ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ལྔ་པ།༽ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ནས་བཟུང་གི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན།

ཁུངས། ཀློག་གྲངས།

ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼ཁག་ལྔ་པ།༽ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་མངོན་འགྱུར་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ནས་བཟུང་གི་ཆེས་རླབས་ཆེ་བའི་ཕུགས་འདུན་ཡིན།(2012ལོའི་ཟླ11པའི་ཚེས29ཉིན།)


《བསྐྱར་དར་གྱི་བཤུལ་ལམ》ཞེས་པའི་འགྲེམས་སྟོན་འདིས་ཀྲུང་ཧྭ་མི་རིགས་ཀྱི་འདས་དོན་ལ་ཕྱི་མིག་བལྟས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་སང་མངོན་པར་བསྟན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་པ་གསལ་སྟོན་བྱས་ཡོད་པས། མི་ལ་སློབ་གསོ་དང་བློ་སྐྱེད་ཟབ་མོ་སྦྱིན་པར་བྱེད། ཀྲུང་ཧྭ་མི་རིགས་ཀྱི་འདས་དོན་ནི“བཙན་འགག་ལྕགས་ལྟར་སྲ་”ཞེས་བཤད་ཆོག་པ་རེད། ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱིས་མྱངས་པའི་སྡུག་བསྔལ་དང་བཏང་བའི་རིན་དོད་ནི་འཛམ་གླིང་གི་ལོ་རྒྱུས་སྟེང་དུ་ཡང་མཐོང་དཀོན་པ་ཞིག་ཡིན། འོན་ཀྱང་ཀྲུང་གོའི་མི་དམངས་ཀྱིས་ནམ་ཡང་མགོ་བོ་བསྒུར་མ་མྱོང་བར་བསྟུད་མར་ངར་ཤུགས་ཆེན་པོས་འགོག་རྒོལ་བྱས་མཐར། རང་ཉིད་ཀྱི་ལས་དབང་ཁ་ལོ་བསྒྱུར་ནས་རང་ཉིད་ཀྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དཔུང་འཇུག་རླབས་ཆེན་པོ་བྱེད་འགོ་བརྩམས་ཡོད་པ་དང་། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་རླབས་ཆེན་པོ་སྒོ་ཀུན་ནས་བསྟན་ཡོད་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་དེང་སང་ནི་“འགྱུར་ལྡོག་ཡོང་བ་འཇིག་རྟེན་ཆོས་ཉིད་ཡིན་”ཞེས་བཤད་ཆོག་པ་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་ང་ཚོས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། བརྩོན་པ་ཆུ་བོའི་རྒྱུན་བཞིན་སྤྱད་དེ་འཚོལ་སྙེག་བྱས་མཐར་གཞི་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡང་དག་པ་ཞིག་རྙེད་ཡོད་ཅིང་། འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་བླངས་ཡོད་པ་རེད། བགྲོད་ལམ་དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་མ་འོངས་པ་ནི་“རླབས་རྒོད་གཤགས་པའི་བསྐལ་བཟང་འཆར་”ཞེས་བཤད་ཆོག་པ་རེད། ཉལ་ཐའི་དམག་འཁྲུག་ཚུན་གྱི་ལོ་ངོ170ལྷག་རིང་གི་བར་མེད་འབད་འཐབ་བྱས་པ་བརྒྱུད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འོད་སྟོང་འབར་བའི་མདུན་ལྗོངས་ཤར་ཟིན་ཡོད། ད་ལྟ་ང་རང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་དམིགས་ཡུལ་ལ་སླེབས་ཉེ་བ་དང་། ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་དམིགས་ཡུལ་དེ་མངོན་འགྱུར་བྱེད་ཐུབ་པའི་སྤོབས་སེམས་དང་ནུས་སྟོབས་ལྡན་པར་གྱུར་ཡོད། །

