ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་བཞི་བའི་སྨད་ཆ།༽མའོ་ཙེ་ཏུང་དགོངས་པའི་ཉམས་མེད་བླ་སྲོག་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་བྱེད་དགོས།

ཁུངས། ཀློག་གྲངས།

མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་ན། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེད་ཞུ་དགོས་པའི་ཏང་གི་གཞི་རྩའི་དམིགས་འབེན་རྒྱུན་འཁྱོངས་བྱེད་དགོས། “འབངས་སེམས་ལ་བསྟུན་ན་ཆབ་སྲིད་དར། འབངས་སེམས་ལས་ལྡོག་ན་ཆབ་སྲིད་ཉམས” ཟེར་བ་ལྟར། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་ཏང་གི་བྱ་སྤྱོད་མཐའ་དག་གི་གཞི་རྩར་གྱུར་པའི་འགོ་རྩོམ་ས་དང་དོན་འབབ་ས་ཡིན་པ་དང་། ང་ཚོའི་ཏང་ཉིད་སྲིད་ཏང་གཞན་དག་ཐམས་ཅད་དང་མི་འདྲ་བའི་རྩ་བའི་ཁྱད་རྟོགས་ཡིན། ཏང་གི་ལས་དོན་མཐའ་དག་ལ་ངེས་པར་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ཆེས་མཐོའི་ཚད་གཞིར་འཛིན་དགོས། ང་ཚོའི་ལས་ཀ་ཡོད་ཚད་ཀྱི་ཕན་འབྲས་ཞིབ་བཤད་བྱེད་ན་མཐར་ཐུག་མི་དམངས་ལ་དངོས་འབྲེལ་ཁེ་བཟང་རག་ཡོད་མེད་དང་། མི་དམངས་ཀྱི་འཚོ་བ་དངོས་འབྲེལ་ལེགས་བཅོས་བྱུང་ཡོད་མེད། མི་དམངས་ཀྱི་ཁེ་དབང་དང་དངོས་འབྲེལ་འགན་སྲུང་བྱུང་ཡོད་མེད་བཅས་ལ་ལྟ་དགོས། མི་དམངས་ཀྱི་སྔར་ལས་བཟང་བའི་འཚོ་བ་རོལ་འདོད་ཀྱི་རེ་སྨོན་གསར་བའི་མདུན་དུ། ང་ཚོ་རང་རློམ་དང་སྒྱིད་ལུག་སྤུ་ཙམ་ཡོད་མི་རུང་བར་ངེས་པར་དུ་ཡག་ཐོག་ཡག་བརྩེགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉིད་སྔར་ལས་དྲང་སྙོམ་གྱི་སྒོ་ནས་མི་དམངས་ཡོངས་རྫོགས་ལ་ཕན་པའི་གསོས་སུ་བསྒྲུབས་ཏེ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས།

མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་ན། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། ང་ཚོའི་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་ཆེ་ཤོས་ནི་མང་ཚོགས་དང་འབྲེལ་འདྲིས་དམ་པོ་བྱེད་པ་དེ་ཡིན་ལ། ཏང་གིས་སྲིད་བསྐྱངས་རྗེས་ཀྱི་ཉེན་ཁ་ཆེ་ཤོས་ནི་མང་ཚོགས་དང་ཁ་བྲལ་བ་དེ་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་གསུངས་དོན། “ང་ཚོ་གུང་ཁྲན་ཏང་ནི་ས་བོན་དང་འདྲ་བ་ཞིག་རེད། མི་དམངས་ནི་ས་གཞི་དང་འདྲ་བ་ཞིག་རེད། ང་ཚོ་ས་གང་དུ་འབྱོར་ན་དེ་གའི་མི་དམངས་དང་ཟུང་འབྲེལ་བྱས་ནས་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་མེ་ཏོག་ཤར་བ་ཞིག་བྱེད་དགོས་ཀྱི་རེད།” དེ་ཡང་མང་ཚོགས་ལྟ་བ་དང་མང་ཚོགས་ལམ་ཕྱོགས་ཉིད་ཏང་ཡོངས་ཀྱི་བློ་མཐུན་རྣམས་ཀྱི་བསམ་བློའི་ནང་དུ་ཟབ་མོར་ཚུགས་པ་དང་། ཏང་ཡོན་རེ་རེ་བྱ་སྤྱོད་ཀྱི་སྟེང་དུ་འཁྱོལ་བར་བྱེད་དགོས་པ་དང་། ཤུགས་ཆེན་པོ་བརྒྱབ་སྟེ་ཏང་ནང་ཁུལ་དུ་གནས་པའི་གནད་དོན་དང་ལྷག་པར་དུ་མི་དམངས་མང་ཚོགས་ཀྱི་བློར་མི་འབབ་པའི་གནད་དོན་ཐག་གཅོད་བྱས་ཏེ། ང་ཚོའི་ཏང་ལ་དུས་ནམ་ཡང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་གོང་བཀུར་ཐོབ་པར་བྱེད་དགོས།

མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་ན། མི་དམངས་ལ་ང་ཚོའི་ལས་ཀར་གདེང་འཇོག་མིང་དོན་མཚུངས་པ་ཞིག་བྱེད་དུ་འཇུག་དགོས། “ཆབ་སྲིད་འཐུས་ཤོར་གྱི་སྐྱོན་ཤེས་མཁན་བྱེས་ན་ཡོད”ཟེར་བ་ལྟར། སྲིད་ཏང་གང་རུང་གི་མདུན་ལམ་དང་ལས་དབང་ནི་མཐར་གཏུགས་ན་མིའི་བློ་ཁ་གཏད་ཕྱོགས་ལ་རག་ལས་ཡོད། “མིའི་བློ་ཁ་ནི་སྟོབས་ཤུགས་རང་ཡིན།” ང་ཚོའི་ཏང་གི་ཏང་ཡོན་གྱི་གྲངས་འབོར་དེ་མི་དམངས་མང་ཚོགས་ཀྱི་ནང་དུ་བཞག་ཚེ་ཉུང་ཉུང་རང་ཞིག་ཡིན། ང་ཚོའི་ཏང་གི་རླབས་ཆེ་བའི་འབད་འཐབ་དམིགས་འབེན་ལ་ཆ་མཚོན་ན། མི་དམངས་ཀྱི་རྒྱབ་སྐྱོར་མེད་པར་གྱུར་ཚེ་རྦད་དེ་འགྲུབ་ཐབས་མེད། ང་ཚོའི་ཏང་གི་སྲིད་དབང་སྐྱོང་བའི་ཆུ་ཚད་དང་སྲིད་དབང་སྐྱོང་བའི་ཕན་འབྲས་ནི་རང་ཉིད་ཀྱིས་ཅི་བཤད་མ་ཡིན་པར་དེ་ལ་ངེས་པར་དུ་མི་དམངས་ཀྱིས་གདེང་འཇོག་བྱེད་དགོས་ཀྱི་ཡོད། མི་དམངས་ནི་ང་ཚོའི་ཏང་གི་ལས་ཀའི་ཆེས་མཐོའི་ཁྲུན་གཅོད་པ་དང་མཐའ་མཇུག་གི་དཔྱད་འཇོག་པ་ཡིན། གལ་སྲིད་རང་ཉིད་མཁས་པར་བརློམ་པ་དང་མང་ཚོགས་དང་ཁ་འབྲལ་བའམ། ཡང་ན་མི་དམངས་ཀྱི་མགོ་ལ་ཞོན་པ་ཡིན་ན། མི་དམངས་ཀྱིས་ཡལ་བར་འདོར་ཤ་སྟག་རེད། སྲིད་ཏང་གང་ཡང་རུང་བ་ཚང་མ་དེ་ལས་མ་འདས་ཏེ། དེ་ནི་ལོ་རྒྱུས་གོང་འཕེལ་གྱི་འགྱུར་མེད་ཆོས་ཉིད་ཡིན་པ་དང་། གནའ་དེང་ཀྲུང་ཕྱི་གང་དུ་ཡང་དེའི་དབང་དུ་མ་ཚུད་པ་མེད།

རང་བཙན་རང་བདག་ནི་ང་ཚོའི་ཏང་གིས་ཀྲུང་གོའི་གནས་ཚུལ་དངོས་ལ་གཞིགས་ཏེ། ཏང་དང་མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་གསུམ་སྤེལ་བ་ལས་བྱུང་བའི་ལྡོག་མེད་སྡོམ་ཚིག་ཡིན། འདས་མ་འོངས་ད་ལྟ་ཀུན་ཏུ་ང་ཚོས་རྒྱལ་ཁབ་དང་མི་རིགས་དར་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་གཞི་མའི་སྟེང་དུ་བཞག་ནས། མི་རིགས་ཀྱི་ལ་རྒྱ་དང་གདེང་ཚོད་རྒྱུན་འཁྱོངས་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བགྲོད་ལམ་དུ་སྐྱོད་དགོས།

རང་བཙན་རང་བདག་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་དོན་གལ་ཆེན་པོ་ཡིན། ཀྲུང་གོ་འདི་བཞིན་མི་འབོར་མང་བ་དཔལ་འབྱོར་དང་རིག་གནས་རྗེས་ལུས་ཡིན་པའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གསར་བརྗེ་དང་འཛུགས་སྐྲུན་སྤེལ་རྒྱུའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འགན་འཁྲི་དེས་ང་ཚོ་རང་ཉིད་ཀྱི་བགྲོད་ལམ་ཁོ་ནར་སྐྱོད་དགོས་པ་ཐག་བཅད་ཡོད་པ་རེད།

