ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་གསུམ་པ།༽འགྱུར་བ་སྤུ་ཙམ་མེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་གཏོང་དགོས།

ཁུངས། ཀློག་གྲངས།

(2013ལོའི་ཟླ1ཚེས5ཉིན།)

བགྲོད་ལམ་གྱི་གནད་དོན་ནི་ཏང་གི་བྱ་གཞག་དར་རྒུད་རྒྱལ་ཕམ་གང་ཡོང་ལ་ཐུག་ཡོད་པའི་གནད་དོན་ཨང་དང་པོ་ཡིན་པ་དང་།   བགྲོད་ལམ་ནི་ཏང་གི་སྲོག་རྩ་ལྟ་བུ་ཡིན།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ཀྲུང་གོའི་སྤྱི་ཚོགས་གོང་འཕེལ་གྱི་ལོ་རྒྱུས་གཏན་ཚིགས་གཉིས་ཀྱི་རྩོད་སྒྲུབ་ངོས་ཀྱི་གཅིག་གྱུར་ཡིན་པ་དང་།  ཀྲུང་གོའི་ས་གཞི་ཆེན་པོར་རྩ་བ་ཚུགས་པ་དང་།  ཀྲུང་གོའི་མི་དམངས་ཀྱི་འདོད་བློ་མཚོན་པ།   ཀྲུང་གོ་དང་དུས་རབས་གོང་འཕེལ་ཡར་རྒྱས་ཀྱི་བླང་བྱ་དང་མཐུན་པའི་ཚན་རིག་སྤྱི་ཚོགས་རིང་ལུགས་ཡིན་ལ།    ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་།  སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་པོར་གཏོང་བ།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པ་བཅས་ཀྱི་མི་སྐྱོད་ཐབས་མེད་ཀྱི་བགྲོད་ལམ་འབའ་ཞིག་ཡིན། །

ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།  “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།   ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  འགྱུར་བ་སྤུ་ཙམ་མེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་གཏོང་དགོས་པ་དང་།   མར་ཁེ་སིའི་རིང་ལུགས་ཀྱི་གོང་འཕེལ་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ།   ལག་ལེན་ནི་བདེན་དོན་ཞིབ་བཤེར་བྱེད་པའི་ཚད་གཞི་ཉག་ཅིག་ཡིན་པ་རྒྱུན་འཁྱོངས་བྱེད་དགོས་པ།   ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ་བྱེད་དགོས་པ།  འཛམ་གླིང་གི་གནས་ཚུལ་དང་རྒྱལ་ཁབ་ཀྱི་གནས་ཚུལ།   ཏང་གི་གནས་ཚུལ་བཅས་ཀྱི་འགྱུར་བའི་ཆ་དང་མི་འགྱུར་བའི་ཆ་ངོས་འཛིན་གསལ་བོ་བྱེད་དགོས་པ།   ནམ་ཡིན་ཡང་རི་ལ་ཐུག་ན་ལམ་འབྱེད་ཅིང་ཆུ་ལ་ཐུག་ན་ཟམ་སྐྲུན་པའི་བློ་སྟོབས་ལྡན་དགོས་པ།    བརྩོན་འགྲུས་ཆེན་པོ་དང་དཔའ་ངར་ཆེན་པོས་འཚོལ་ཞིབ་བྱེད་དགོས་པ།   འཚོ་བ་དངོས་ནང་དང་མང་ཚོགས་ཀྱི་བསམ་བློའི་སྟེང་གི་ཐག་གཅོད་བྱ་རྒྱུར་ཉེ་བར་ཐུག་ཡོད་པའི་གནད་དོན་ལ་དབྱེ་ཞིབ་དང་དྲིས་ལན་འདེབས་ཕོད་པ་དང་མཁས་པ།   རྒྱུན་ཆད་མེད་པར་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ།  རྒྱུན་ཆད་མེད་པར་བྱ་དངོས་གསར་རྟོགས་དང་།  བྱ་དངོས་གསར་གཏོད།    མདུན་དུ་སྐྱོད་པ་བཅས་བྱེད་དགོས་པ།   རྒྱུན་ཆད་མེད་པར་རིགས་པའི་གཞུང་ལུགས་གསར་གཏོད་དང་།  ལག་ལེན་གསར་གཏོད།   ལམ་ལུགས་གསར་གཏོད་བཅས་ལ་སྐུལ་མ་གཏོང་དགོས། །

