ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་དྲུག་པ།༽སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད།

ཁུངས། ཀློག་གྲངས།

(2013ལོའི་ཟླ3པའི་ཚེས17ཉིན།)

འཐུས་མི་རྣམ་པ་ཚོ། 

ཐེངས་འདིའི་ཚོགས་ཆེན་ཐོག་ཁོ་བོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་འདེམས་བསྐོ་བྱས་བྱུང་བས།   འཐུས་མི་རྣམ་པ་ཚོ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་གནང་བར་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞེས་པའི་བླ་ན་མཐོ་བའི་ལས་གནས་འདི་འཛིན་པ་ནི་འགན་འཁྲི་གཟི་བརྗིད་ཅན་ཞིག་དང་ལས་འགན་ལྗིད་མོ་ཞིག་ཡིན་པ་ངས་ཟབ་མོར་ཤེས་ཀྱི་ཡོད།   ངས་རྩ་ཁྲིམས་ཀྱིས་རང་ཉིད་ལ་བསྩལ་བའི་འགན་འཁྲི་ཇི་བཞིན་དུ་ལྷུར་ལེན་བྱས་ཏེ།  མེས་རྒྱལ་ལ་བློ་དཀར་བ་དང་།   མི་དམངས་ལ་བློ་དཀར་བ།  ལས་གནས་སྲུང་བྱ་བརྩི་བ།   དུས་དང་རྣམ་པ་ཀུན་ཏུ་སྤྱི་དོན་ལ་གཞོལ་བ།   མི་དམངས་ལ་ཞབས་འདེགས་ཞུ་བ།   རྒྱལ་ཁབ་ལ་ནུས་རྩལ་འབུལ་བ།   མ་བསྐུལ་དང་བླངས་ཀྱིས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ་བཅས་བྱས་ཐོག    འཐུས་མི་རྣམ་པ་ཚོ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཡིད་ཆེས་དང་བཅོལ་འགན་སྟོང་ཟད་ཏུ་གཏན་ནས་གཏོང་གི་མིན། །

འཐུས་མི་རྣམ་པ་ཚོ། 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཉིད་གཟི་འོད་རབ་ཏུ་འབར་བའི་བཤུལ་ལམ་དུ་བསྐྱོད་ཡོད་པ་རེད།   བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་དང་པོ་དང་།   བློ་མཐུན་ཏེང་ཞའོ་ཕིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གཉིས་པ།   བློ་མཐུན་ཙང་ཙེ་རྨིན་གྱིས་སྲོག་ཤིང་གནང་བའི་ཏང་གི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་རབས་གསུམ་པ།   བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་བཅས་ཀྱི་འགོ་ཁྲིད་འོག་ཏུ།  རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔུང་བ་མཉམ་གཤིབ་དང་མཐུད་རྒྱུག་འབད་བརྩོན་བྱས་ཏེ།   མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་ཉེན་དུ་མ་ཁྱད་དུ་བསད་མཐར།  འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་པ་རེད། །

ད་ལྟ།   རང་རེའི་སྤྱི་མཐུན་རྒྱལ་ཁབ་ཉིད་ངར་ཤུགས་ཆེན་པོ་རྒྱས་པའི་ཉམས་ཀྱིས་འཛམ་གླིང་གི་ཤར་ཕྱོགས་སུ་ཀྲོང་ངེར་འགྱིངས་ཡོད། །

བློ་མཐུན་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་པའི་ལོ་ངོ་10ཡི་རིང་ལ།   ཕུན་སུམ་ཚོགས་པའི་ཆབ་སྲིད་ཀྱི་བློ་གྲོས་དང་།  འགོ་ཁྲིད་ཀྱི་འཇོན་ཐང་ཆེན་པོ།   བརྩོན་འགྲུས་ཆེན་པོའི་ལས་ཀའི་སྙིང་སྟོབས་བཅས་ཀྱི་ཐོག་ནས།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བའི་དོན་དུ་མཛད་རྗེས་གཟེངས་སུ་མཐོ་བ་བཞག་ཡོད་པས།   རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་གོང་བཀུར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཏུ་རྗེས་སུ་ཡི་རང་བྱས་ཡོད།    ང་ཚོས་བློ་མཐུན་ཧུའུ་ཅིན་ཐའོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།  །