སྤྱི་ལེ་གྲུ་བཞི་བཞི་མ་ཁྲི་ཚོ960ཡི་ས་གཞི་རྒྱ་ཆེན་པོའི་སྟེང་དུ་ལངས་ནས། ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་འབད་འཐབ་བྱས་ནས་གསོག་འཇོག་བྱས་པའི་རིག་གནས་ཀྱི་གསོ་བཅུད་ལ་རོལ་བ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་13གྱིས་གཅིག་ཏུ་འགྲིག་པའི་སྟོབས་ཤུགས་མངའ་བས་ན། ང་ཚོ་རང་ལམ་རང་གིས་སྐྱོད་པར་གར་སྟེགས་རྒྱ་ཆེན་པོ་ཡོད་པ་དང་། ལོ་རྒྱུས་ཀྱི་བསགས་ནོར་འགྲན་ཟླ་བྲལ་བ་ཡོད་ལ། མདུན་སྐྱོད་ཀྱི་ཚུགས་ཤུགས་གཞན་དྲིང་མི་འཇོག་པ་ཡོད། ཀྲུང་གོའི་མི་དམངས་ལ་དེ་ལྟ་བུའི་ཡིད་བརྟན་ཡོད་དགོས་པ་དང་། ཀྲུང་གོ་བ་རེ་རེ་ཚང་མར་དེ་ལྟ་བུའི་ཡིད་བརྟན་ཡོད་དགོས།

རང་བཙན་རང་བདག་རྒྱུན་འཁྱོངས་བྱེད་ན། ཀྲུང་གོའི་དོན་དག་ནི་ངེས་པར་དུ་ཀྲུང་གོའི་མི་དམངས་རང་ཉིད་ཀྱིས་བདག་གིར་ལེན་དགོས་པ་དང་རང་ཉིད་ཀྱིས་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཛམ་གླིང་ན་ཀུན་ལ་འཕྲོད་པའི་གོང་སྤེལ་གཏོང་ཕྱོགས་ཀྱི་དཔེ་སྲོལ་བྱེ་བྲག་པ་ཞིག་མེད་ལ། འགྱུར་བ་མེད་པའི་གོང་འཕེལ་བགྲོད་ལམ་ཞིག་ཀྱང་མེད། ལོ་རྒྱུས་ཀྱི་ཆ་རྐྱེན་ནི་སྣ་མང་ཅན་ཡིན་པ་དེས་རྒྱལ་ཁབ་གིས་གདམ་ག་བྱེད་པའི་གོང་འཕེལ་བགྲོད་ལམ་ཡང་སྣ་མང་ཅན་ཡིན་པ་ཐག་གཅོད་ཀྱི་ཡོད། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཕྱི་རོལ་གྱི་སྟོབས་ཤུགས་ལ་བརྟེན་པ་དང་གཞན་གྱི་ཕྱི་རྗེས་འབྲངས་ནས་སྟོབས་འབྱོར་རྒྱས་པ་དང་དར་རྒྱས་བྱུང་བའི་མི་རིགས་དང་རྒྱལ་ཁབ་ནི་གཅིག་ཀྱང་མེད། དེ་ལྟར་བྱས་པའི་མཇུག་འབྲས་ནི་ལྡོག་མེད་དུ་ཕམ་ཉེས་འབྱུང་བ་མིན་ན་ལྡོག་མེད་དུ་གཞན་གྱི་ཟུར་གཏོགས་ཆགས་འགྲོ་བ་དེ་རང་རེད།

ང་ཚོའི་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་གསུམ་ལ་འགོ་ཁྲིད་བྱེད་པའི་དུས་ཡུན་རིང་པོའི་ལག་ལེན་གྱི་ནང་དུ། དུས་ནམ་ཡིན་རུང་རང་བཙན་རང་བདག་གིས་མདུན་སྐྱོད་ཀྱི་བགྲོད་ལམ་འབྱེད་རྒྱུ་རྒྱུན་འཁྱོངས་བྱས་ཡོད་ཅིང་། རང་བཙན་རང་བདག་གིས་འཚོལ་ཞིབ་དང་ལག་ལེན་བྱེད་པའི་སྙིང་སྟོབས་འདི་འདྲ་དང་། རང་ཉིད་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པའི་འགྱུར་མེད་ཀྱི་གདེང་ཚོད་དང་ཆོད་སེམས་འདི་འདྲ་ནི་ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོངས་རྫོགས་ཀྱི་རྟེན་གཞི་ཡིན་པ་དང་། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་གཞི་རྩའི་འགན་སྲུང་ཡང་ཡིན།