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ནི་ཚིག་བརྒྱ་མདོ་གཅིག་ཏུ་བསྒྲིལ་ནས་བཤད་ན།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་གཏོང་དགོས་པ་དེ་ཡིན།   ད་ལོ་ནི་བློ་མཐུན་ཏེང་ཞའོ་ཕིན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཏོན་ནས་ལོ་ངོ31འཁོར་བའི་ལོ་རེད།   བློ་མཐུན་ཏེང་ཞའོ་ཕིན་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་ཕྱེ་ནས།  ཅུང་ཟད་མ་ལག་ཚང་བའི་སྒོ་ནས་ཀྲུང་གོ་འདི་བཞིན་དཔལ་འབྱོར་དང་རིག་གནས་ཅུང་ཟད་རྗེས་ལུས་ཡིན་པའི་རྒྱལ་ཁབ་ཅིག་ཏུ་ཇི་ལྟར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་ཕྱོགས་དང་།   ཇི་ལྟར་སྤྱི་ཚོགས་རིང་ལུགས་སྲ་བརྟན་དང་གོང་སྤེལ་གཏོང་ཕྱོགས་སྐོར་གྱི་གཞི་རྩར་གྱུར་བའི་གནད་དོན་རབ་དང་རིམ་པ་ཞིག་ལ་དྲིས་ལན་ཐོག་མར་བཏབ་ཡོད་ལ།   བསམ་བློ་དང་ལྟ་བ་གསར་པ་སྤྱད་དེ་མར་ཁེ་སིའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད་པ་དང་།   མར་ཁེ་སིའི་རིང་ལུགས་ཀྱི་གོ་འཕང་གསར་པ་བཏོད་ཡོད་པས།  སྤྱི་ཚོགས་རིང་ལུགས་ལ་ཐོབ་པའི་ངོས་ཟིན་དེ་ཚན་རིག་ཆུ་ཚད་གསར་པ་ཞིག་ཏུ་གོང་དུ་སྤར་ཡོད།  །

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་སྤྱི་ཚོགས་རིང་ལུགས་ཉིད་ཡིན་པ་ལས་རིང་ལུགས་གཞན་གང་ཡང་མིན།   ཚན་རིག་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་ནི་འདོར་མི་རུང་ལ་དོར་བ་ཡིན་ན་སྤྱི་ཚོགས་རིང་ལུགས་མིན།    རྒྱལ་ཁབ་ཅིག་གིས་རིང་ལུགས་གང་འདྲ་ཞིག་ལག་བསྟར་བྱེད་མིན་ནི་གཙོ་བོར་རིང་ལུགས་གང་དེས་རྒྱལ་ཁབ་དེ་ཉིད་ཀྱི་མདུན་དུ་ལྷགས་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ཐག་གཅོད་བྱེད་ཐུབ་མིན་ལ་རག་ལས་ཡོད།  ལོ་རྒྱུས་དང་དངོས་ཡོད་ཀྱིས་ང་ཚོར་གསལ་བོར་བསྟན་དོན།   སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་དར་རྒྱས་གཏོང་མི་ཐུབ།  འདི་ནི་ལོ་རྒྱུས་ཀྱི་སྡོམ་ཚིག་དང་མི་དམངས་ཀྱི་གདམ་ག་རེད།    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བསྟུད་མར་གོང་འཕེལ་ཡོང་བ་དང་སྦྲགས་ང་ཚོའི་ལམ་ལུགས་ཉིད་ཆ་ལག་ཇེ་ཚང་ཇེ་རྫོགས་སུ་འགྲོ་ངེས་ཡིན་པ་དང་།  རང་རྒྱལ་སྤྱི་ཚོགས་ཀྱི་ཁྱད་འཕགས་རང་བཞིན་དེ་སྔར་བས་མངོན་ངེས་ཤིང་།    ང་ཚོའི་བགྲོད་ལམ་ཉིད་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་རྒྱ་ཆེ་རུ་འགྲོ་ངེས་རེད།  ང་ཚོར་དེ་ལྟ་བུའི་བགྲོད་ལམ་གྱི་གདེང་ཚོད་དང་།  རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།   ལམ་ལུགས་ཀྱི་གདེང་ཚོད་བཅས་ཡོད་དགོས་པ་དང་།   “འཇིགས་པ་ཀུན་གྱིས་མི་གནོན་པས། །ཕྱོགས་ཀྱི་རླུང་ནག་བཏང་སྙོམས་འཇོག ”ཟེར་བ་ལྟར་བྱེད་ཐུབ་དགོས།  

ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པར།   བསྒྱུར་བཅོས་སྒོ་འབྱེད་མ་བྱས་སྔོན་དང་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་རྗེས་ཞེས་པའི་ལོ་རྒྱུས་ཀྱི་དུས་སྐབས་གཉིས་ཡོད་པ་དང་།  དེ་གཉིས་ནི་ཕན་ཚུན་གཅིག་ཏུ་འབྲེལ་ཡོད་ལ་ཁྱད་པར་ཆེན་པོ་ཡང་ཡོད་པའི་དུས་སྐབས་གཉིས་ཡིན་མོད།  འོན་ཀྱང་ངོ་བོའི་ཆ་ནས་བཤད་ན་གཉིས་ཀ་ང་ཚོའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་གྱི་འཚོལ་ཞིབ་ཡིན།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་དུ་སྲོལ་བཏོད་པ་ཞིག་ཡིན་མོད་ཀྱང་།   དེ་ནི་ཀྲུང་གོ་གསར་པས་བཙུགས་ཟིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་དང་དེ་ཉིད་ལོ20ལྷག་རིང་འཛུགས་སྐྲུན་བྱས་པའི་རྨང་གཞིའི་སྟེང་དུ་སྲོལ་བཏོད་པ་ཞིག་རེད།  ལོ་རྒྱུས་ཀྱི་དུས་སྐབས་འདི་གཉིས་པོའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་བྱེད་ཕྱོགས་ཀྱི་བསམ་བློའི་ཕྱོགས་སྟོན་དང་།  བྱེད་ཕྱོགས་སྲིད་ཇུས།   ལས་ཀ་དངོས་བཅས་ཀྱི་ཐད་ལ་ཁྱད་པར་ཆེན་པོ་ཡོད་མོད་ཀྱང་།   དེ་གཉིས་ཕན་ཚུན་ཁ་ཁར་ཆད་པ་ཞིག་མིན་པ་དང་།  རྩ་བའི་སྟེང་ནས་འགལ་བ་ལྟག་སྤྲོད་དུ་གྱུར་བ་ཞིག་ནི་དེ་བས་ཀྱང་མིན།   བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཀྱི་ལོ་རྒྱུས་དུས་སྐབས་སྤྱད་དེ་བསྒྱུར་བཅོས་སྒོ་འབྱེད་མ་བྱས་སྔོན་གྱི་ལོ་རྒྱུས་དུས་སྐབས་ཁས་མི་ལེན་པ་བྱེད་མི་རུང་ལ།  བསྒྱུར་བཅོས་སྒོ་འབྱེད་མ་བྱས་སྔོན་གྱི་ལོ་རྒྱུས་དུས་སྐབས་སྤྱད་དེ་བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཀྱི་ལོ་རྒྱུས་དུས་སྐབས་ཁས་མི་ལེན་པ་ཡང་བྱེད་མི་རུང་།    དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གཙོ་ཕལ་དབྱེ་འབྱེད་དང་།   བདེན་པ་མཐའ་འཁྱོངས།   ནོར་འཁྲུལ་ཡོ་བསྲང་།  ཉམས་མྱོང་དར་སྤེལ།   བསླབ་བྱ་བསྡུ་ལེན་བཅས་བྱེད་དགོས་པ་དང་།  རྨང་གཞི་དེའི་སྟེང་དུ་ཏང་དང་མི་དམངས་ཀྱི་བྱ་གཞག་མུ་མཐུད་ནས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས། །

