ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་བཞི་བའི་སྟོད་ཆ།༽མའོ་ཙེ་ཏུང་དགོངས་པའི་ཉམས་མེད་བླ་སྲོག་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།

ཁུངས། ཀློག་གྲངས།

མའོ་ཙེ་ཏུང་དགོངས་པའི་ཉམས་པ་མེད་པའི་བླ་སྲོག་ནི་དེའི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་གསུམ་ལ་དཀྱུས་གཅིག་ཏུ་བསྟར་ཡོད་པ་དང་། དེ་དག་ལ་གཞི་རྩར་གྱུར་པའི་ཕྱོགས་གསུམ་ཡོད་པ་ནི་དངོས་ཐོག་བདེན་འཚོལ་དང་། མང་ཚོགས་ལམ་ཕྱོགས། རང་བཙན་རང་བདག་བཅས་ཡིན། གནས་བབ་གསར་པའི་འོག་ང་ཚོས་མའོ་ཙེ་ཏུང་དགོངས་པའི་ཉམས་མེད་བླ་སྲོག་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱས་ཏེ། ང་ཚོའི་ཏང་ཉིད་འཛུགས་སྐྱོང་ཡག་པོ་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་ཆེན་མུ་མཐུད་ནས་མདུན་དུ་སྐུལ་འདེད་གཏོང་དགོས།

དངོས་ཐོག་བདེན་འཚོལ་ནི་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་ལྟ་བ་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་མིས་འཇིག་རྟེན་ངོས་འཛིན་དང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་གཞི་རྩའི་བླང་བྱ་ཡིན་ལ། ང་ཚོའི་ཏང་གི་རྩ་བའི་བསམ་བློའི་ཐབས་བཀོད་དང་། ལས་ཀའི་ཐབས་བཀོད། འགོ་ཁྲིད་ཀྱི་ཐབས་བཀོད་བཅས་ཡིན། འདས་ད་ལྟ་མ་འོངས་ཀུན་ཏུ་ང་ཚོས་བྱ་བ་གང་བྱེད་ཚང་མ་གནས་ཚུལ་ དངོས་ལ་གཞིགས་ནས་བྱེད་དགོས་པ་རྒྱུན་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་ཉིད་ལག་ལེན་དང་ཟུང་འབྲེལ་བྱེད་དགོས་པ་དང་། ལག་ལེན་གྱི་ནང་དུ་བདེན་དོན་ཞིབ་བཤེར་དང་བདེན་དོན་གོང་སྤེལ་གཏོང་དགོས།

བློ་མཐུན་མའོ་ཙེ་ཏུང་གིས་གསུངས་དོན། “ དངོས” ཟེར་བ་ནི་ཕྱི་རོལ་ཡུལ་དུ་ཡོད་པའི་བྱ དངོས་ཐམས་ཅད་ལ་ཟེར། “བདེན” ཟེར་བ་ནི་ཕྱི་རོལ་ཡུལ་དུ་ཡོད་པའི་བྱ་དངོས་རྣམས་ཀྱི་ནང་གི་འབྲེལ་བ་སྟེ་ཆོས་ཉིད་ལ་ཟེར། “འཚོལ”ཟེར་བ་ནི་ང་ཚོས་ཞིབ་འཇུག་བྱེད་པར་ཟེར།”བློ་མཐུན་མའོ་ཙེ་ཏུང་གིས་ད་དུང་དངོས་ཐོག་བདེན་འཚོལ་ནི་“འབེན་ཡོད་སར་མདའ་འཕེན་པའི་” དཔེར་བཀོད་ཡོད། ང་ཚོས་མར་ཁེ་སིའི་རིང་ལུགས་ཀྱི“མདའ་མོ” དེ་ཀྲུང་གོའི་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་གྱི “འབེན” ལ་འཕེན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། །

དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་ན། དངོས་ཡོད་ལ་ཟབ་འཇུག་གིས་དོན་དངོས་ཀྱི་མ་གཞིའི་རྣམ་པ་ཤེས་རྟོགས་བྱེད་དགོས། ཕྱི་རྣམ་པའི་ཐོག་ནས་ནང་དོན་གྱི་ངོ་བོ་རྟོགས་དགོས་པ་དང་། སྣང་ཚུལ་ཐོར་བུའི་ཐོག་ནས་བྱ་དངོས་ཀྱི་ནང་ན་གནས་པའི་ལྡོག་མེད་འབྲེལ་བ་རྟོགས་དགོས་ལ། ཕྱི་རོལ་ཡུལ་གྱི་བྱ་དངོས་ཀྱི་གནས་ལུགས་དང་འཕེལ་ལུགས་ཀྱི་ཆོས་ཉིད་ལ་གཞིགས་དགོས་ཤིང་། ལག་ལེན་གྱི་ཁྲོད་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་གཞིར་བཟུང་ནས་བྱ་བ་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱ་རྒྱུ་ནི་སྒྲུབ་ཐེངས་གཅིག་གིས་འགྲུབ་ཐུབ་པ་ཞིག་མ་ཡིན་ཏེ། དུས་ངེས་ཅན་དང་ཡུལ་ངེས་ཅན་ཞིག་ཏུ་དངོས་ཐོག་བདེན་འཚོལ་བྱེད་ཐུབ་པར་གྱུར་ཀྱང་། དུས་དང་ཡུལ་གཞན་ཞིག་ཏུ་ཡང་དངོས་ཐོག་བདེན་འཚོལ་བྱེད་ཐུབ་པའི་ངེས་པ་མེད་པ་དང་། དུས་ངེས་ཅན་དང་ཡུལ་ངེས་ཅན་ཞིག་ཏུ་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱས་ཏེ་ཐོབ་པའི་སྡོམ་ཚིག་དང་ཉམས་མྱོང་གང་ཞིག འགྱུར་ལྡོག་བྱུང་ཟིན་པའི་དུས་དང་ཡུལ་གཞན་ཞིག་ཏུ་ཡང་སྤྱད་འཐུས་པའི་ངེས་པ་མེད། ང་ཚོས་རང་རྟོགས་ཀྱིས་དངོས་ཐོག་བདེན་འཚོལ་གྱི་དད་སེམས་བརྟན་ པོར་སྐྱེད་དགོས་པ་དང་། དངོས་ཐོག་བདེན་འཚོལ་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་དགོས་ཤིང་། དུས་དང་རྣམ་པ་ཀུན་ཏུ་དངོས་ཐོག་བདེན་འཚོལ་ཉིད་སེམས་ལ་འཇགས་པ་དང་ལག་ཏུ་བསྟར་དགོས། །

དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་ན། རང་རྒྱལ་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པས་མི་ཚད་ད་དུང་དུས་ཡུན་རིང་པོ་ཞིག་ལ་མུ་མཐུད་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་འདི་ངོས་འཛིན་གསལ་པོ་བྱེད་དགོས་པ་དང་ཁོང་དུ་ཡང་དག་པ་ཆུད་དགོས། ང་ཚོས་བསྒྱུར་བཅོས་དང་གོང་སྤེལ་ལ་སྐུལ་འདེད་གཏོང་བ་དང་། བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱེད་པ་ཀུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་ རིམ་ཞེས་པའི་དངོས་ཡོད་ཆེན་པོ་འདི་ལ་གཞི་ཚུགས་དགོས་པ་དང་། ཀུན་ནས་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་འདིའི་དགོས་དབང་གི་བླང་བྱ་སྒོ་ཀུན་ནས་མཚོན་དགོས་ལ། བྱ་བ་གང་བྱེད་ཐམས་ཅད་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་འདི་ལ་གཞིགས་དགོས། དངོས་ཡོད་ལས་བརྒལ་བ་དང་དུས་རིམ་ལས་བརྒལ་ནས་མྱུར་ལམ་ལ་ཧོབ་འཇུག་བྱེད་པའི་ཕྱོགས་ལྷུང་གང་ཡིན་རུང་ཚང་མ་ཧུར་ཐག་གིས་བཟློག་དགོས་པ་དང་། དངོས་ཡོད་ཀྱི་རྗེས་སུ་ལུས་པ་དང་འགྱུར་ལྡོག་ཟབ་མོ་འབྱུང་བཞིན་པའི་ཕྱི་རོལ་ཡུལ་གྱི་དོན་དངོས་སྣང་མེད་དུ་བསྐྱུར་ནས་སྲོལ་རྙིང་མཁྲེགས་འཛིན་དང་རང་མགོ་རང་སྡོམ་བྱེད་པའི་ལྟ་བ་དང་བྱེད་ཐབས་གང་ཡིན་རུང་ཚང་མ་བློ་ཐག་རྦད་ཆོད་ཀྱིས་ཡོ་བསྲང་བྱེད་དགོས།

དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་ན། མི་དམངས་ཀྱི་ཁེ་ཕན་གྱི་དོན་དུ་བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་བཅོས་སྒྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ལྷག་བསམ་ཟོལ་མེད་དང་། སྒེར་སེམས་མེད་ལ་ཞུམ་པ་མེད་པ། དོན་དངོས་གཞིར་འཛིན་པ། དོན་དངོས་ཀྱི་གནས་ཚུལ་ངོ་མ་བཤད་ཕོད་པ་བཅས་ཀྱི་སྤོབས་པ་དང་གཞུང་སེམས་ཡོད་དགོས་པ་དང་། བསམ་བློའི་ངོས་འཛིན་སྟེང་གི་ཕྱོགས་ལྷུང་དང་། བཀོད་ཇུས་ནང་གི་ནོར་འཁྲུལ། ལས་ཀའི་ནང་གི་སྐྱོན་ཆ་བཅས་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱེད་དགོས་པ། འགལ་བ་དང་གནད་དོན་གང་ཡོད་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་དགོས་པ་དང་འབྲེལ། ང་ཚོའི་བསམ་བློ་དང་བྱ་སྤྱོད་ཉིད་སྔར་བས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ་དང་། དུས་རབས་ཀྱི་བླང་བྱ་དང་མཐུན་པ། མི་དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་བྱེད་དགོས། །

དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་ན། ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རྩ་བའི་རིགས་པ་ནི་ཀུན་ཁྱབ་བདེན་དོན་ཡིན་པས་དེར་རྟག་བརྟན་གྱི་བསམ་བློའི་རིན་ཐང་ལྡན་མོད། འོན་ཀྱང་མར་ཁེ་སིའི་རིང་ལུགས་ཀྱི་ཚད་ལྡན་རྩོམ་པ་པོ་རྣམ་པས་བདེན་དོན་གྱི་མཐའ་ ཆོད་མེད་པར་རྒྱུན་ཆད་མེད་པར་བདེན་དོན་འཚོལ་སྙེག་དང་བདེན་དོན་གོང་སྤེལ་གཏོང་བའི་དོན་དུ་ལམ་ཁ་འབྱེད་ཀྱི་ཡོད། དེང་སང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་མི་ཐུབ་པའི་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལ་ཁ་གཏད་འཇལ་བ་བཅས་ཚང་མར་ཞིབ་འཇུག་བྱ་གཞི་གསར་པ་ཐོན་ངེས་ཡིན་པས། ང་ཚོས་རིགས་པའི་གཞུང་ལུགས་ཀྱི་སྟེང་ནས་ཚན་རིག་དང་མཐུན་པའི་དྲིས་ལན་གསར་དུ་འདེབས་རྒྱུའི་དགོས་གཏུགས་ཡོད། ང་ཚོས་དུས་ཐོག་ཏུ་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་གསར་གཏོད་བྱས་པའི་ཉམས་མྱོང་གསར་པ་ཕྱོགས་བསྡོམས་བྱས་ཏེ། རྒྱུན་ཆད་མེད་པར་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གོ་འཕང་གསར་པ་འབྱེད་དགོས་པ་དང་། དེང་རབས་ཀྱི་ཀྲུང་གོའི་། མར་ཁེ་སིའི་རིང་ལུགས་ལ་སྔར་ལས་གཟི་དཔལ་འབར་བའི་བདེན་དོན་གྱི་འོད་སྟོང་འཕྲོ་རུ་འཇུག་དགོས། །

མང་ཚོགས་ལམ་ཕྱོགས་ནི་ང་ཚོའི་ཏང་གི་སྲོག་རྩ་དང་རྩ་བའི་ལས་ཀའི་ལམ་ཕྱོགས་ཡིན་པ་དང་།ང་ཚོའི་ཏང་གིས་དུས་གཏན་དུ་ལང་ཚོའི་སྐྱེ་སྟོབས་དང་འཐབ་འཛིང་གི་ནུས་སྟོབས་འཛིན་ཐུབ་པའི་ཁྱིམ་བརྒྱུད་ཀྱི་ནོར་བུ་རིན་ཆེན་ཡིན། འདས་མ་འོངས་ད་ལྟ་ཀུན་ཏུ་ང་ཚོས་མཐའ་གཅིག་ཏུ་ཐམས་ཅད་མང་ཚོགས་ཀྱི་དོན་དུ་ཡིན་པ་དང་། ཐམས་ཅད་མང་ཚོགས་ལ་རྒྱབ་རྟེན་བྱེད་དགོས་པ། མང་ཚོགས་ལས་བྱུང་ཞིང་མང་ཚོགས་ལ་འཇུག་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཡང་དག་པའི་འདོད་ཚུལ་ཉིད་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་ལ་སྒྱུར་དགོས་པ་དང་། མང་ཚོགས་ལམ་ཕྱོགས་ཉིད་རྒྱལ་ཁབ་དང་སྲིད་དབང་སྐྱོང་བའི་བྱེད་སྒོ་ཡོངས་སུ་ལག་བསྟར་མཐར་ཕྱིན་པ་བྱེད་དགོས། །

མང་ཚོགས་ལམ་ཕྱོགས་ཀྱི་ངོ་བོའི་ཐོག་གི་མཚོན་བྱ་ནི་མར་ཁེ་སིའི་རིང་ལུགས་ཀྱི་མི་དམངས་མང་ཚོགས་ནི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་ཡིན་པའི་སྐོར་གྱི་རྩ་བའི་རྩ་དོན་འདི་ཡིན། དེ་ཡང་རྩ་བའི་རྩ་དོན་འདི་རྒྱུན་འཁྱོངས་བྱས་ན་ང་ཚོས་གཞི་ནས་ལོ་རྒྱུས་མདུན་དུ་སྐྱོད་པའི་གཞི་རྩའི་ཆོས་ཉིད་རྟོགས་ཐུབ་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལྟར་བྱ་བ་བསྒྲུབས་ན་ང་ཚོ་གཞི་ནས་ནམ་ཡང་མི་ཕམ་རྣམ་པར་རྒྱལ་ཐུབ། མི་དམངས་མང་ཚོགས་ནི་ལོ་རྒྱུས་གོང་འཕེལ་དང་སྤྱི་ཚོགས་ཡར་རྒྱས་ཡོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པ་ལོ་རྒྱུས་ཀྱིས་ཡང་དང་བསྐྱར་དུ་བདེན་དཔང་བྱས་ཡོད། དེ་ཡང་བློ་མཐུན་མའོ་ཙེ་ཏུང་གིས་གསུངས་པ་ནང་བཞིན་ཏེ། “ཀྲུང་གོའི་ལས་སྐལ་དེ་མི་དམངས་རང་ཉིད་ཀྱི་ལག་པར་བཟུང་རྗེས་ཀྲུང་གོ་འདི་ཉི་མ་ཤར་རིའི་རྩེ་ནས་ཤར་བ་ནང་བཞིན་རང་གི་འོད་ཟེར་རབ་ཏུ་འབར་བ་དེ་ས་གཞི་ཆེན་པོ་ཡོངས་ལ་འཕྲོ་བར་བྱེད། ། ”

མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་ན། མི་དམངས་ནི་ང་ཚོའི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་མཁན་གྱི་གཞི་རྩའི་སྟོབས་ཤུགས་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱ་རྒྱུ་དང་། མི་དམངས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱ་རྒྱུ་དེ་ནི་ནམ་ཡིན་རུང་ང་ཚོའི་ཏང་ཉིད་མི་ཕམ་པའི་གནས་སུ་ལངས་ཐུབ་པའི་རྒྱབ་རྟེན་གལ་ཆེན་ཡིན། མི་དམངས་ཀྱི་མདུན་དུ་ང་ཚོ་ནམ་ཡིན་ཡང་སློབ་ཆུང་སློབ་མ་ཡིན་པས། ངེས་པར་དུ་རང་རྟོགས་ངང་མི་དམངས་དགེ་རྒན་ལ་བསྟེན་ནས་མཛངས་བའི་མི་ལ་བློ་འདྲི་དང་མཁས་པའི་མི་ལ་ཇུས་འདྲི་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་ཀྱིས་བཤད་པའི་འདོད་བློ་དང་། གསར་སྐྲུན་བྱས་པའི་ཉམས་མྱོང་། ཁོང་ཚོར་ཡོད་པའི་ཁེ་དབང་། ཁོང་ཚོས་འདོན་པའི་ནུས་པ་བཅས་ལ་བརྩི་འཇོག་གང་ལེགས་བྱེད་དགོས། ང་ཚོས་མི་དམངས་ཀྱིས་བསྩལ་བའི་དབང་ཆར་གཅེས་སྤྲས་བྱེད་དགོས་པ་ དང་། མི་དམངས་ཀྱིས་བསྩལ་བའི་དབང་ཆ་ཡག་པོར་སྤྱོད་དགོས་པ། རང་རྟོགས་ཀྱིས་མི་དམངས་ལ་དབང་ཆར་ལྟ་སྐུལ་བྱེད་དུ་འཇུག་དགོས་པ། མི་དམངས་ལ་ཉེ་བར་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གསར་གཏོད་བྱེད་དགོས་པ་བཅས་ཀྱི་ཐོག་ནས། ང་ཚོའི་ཏང་གི་རྨང་གཞི་ཉིད་ཡུན་ནས་ཡུན་དུ་མི་འགྱུར་རྡོ་རྗེ་བྲག་ལྟ་བུ་ཆགས་པར་བྱེད་དགོས། །