རང་བཙན་རང་བདག་རྒྱུན་འཁྱོངས་བྱེད་ན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་བློ་རྒྱ་ཆད་པོས་སྐྱོད་དགོས་པ་དང་། བཀག་སྡོམ་རེངས་གྱུར་གྱི་ལམ་རྙིང་དུ་མི་སྐྱོད་ལ་དར་ཆ་བརྗེ་འཕྱར་གྱི་ལམ་ལོག་ཏུ་ཡང་སྐྱོད་མི་རུང་། ང་ཚོས་ཆབ་སྲིད་ཀྱི་ཚུགས་ཤུགས་ཆེ་རུ་སྐྱེད་དགོས་པ་དང་། བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་སྐྱེད་དགོས། ང་ཚོས་གནས་བབ་དང་ལས་འགན་གྱི་གོང་འཕེལ་དང་འགྱུར་ལྡོག་གཞིར་བཟུང་ནས། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་བརྟེན་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བར་རྒྱ་ཆེར་འབྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལམ་ལུགས་ཟམ་མི་ཆད་པར་གྲ་རྒྱས་སུ་གཏོང་དགོས་ཤིང་། ཀྲུང་གོའི་ཁྲན་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚད་དུ་གཏོང་དགོས། ང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་བསྐྲུན་པའི་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་ཁེངས་པ་བསྐྱུངས་ནས་སློབ་སྦྱོང་དང་དཔེ་ལྟ་བྱེད་དགོས་པ་ལོས་ཡིན་མོད། འོན་ཀྱང་རང་རྒྱུད་བརྗེད་ཅིང་རང་ལུགས་དོར་ནས་རྒྱལ་ཁབ་གཞན་པའི་གོང་འཕེལ་གྱི་དཔེ་སྲོལ་འདྲ་བཤུ་བྱེད་མི་ཉན་ལ། ཕྱིའི་རྒྱལ་ཁབ་གང་རུང་གིས་ཉམས་ཆེན་པོས་གདམས་ངག་བཤད་པ་ང་ཚོས་གཏན་ནས་ཁས་ལེན་མི་སྲིད། །

རང་བཙན་རང་བདག་རྒྱུན་འཁྱོངས་བྱེད་ན། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཐོག་སྐྱོད་དགོས། ང་ཚོས་ཞི་བདེ་གོང་འཕེལ་མཉམ་ལས་མཉམ་ཁེ་བཞིའི་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱལ་ཁབ་ཁག་དང་མཛའ་མཐུན་ངང་གཤིབ་རྒྱུ་དང་། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་རྒྱལ་ཁབ་ཁག་དང་སྤེལ་རེས་དང་མཉམ་ལས་ཧུར་བརྩོན་གྱིས་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་གི་གོང་འཕེལ་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏོང་དགོས། ང་ཚོས་གནས་ཚུལ་རང་རྐང་གི་དཀར་ནག་བཟང་ངན་གཞིར་བཟུང་ནས་རང་ཉིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་གཏན་ལ་འབེབས་དགོས་པ་དང་། དྲང་སྙོམ་སྟངས་འཛིན་དང་བདེན་དོན་ལྷུར་ལེན་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་རྐྱ་འཕེར་བའི་ངང་རང་ཉིད་ཀྱི་གོང་འཕེལ་བགྲོད་ལམ་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག་བྱེད་པ་དང་། རང་ཉིད་ཀྱི་འདོད་ཚུལ་གཞན་མགོར་བཙན་འགེལ་ནི་གཏན་ནས་མི་བྱེད་ཅིང་། གཞན་སུ་ཡང་རུང་བས་ཁོ་ཚོའི་འདོད་བློ་གང་ཞིག་ཀྲུང་གོའི་མི་དམངས་ཀྱི་མགོ་ལ་བཙན་འགེལ་བྱེད་པ་ཡང་གཏན་ནས་ཁས་ལེན་གྱི་མིན། ང་ཚོས་ཞི་བའི་ཐབས་ཀྱིས་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱ་རྒྱུའི་འདོད་ཕྱོགས་འཛིན་པ་དང་། རྣམ་པ་སྣ་ཚོགས་པའི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་ཅིང་། དུས་ནམ་ཡང་བཙན་དབང་མི་སྤྱོད་པ་དང་དུས་ནམ་ཡང་རྒྱ་སྐྱེད་གཏོང་གི་མིན། ང་ཚོས་བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པས། ཕྱིའི་རྒྱལ་ཁབ་གང་ཡང་རུང་བས་ང་ཚོས་རང་ཉིད་ཀྱི་སྲོག་ཤིང་དུ་གྱུར་པའི་ཁེ་ཕན་བཏོན་ནས་ཚོང་རྒྱག་གི་རེད་མ་བསམ་ལ། ང་ཚོས་རང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་ངན་འབྲས་ཟ་གི་རེད་མི་བསམ་པར་འཚལ། །