འདས་དོན་ལ་ཕྱི་མིག་བལྟས་ཚེ། ཏང་ཡོངས་ཀྱི་བློ་མཐུན་ཚོས་མི་བརྗེད་སེམས་ལ་འཛིན་དགོས་པ་ནི། རྗེས་སུ་ལུས་ན་ཉེས་རྡུང་ཕོག་ཡོང་བ་དང་། གོང་འཕེལ་བྱུང་ན་གཞི་ནས་རང་སྟོབས་རྒྱས་ཐུབ་པ་དེ་ཡིན། ད་ལྟའི་དུས་ལ་བལྟས་ཚེ། ཏང་ཡོངས་ཀྱི་བློ་མཐུན་ཚོས་མི་བརྗེད་སེམས་ལ་འཛིན་དགོས་པ་ནི། བགྲོད་ལམ་གྱིས་ལས་དབང་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། ཡང་དག་པའི་བགྲོད་ལམ་ཞིག་རྙེད་རྒྱུ་ལས་སླ་པོ་མེད་པས། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྐྱོད་རྒྱུན་སྐྱོང་དགོས་པ་དེ་ཡིན། མ་འོངས་པར་རྒྱང་ལྟ་བྱས་ཚེ། ཏང་ཡོངས་ཀྱི་བློ་མཐུན་ཚོས་མི་བརྗེད་སེམས་ལ་འཛིན་དགོས་པ་ནི། ཕུགས་ཀྱི་འཆར་འགོད་མངོན་པར་སྒྱུར་བར་ད་དུང་བཤུལ་ལམ་རིང་མོ་འགྲིམ་དགོས་ཀྱི་ཡོད་པས། ང་ཚོས་དེའི་དོན་དུ་དུས་ཡུན་རིང་པོར་དཀའ་བ་སྤྱོད་དགོས་པ་དེ་ཡིན། །

མི་རེ་རེ་ཚང་མར་ཕུགས་བསམ་དང་དོན་གཉེར་ཡོད་པ་དང་། ཚང་མར་རང་ཉིད་ཀྱི་ཕུགས་འདུན་བཟང་པོ་ཡོད། ད་ལྟ་ཚང་མས་ཀྲུང་གོའི་ཕུགས་འདུན་སྐོར་གླེང་གི་ཡོད། ངས་བལྟས་ན་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ནས་བཟུང་གི་ཆེས་རླབས་ཆེ་བའི་ཕུགས་འདུན་རེད། ཕུགས་འདུན་འདིས་ཀྲུང་གོ་བ་མི་རབས་དུ་མའི་འདུན་པ་གོང་བུར་བསྒྲིལ་ཡོད་པ་དང་། ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་མཚོན་ཡོད་པས། དེ་ནི་ཀྲུང་ཧྭའི་བུ་ཕྲུག་ཚང་མའི་ཐུན་མོང་གི་རེ་སྨོན་རེད། ལོ་རྒྱུས་ཀྱིས་ང་ཚོར་གསལ་འདེབས་བྱས་ཡོད་དོན། མི་རེ་རེའི་མདུན་ལམ་དང་ལས་དབང་ནི་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དམ་པོར་འབྲེལ་ཡོད་པ་རེད། རྒྱལ་ཁབ་དང་མི་རིགས་ལེགས་པོ་བྱུང་ན་མི་ཚང་མ་ཡང་ལེགས་པོ་ཡོང་ཐུབ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་མངོན་འགྱུར་བྱེད་པ་ནི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཅན་གྱི་ལས་དོན་ཞིག་ཡིན་པས། ཀྲུང་གོ་བ་མི་རབས་ནས་མི་རབས་ཀྱིས་དེའི་དོན་དུ་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། སྟོང་བཤད་ཀྱིས་རྒྱལ་ཁབ་ཕུང་བ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར། ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིས་ངེས་པར་དུ་སྔ་ཤུལ་ཕྱི་འཛིན་དང་མ་འོངས་གསར་གཏོད་བྱས་ཏེ། ང་ཚོའི་ཏང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ་དང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ལ་མཐུན་སྒྲིལ་བྱས་ཏེ་ང་ཚོའི་རྒྱལ་ཁབ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ། ང་ཚོའི་མི་རིགས་གོང་སྤེལ་ཡག་པོ་གཏོང་དགོས་པ། མུ་མཐུད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དམིགས་ཡུལ་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། །

ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100འཁོར་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ100འཁོར་སྐབས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པར་ང་ཡིད་ཆེས་བརྟན་པོ་ཡོད། །