མར་ཁེ་སིའི་རིང་ལུགས་ནི་དུས་རབས་དང་ལག་ལེན་དང་ཚན་རིག་ གསུམ་གོང་འཕེལ་འགྲོ་བ་དང་སྦྲགས་ནས་ཟམ་མི་ཆད་པར་གོང་འཕེལ་འབྱུང་བ་ཞིག་ཡིན་ངེས་པ་ལས།    འགྱུར་བ་མེད་པའི་ངོ་བོ་ཅན་མིན་པ་དང་།    སྤྱི་ཚོགས་རིང་ལུགས་ནི་ཐོག་མ་ཉིད་ནས་སྲོལ་གསར་འབྱེད་པའི་ཁྲོད་དུ་མདུན་སྐྱོད་བྱེད་པ་ཞིག་ཡིན།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་སྤེལ་གཏོང་བ་ནི་བསྟན་བཅོས་ཆེན་པོ་ཞིག་དང་འདྲ་ལ།  བློ་མཐུན་ཏེང་ཞའོ་ཕིན་གྱིས་དེའི་གཞི་རྩའི་བསམ་ཕྱོགས་དང་གཞི་རྩའི་རྩ་དོན་གཏན་ལ་ཕབ་ཡོད་པ་དང་།  བློ་མཐུན་ཅང་ཙེ་རྨིན་གྱིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་རབས་གསུམ་པ་དང་།    བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཚང་མས་བསྟན་བཅོས་ཆེན་པོ་འདིའི་ནང་དུ་ཡིད་དབང་འགུགས་པའི་ལེའུ་བྲིས་ཡོད།   ད་ལྟའི་ཆར་ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིའི་ལས་འགན་ནི་བསྟན་བཅོས་ཆེན་པོ་འདི་ཉིད་མུ་མཐུད་རྩོམ་དགོས་པ་དེ་ཡིན།   མར་ཁེ་སིའི་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་ན་ངེས་པར་དུ་གོང་འཕེལ་འགྲོ་བའི་ལྟ་ཚུལ་འཛིན་དགོས།   ང་ཚོའི་བྱ་གཞུག་ཇི་ལྟར་མདུན་དུ་བསྐྱོད་པ་དང་ཇི་ཙམ་གོང་འཕེལ་སོང་ན་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དེ་ཙམ་གྱིས་མང་དུ་འགྲོ་བ་དང་།  མདུན་དུ་ལྷགས་ཡོང་བའི་ཉེན་ཁ་དང་འགྲན་སློང་དེ་ཙམ་གྱིས་མང་དུ་འགྲོ་བ།   ཁ་གཏོད་སའི་ཚོད་དཔག་བྱེད་དཀའ་བའི་དོན་དེ་ཙམ་གྱིས་མང་དུ་འགྲོ་བ་རེད།    དེ་ལ་ང་ཚོས་ངེས་པར་དུ་ཉམས་ཉེས་དྲན་པའི་སེམས་བསྐྱེད་དེ་བདེ་བར་སྡོད་དུས་ཉམས་ཉེས་དྲན་དགོས་པ་དང་།    ཤེས་ན་ཤེས་པ་དང་མ་ཤེས་ན་མ་ཤེས་པ་ཁས་ལེན་དགོས།   ཤེས་པའི་དོན་ཡིན་ཕྱིན་ཧུར་བརྩོན་གྱིས་མཐུན་རྐྱེན་བསྐྲུན་ནས་སྒྲུབ་དགོས་པ་དང་།  མ་ཤེས་པའི་དོན་ཡིན་ཕྱིན་གཡེང་མེད་དམ་འཛིན་གྱིས་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ་རྟོགས་དགོས་པ་ལས་ཉག་ཉོག་སླ་བཅོས་སྤུ་ཙམ་བྱེད་མི་རུང་།  །

གུང་ཁྲན་ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་འགྱུར་མེད་དད་པ་ཅན་དང་སླད་མེད་ཉམས་ལེན་པ་བྱེད་དགོས།   ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་སྐྱོད་པའི་དད་སེམས་བརྟན་པོར་སྐྱེད་དགོས་པས་མི་ཚད།   གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་ཡང་རྒྱུད་ལ་བཅངས་ནས་བརྩོན་པ་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་དང་གཞི་རྩའི་རྩ་འཛིན་ལག་བསྟར་མཐར་ཕྱིན་བྱེད་དགོས་པ་དང་།  མིག་མདུན་གྱི་ལས་ཀ་ཁག་རེ་རེ་བཞིན་ཡག་པོར་སྒྲུབ་དགོས།  གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ།  སུ་ལ་ཕུགས་བསམ་ཆེན་པོ་མེད་ན་དེ་ཚད་གཞི་ལོངས་པའི་གུང་ཁྲན་ཏང་ཡོན་མིན་པ་དང་།   སུས་ལས་ཀ་དངོས་རྒྱབ་ཏུ་བསྐྱུར་ནས་ཕུགས་བསམ་ཆེན་པོ་སྟོང་བཤད་རྒྱག་པ་དེ་ཡང་ཚད་གཞི་ལོངས་པའི་གུང་ཁྲན་ཏང་ཡོན་མིན།   གུང་ཁྲན་ཏང་ཡོན་ཞིག་དང་འགོ་ཁྲིད་ལས་བྱེད་པ་ཞིག་ལ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ཡོད་མེད་ལ་ལྟ་བར་ཕྱི་རོལ་ཡུལ་གྱི་ཚད་གཞི་ཡོད་པ་སྟེ།   གང་དེས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་གི་གཞི་རྩའི་དམིགས་འབེན་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་།  སྔོན་ལ་དཀའ་བ་སྤྱོད་ཅིང་རྗེས་ལ་ལོངས་སྤྱོད་བྱེད་ཐུབ་མིན།   ལས་ཀ་ལྷུར་ལེན་དང་སྤྱོད་གཙང་སྤྱི་གཞོལ་བྱེད་ཐུབ་མིན།  ཕུགས་བསམ་གྱི་དོན་དུ་ཞུམ་པ་མེད་པར་དཀའ་ཐུབ་སྤྱོད་ཅིང་འབད་འཐབ་བྱེད་པ་དང་།   རང་ཉིད་ཀྱི་སེམས་ཤུགས་ཡོད་ཚད་དང་ཐ་ན་གཅེས་སྲོག་ཀྱང་འབུལ་བར་བྱེད་ཐུབ་མིན་བཅས་ལ་ལྟ་དགོས།  རྨོངས་བརྟུལ་སོམ་ཉིའི་ལྟ་བ་ཡོད་ཚད་དང་།    འཕྲལ་གྱི་དགའ་བདེར་སྤྱོད་པའི་བསམ་བློ་ཡོད་ཚད།   རང་དོན་ཧམ་ཆེའི་བྱ་སྤྱོད་ཡོད་ཚད།  བརྩོན་མེད་འབྲས་མེད་ཀྱི་སྤྱོད་ཚུལ་ཡོད་ཚད་བཅས་ནི་གོང་སྨོས་ཚད་གཞི་དང་འགལ་བ་ལྟག་སྤྲོད་ཀྱི་གནས་ཡིན།  །