཉེན་ཁ་རིགས་བཞི”[23] འཕྲད་ཡོད་པས། ཏང་གིས་ཏང་ལ་དོ་དམ་བྱེད་པ་དང་ཏང་ནན་སྐྱོང་བྱེད་པའི་ལས་འགན་དེ་འདས་པའི་དུས་གང་ཞིག་ལས་ཀྱང་ལྗིད་རྫོབ་དང་དགོས་གཏུགས་ཆེ་བར་གྱུར་ཡོད། དེ་ལ་ཏང་ཡོངས་ཀྱིས་དགོས་གཏུགས་ཀྱི་བསམ་པ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་བརྟན་པོར་ཟིན་དགོས་པ་དང་། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཤིང་། རུལ་ཟློག་འགྱུར་འགོག་དང་ཉེན་ཁ་འགོག་ནུས་ཆེ་རུ་བཏང་ནས། ང་ཚོའི་ཏང་ཉིད་འཛམ་གླིང་གི་གནས་བབ་འགྱུར་ལྡོག་ཟབ་མོ་འབྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཉམས་སད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་ཆགས་ཐུབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཐོག་མཐའ་བར་གསུམ་དུ་སྟོབས་དང་ལྡན་པའི་འགོ་ཁྲིད་སྲོག་ཤིང་སྟོབས་ཆེན་ཆགས་ཐུབ་པ་བཅས་བྱེད་  དགོས།  

ཕུགས་བསམ་དང་དད་སེམས་བརྟན་པོར་སྐྱེད་པ་དང་། གུང་ཁྲན་ཏང་ཡོན་གྱི་བསམ་པའི་དོན་གཉེར་བརྟན་སྲུང་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་ཡོན་གྱི་ཆགས་རྟེན་ཡིན། མར་ཁེ་སིའི་རིང་ལུགས་ལ་དད་མོས་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་བྱེད་པ་ནི་གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། གུང་ཁྲན་ཏང་ཡོན་གྱིས་ཉམས་སད་གང་རུང་ཐེག་ཐུབ་པའི་བསམ་པའི་ཀ་བ་ཡིན། དཔེ་བཞག་ནས་བཤད་ན། ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་སྟེང་གི་“ཀལ་” ལྟ་བུ་ཡིན་པ་དང་། ཕུགས་བསམ་དང་དད་སེམས་ཤོར་བ་དང་ཕུགས་བསམ་དང་དད་སེམས་མ་བརྟན་ན་བསམ་པའི་“ཀལ་ཟད་” འགྲོ་ལ།  “རུས་པའི་ཕྲུམ་ནད་” ཕོག་སྲིད་པ་རེད། འཚོ་བ་དངོས་ནང་ཏང་ཡོན་དང་ལས་བྱེད་པ་ལ་ལ་ཞིག་ལ་གནད་དོན་འདྲ་མིན་བྱུང་དང་འབྱུང་བཞིན་པ་དེ་ནི་མཐར་གཏུགས་ནས་བཤད་ན་དད་སེམས་ཤོར་བ་དང་བསམ་པ་རྨོངས་པས་རེད། ཏང་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་བཀོད་སྒྲིག་ལྟར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ཁྱད་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་སློབ་སྦྱོང་དང་ལག་ལེན་ཟབ་མོ་བྱས་ཏེ། ཏང་གཤིས་ལ་དང་དོད་དང་། སྤྱོད་ལམ་ལ་གཅེས་འཛིན། མིག་ལྟོས་དཔེ་སྟོན་བཅས་བྱས་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་མངོན་འགྱུར་བྱེད་པའི་དོན་དུ་འབད་འཐབ་ལྷོད་མེད་བྱེད་དགོས།།

ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་པ་ནི་ང་ཚོའི་ཏང་ཉིད་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་གཞི་རྩ་ཡིན། སྲིད་ཏང་ཞིག་དང་སྲིད་དབང་ཞིག་ལ་ཆ་མཚོན་ན་དེའི་མདུན་ལམ་དང་ལས་དབང་ནི་མཐར་གཏུགས་ན་མིའི་བློ་ཁ་གཏད་ཕྱོགས་ལ་རག་ལས་ཡོད། གལ་ཏེ་ང་ཚོ་མང་ཚོགས་དང་ཁ་བྲལ་ཞིང་མི་དམངས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ཤོར་བ་ཡིན་ན་མཐའ་མཇུག་ཕམ་ཉེས་ཀྱི་ལམ་དུ་ལྷུང་སྲིད། ང་ཚོས་གནས་བབ་གསར་པའི་འོག་གི་མང་ཚོགས་ལས་ཀའི་ཁྱད་ཆོས་གསར་པའམ་བླང་བྱ་གསར་པ་དང་བསྟུན་ཏེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ལ་སློབ་གསོ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལས་ཀ་ཡག་པོར་སྒྲུབ་པ་དང་། ཁེངས་སྐྱུངས་ཀྱིས་མང་ཚོགས་ལ་སློབ་སྦྱོང་དང་། ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་ཐོག་ནས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་མཐའ་འཁྱོངས་བྱེད་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་གཅིག་སེམས་གཅིག་འབྲེལ་དང་། བདེ་སྡུག་མཉམ་མྱོང་། ལས་དབང་མཉམ་འཁུར་བཅས་བྱེད་དགོས། མི་དམངས་ཀྱི་ལག་ལེན་རླབས་ཆེན་པོའི་ནང་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་པ་དང་། དམངས་ཀྱི་འདུན་པ་ལ་བསྟུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ཀྱི་འཚོ་བར་ཕན་འདོགས་པ་བཅས་ཀྱི་བྱ་བ་རྣལ་མ་སྒྲུབ་དགོས་ཤིང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོ་བསྲང་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་དོན། ཏང་ཡོངས་སུ་དམངས་ཆེད་དང་དངོས་སྒྲུབ་དང་སྤྱོད་གཙང་བཅས་ནང་དོན་གཙོ་བོ་བྱས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་ལག་ལེན་བྱེད་སྒོ་[24] ཟབ་སྤེལ་བྱེད་དགོས། ཀྲུང་དབྱང་གིས་བྱེད་སྒོ་དེ་བཀོད་སྒྲིག་བྱ་རྒྱུ་ཡིན་པས། ཏང་ཨུ་རིམ་པ་ཁག་གིས་དེ་དོན་གནད་ལ་འཁེལ་བར་དོན་འཁྱོལ་ལེགས་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་མངོན་གསལ་དོད་པའི་གནད་དོན་ཁག་ཐག་གཅོད་ཧུར་ཐག་བྱེད་དགོས་པ་དང་། བྱེད་སྒོ་ལ་ཕན་འབྲས་དངོས་ཐོབ་པར་བྱེད་དགོས།  

རུལ་སུངས་ལ་ངོ་རྒོལ་དང་། སྤྱོད་གཙང་གི་ཆབ་སྲིད་འཛུགས་སྐྲུན་བྱས་ཏེ། ཏང་གི་གཟུགས་གཞི་བདེ་ཐང་མཐའ་འཁྱོངས་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་ཏང་གིས་ཐོག་མ་ཉིད་ནས་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་པོ་ཡིན། ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དོ་འཁུར་བྱེད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་པོ་ཞིག་ཡིན། “དངོས་རྫས་ཐམས་ཅད་སྔོན་ལ་རུལ། དེ་ནས་ད་གཟོད་འབུ་ཡིས་བཟའ།” [25] ཞེས་ཟེར་བ་ལྟར། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་འགའ་ཞིག་ལ་དུས་ཡུན་རིང་པོར་འགལ་བ་ཕུང་གསོག་ཐེབས་པ་ལས་དམངས་འཁོན་ཡོ་ལང་ཆེ་བ་དང་། སྤྱི་ཚོགས་ཟིང་ཆ་ཆེ་ཞིང་། སྲིད་དབང་ཤོར་བ་བཅས་བྱུང་བ་ལ། ལྐོག་ཟ་དང་རུལ་སུངས་ནི་དེའི་འབྱུང་རྐྱེན་ཧ་ཅང་ཆེན་པོ་ཞིག་རེད། དོན་དངོས་འབོར་ཆེན་ཞིག་ལས་ང་ཚོས་ཤེས་རྟོགས་བྱུང་དོན། རུལ་སུངས་ཀྱི་གནད་དོན་ཛ་དྲག་ཇེ་ཆེ་ནས་ཇེ་ཆེར་ཕྱིན་པའི་མཐར་ཏང་དང་རྒྱལ་ཁབ་ཕུང་བར་འགྱུར་ངེས། ང་ཚོ་རྨོངས་གཉིད་ལས་སད་དགོས་ཨང་། ཉེ་བའི་ལོ་ཤས་རིང་ལ་ང་ཚོའི་ཏང་ནང་ཁུལ་དུ་བྱུང་བའི་ཁྲིམས་འགལ་ལུགས་དཀྲུག་གི་གྱོད་དོན་ཚབས་ཆེན་ཁག་ནི། ངོ་བོ་ཐ་ཤལ་གྱི་མཐར་སོན་པ་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་ཤིན་ཏུ་ངན་པས་ཧང་སངས་དགོས་པ་ཞིག་ཆགས་ཡོད། དེ་ལ་ཏང་ཨུ་རིམ་པ་ཁག་གིས་དར་ཆ་གསལ་སྒྲེང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་དགོས་པ་དང་། སྔར་ལས་ཚན་རིག་དང་མཐུན་ཞིང་ནུས་པ་ལྡན་པའི་སྒོ་ནས་རུལ་སུངས་འགོག་བཅོས་བྱེད་དགོས་པ་དང་འབྲེལ། ལས་བྱེད་པ་སྤྱོད་ལམ་དྲང་བ་དང་། སྲིད་གཞུང་སྤྱོད་པ་གཙང་བ། ཆབ་སྲིད་དྭངས་ཤིང་གསལ་བ་བཅས་བྱས་ཏེ། གུང་ཁྲན་ཏང་མིའི་སྤྱོད་པ་དྲང་གཙང་གི་ཆབ་སྲིད་ཀྱི་རང་བཞིན་དུས་གཏན་དུ་སྐྱོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་སྤྱི་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པ་ཚོས་རང་རྟོགས་ཀྱིས་སྲིད་གཙང་སྐོར་གྱི་བསྲུང་བྱ་བརྩི་དགོས་པ་དང་། རང་ཁྲིམས་རང་སྡོམ་བྱེད་དགོས་པར་མ་ཟད། གཉེན་ཚན་དང་ཉེ་འཁོར་གྱི་ལས་བྱེད་མི་སྣ་རྣམས་ལ་སློབ་གསོ་དང་སྡོམ་འཆིང་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། དབང་ཆ་སྤྱད་དེ་སྒེར་དོན་གཉེར་རིགས་ནི་གཏན་ནས་བྱེད་མི་ཆོག་པ་དང་། ཁྱད་དབང་ནི་གཏན་ནས་སྤྱོད་མི་ཆོག ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་རྒྱབ་འགལ་བྱེད་པའི་བྱ་སྤྱོད་མཐའ་དག་ལ་ངེས་པར་དུ་ཉེས་ཆད་དྲག་པོ་གཅོད་དགོས་པ་ལས་གུ་ཡངས་དང་སྙིང་རྗེ་གཏན་ནས་བྱེད་མི་རུང་།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་སྤེལ་གཏོང་རྒྱུ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་ཆེན་པོ་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་དད་སེམས་སྔར་ལས་བརྟན་པོར་སྐྱེད་པ་དང་། སྔར་ལས་ཞུམ་པ་མེད་པར་འབད་བརྩོན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་དང་དུས་བསྟུན་མདུན་སྐྱོད་ཀྱིས་གོང་སྤེལ་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་གྱི་ཁྱད་ཆོས་དང་། རིགས་པའི་གཞུང་ལུགས་ཀྱི་ཁྱད་ཆོས། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་ཟམ་མི་ཆད་པར་ཕུན་ཚོགས་དར་རྒྱས་སུ་གཏོང་དགོས་པ་དང་འབྲེལ།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་འབེན་དང་ལས་འགན་ཁག་མངོན་འགྱུར་ཡོང་བར་ཧུར་བརྩོན་བྱེད་དགོས་པ་དང་། དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། མེས་རྒྱལ་གྱི་གོང་བུ་གཅིག་གྱུར་ལེགས་འགྲུབ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་བཅས་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་འདི་གསུམ་མུ་མཐུད་འགྲུབ་པར་བྱེད་དགོས། འདི་ནི་ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་ཞིག་ཡིན་པས། ང་ཚོས་དེའི་དོན་དུ་བློ་གྲོས་དང་སྟོབས་ཤུགས་ཡོད་རྒུ་འདོན་དགོས།