འཐུས་མི་རྣམ་པ་ཚོ། 

ཀྲུང་ཧྭ་མི་རིགས་ལ་ལོ་ངོ5000ལྷག་རིང་གི་ཉམས་མེད་དར་རྒྱུན་རིང་བའི་ཤེས་དཔལ་ལོ་རྒྱུས་ལྡན་པ་དང་།  ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་རིག་གནས་ཀྱི་སྲོལ་ཕྱེ་ནས་མིའི་རིགས་ཀྱི་ཤེས་དཔལ་དར་རྒྱས་ཡོང་བར་བསུབ་ཐབས་མེད་པའི་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད།    ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་འཕེལ་འགྲོས་བརྒྱུད་དེ་རང་རྒྱལ་གྱི་མི་རིགས56དང་མི་གྲངས་དུར་ཕྱུར13ལྷག་གོང་བུ་གཅིག་ཏུ་སྒྲིལ་ཐུབ་པའི་རྒྱུ་མཚན་ནི། ང་ཚོས་ཐུན་མོང་ཐོག་ཉམས་སུ་བླངས་པའི་ཁྱད་འཕགས་འབད་འཐབ་ཡིན་པ་དང་།  ང་ཚོས་ཐུན་མོང་ཐོག་གསར་དུ་བསྐྲུན་པའི་ཡིད་འོང་ཁྱིམ་གཞིས་ཡིན་ལ།  ང་ཚོས་ཐུན་མོང་ཐོག་སྐྱེད་བསྲིང་བྱས་པའི་མི་རིགས་ཀྱི་སྙིང་སྟོབས་ཡིན། དེ་དག་གི་ནང་དུ་དཀྱུས་གཅིག་ཏུ་བསྟར་ཡོད་ལ་གལ་ཆེ་བ་ཞིག་ནི་ང་ཚོས་ཐུན་མོང་ཐོག་མིག་འབྲས་ལྟར་གཅེས་པའི་ཕུགས་བསམ་དང་དད་སེམས་ཡིན། །

ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་།  སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱ་རྒྱུའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་།   ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི།  རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་།  མི་རིགས་དར་རྒྱས་ཆེ་བ།   མི་དམངས་བདེ་སྐྱིད་ལྡན་པ་བཅས་མངོན་འགྱུར་བྱ་རྒྱུ་དེ་ཡིན་ཞིང་།  དེས་ད་ལྟའི་ཀྲུང་གོ་བའི་ཕུགས་བསམ་ལེགས་པར་མཚོན་ཡོད་པར་མ་ཟད།    ད་དུང་ང་ཚོའི་མེས་པོ་རྣམས་ཀྱི་བར་མེད་ཡར་ཐོན་བརྩོན་པའི་གཟི་བརྗིད་ཆེ་བའི་སྲོལ་རྒྱུན་ཡང་ཟབ་མོར་མཚོན་ཡོད།  །

ཡོ་ལང་རབ་ཏུ་ཆེ་བའི་དུས་རབས་ཀྱི་འཕེལ་རྒྱུན་གྱི་མདུན་དང་།  མི་དམངས་མང་ཚོགས་ཀྱི་སྔར་ལས་བཟང་བའི་འཚོ་བ་རོལ་འདོད་ཀྱི་རེ་ལྟོས་ཀྱི་མདུན་དུ།  ང་ཚོར་རང་རློམ་དང་སྒྱིད་ལུག་གི་བསམ་པ་སྤུ་ཙམ་ཡོད་མི་རུང་བར་ཡང་འབད་བསྐྱར་འབད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བཞག་མདུན་དུ་སྐུལ་དགོས་པ་དང་།   མུ་མཐུད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་དཀའ་སྤྱད་འབད་བརྩོན་བྱེད་དགོས།  །

—ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་བགྲོད་ལམ་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་སྐྱོད་དགོས།   བགྲོད་ལམ་འདི་ནི་ལས་སླ་པོར་བྱུང་བ་ཞིག་མ་ཡིན་པར།   དེ་ནི་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ30ལྷག་རིང་གི་རླབས་ཆེན་གྱི་ལག་ལེན་ལས་བྱུང་བ་ཡིན་པ་དང་།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ60ལྷག་གི་རིང་ལ་བསྟུད་མར་འཚོལ་ཞིབ་བྱས་ཏེ་བསྐྱོད་པ་ཞིག་ཡིན་ལ།   ཉེ་རབས་ནས་བཟུང་གི་ལོ་ངོ170ལྷག་རིང་གི་ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རིམ་ལ་ཕྱོགས་བསྡོམས་ཟབ་མོ་བྱས་པ་ལས་བསྐྱོད་ཡོང་བ་ཞིག་ཡིན་ཞིང་།   ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ5000ལྷག་རིང་གི་ཤེས་དཔལ་གྱི་ཆུ་རྒྱུན་རིང་མོ་རྒྱུན་འཛིན་བྱེད་པའི་ནང་བསྐྱོད་ཡོང་བ་ཞིག་ཡིན་པས།    ལོ་རྒྱུས་ཀྱི་འབྱུང་ཁུངས་གཏིང་ཟབ་མོ་དང་དངོས་ཡོད་ཀྱི་རྨང་གཞི་རྒྱ་ཆེན་པོ་ལྡན་པ་རེད།   ཀྲུང་ཧྭ་མི་རིགས་ནི་གསར་སྐྲུན་གྱི་ནུས་སྟོབས་ཆེན་པོ་ལྡན་པའི་མི་རིགས་ཤིག་ཡིན་པས།    ང་ཚོས་རླབས་ཆེན་གྱི་ཀྲུང་ཧྭའི་ཤེས་དཔལ་གསར་སྐྲུན་བྱས་ཡོད་ལ།   ང་ཚོས་མུ་མཐུད་དེ་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་གོང་སྤེལ་བགྲོད་ལམ་རྒྱ་སྐྱེད་དང་བདེ་བགྲོད་ཀྱང་བྱེད་ཐུབ་ངེས་རེད།    རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་གདེང་ཚོད་དང་།  རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད།   ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་བསྐྱེད་དེ་བློ་བརྟན་འགྱུར་མེད་ཀྱིས་ཡང་དག་པའི་ཀྲུང་གོའི་བགྲོད་ལམ་དེད་དེ་ཞུམ་པ་མེད་པར་མདུན་སྐྱོད་བྱེད་དགོས།  །

—ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་སྙིང་སྟོབས་ཏེ་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས།   སྙིང་སྟོབས་འདི་ནི་མི་སེམས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱེད་པའི་བླ་སྲོག་ལྟ་བུ་ཡིན།   རྒྱལ་གཅེས་རིང་ལུགས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཉིད་བློ་རྩ་བརྟན་པོས་མཐུན་སྒྲིལ་གཅིག་གྱུར་ཡོང་བྱེད་ཀྱི་བསམ་པའི་སྟོབས་ཤུགས་ཡིན་པ་དང་།   བསྒྱུར་བཅོས་གསར་གཏོད་ནི་ཐོག་མཐའ་བར་གསུམ་དུ་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་ནང་དུ་ང་ཚོ་དུས་བསྟུན་མདུན་སྐྱོད་ཡོང་བར་སྐུལ་ལྕག་གཏོང་བྱེད་ཀྱི་བསམ་པའི་སྟོབས་ཤུགས་ཡིན།   རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ངེས་པར་དུ་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་རླབས་ཆེན་པོ་དར་སྤེལ་གཏོང་བ་དང་།  རྒྱུན་ཆད་མེད་པར་མཐུན་སྒྲིལ་གཅིག་གྱུར་ཡོང་བའི་བསམ་པའི་སྦྲེལ་ཐག་དང་ལྷོད་མེད་རང་སྟོབས་སྐྱེད་པའི་བསམ་པའི་སྒུལ་ཤུགས་ཆེ་རུ་བཏང་ནས།   ཡུན་ནས་ཡུན་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངང་མ་འོངས་པར་སྐྱོད་དགོས། །

—ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ན་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་ཏེ་ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས།   ཀྲུང་གོའི་ཕུགས་འདུན་ནི་མི་རིགས་ཀྱི་ཕུགས་འདུན་ཡིན་ལ་ཀྲུང་གོ་བ་རེ་རེའི་ཕུགས་འདུན་ཡང་རེད།   དེ་ཡང་ང་རང་ཚོས་དཔུང་པ་མཉམ་གཤིབ་དང་མི་བརྒྱ་སེམས་གཅིག་གིས་ཐུན་མོང་གི་ཕུགས་འདུན་གྱི་དོན་དུ་འབད་འཐབ་བྱས་པ་ཡིན་ན།   ཕུགས་འདུན་འགྲུབ་པའི་སྟོབས་ཤུགས་ནི་རབ་ཏུ་ཆེ་ངེས་ཡིན་པ་དང་།  ང་རང་ཚོ་མི་རེ་ངོ་རེས་ཕུགས་འདུན་འགྲུབ་པའི་དོན་དུ་འབད་བརྩོན་བྱེད་པའི་བར་སྟོང་རབ་ཏུ་ཆེ་ངེས་རེད།   རང་རེའི་རླབས་ཆེན་གྱི་མེས་རྒྱལ་དང་རླབས་ཆེན་གྱི་དུས་རབས་སུ་འཚོ་ཞིང་གནས་པའི་ཀྲུང་གོའི་མི་དམངས་ལ་མི་ཚེའི་གཟི་དཔལ་སྤྲོ་བའི་གོ་སྐབས་ཐུན་མོང་དུ་ལྡན་ཡོད་པ་དང་།   ཕུགས་འདུན་མངོན་པར་འགྱུར་བའི་གོ་སྐབས་ཐུན་མོང་དུ་ལྡན་ཡོད་ལ།   མེས་རྒྱལ་དང་དུས་རབས་དང་བསྡོངས་ནས་ལྷན་ཅིག་ཏུ་འཚར་ལོངས་ཡར་ཐོན་ཡོང་བའི་གོ་སྐབས་ཐུན་མོང་དུ་ལྡན་ཡོད་པ་རེད།   ཕུགས་འདུན་ཡོད་པ་དང་།  གོ་སྐབས་ལྡན་པ།   འབད་འཐབ་བྱེད་པ་བཅས་ཡིན་ན་ཡིད་དུ་འོངས་པའི་བྱ་དངོས་གང་ཡང་གསར་སྐྲུན་བྱེད་ཐུབ་པ་རེད།   རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ངེས་པར་དུ་འགན་འཁྲི་སེམས་ལ་བརྟན་པོར་བཅངས་ནས།  བསམ་པ་གཏོད་ས་གཅིག་དང་སྟོབས་ཤུགས་རྒྱག་ས་གཅིག་བྱས་ཏེ་མི་གྲངས་དུང་ཕྱུར13པོའི་བློ་གྲོས་དང་ནུས་སྟོབས་ལས་ཉམས་པ་མེད་པའི་སྟོབས་ཤུགས་དྲག་པོ་གོང་བུར་སྒྲིལ་དགོས།  །  

ཀྲུང་གོའི་ཕུགས་འདུན་ནི་མཐར་གཏུགས་ན་མི་དམངས་ཀྱི་ཕུགས་འདུན་ཡིན་པས་ངེས་པར་དུ་མི་དམངས་ལ་རྩེ་གཅིག་ཏུ་བརྟེན་ནས་མངོན་འགྱུར་བྱེད་དགོས་ལ།    ངེས་པར་དུ་རྒྱུན་ཆད་མེད་པར་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། 

ང་ཚོས་ཏང་གིས་འགོ་ཁྲིད་བྱ་རྒྱུ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུ།  ཁྲིམས་ལྟར་རྒྱལ་ཁབ་བསྐྱང་རྒྱུ་བཅས་གསུམ་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་དང་།   མི་དམངས་ཀྱི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་དང་།  མི་དམངས་དམངས་གཙོ་རྒྱ་སྐྱེད།   ཁྲིམས་ལྟར་རྒྱལ་ཁབ་བསྐྱང་རྒྱུ་སྐུལ་སྤེལ།   མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་རྒྱུན་འཁྱོངས།   ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དང་།  མི་རིགས་ས་ཁོངས་རང་སྐྱོང་བྱེད་པའི་ལམ་ལུགས་དང་གཞི་རིམ་མང་ཚོགས་ཀྱིས་རང་སྐྱོང་བྱེད་པའི་ལམ་ལུགས་བཅས་རྩ་བའི་ཆབ་སྲིད་ལམ་ལུགས་རྒྱུན་འཁྱོངས།  ཞབས་ཞུ་ཅན་གྱི་སྲིད་གཞུང་དང་།   འགན་འཁྲི་འཁུར་བའི་སྲིད་གཞུང་།   ཁྲིམས་སྐྱོང་གི་སྲིད་གཞུང་། སྤྱོད་གཙང་གི་སྲིད་གཞུང་བཅས་འཛུགས་སྐྲུན།   མི་དམངས་ཀྱི་ཧུར་བརྩོན་རང་བཞིན་སྒོ་ཀུན་ནས་འདོན་སྤེལ་བཅས་བྱེད་དགོས། །

ང་ཚོས་གོང་སྤེལ་གཏང་རྒྱུ་ནི་གནས་ལུགས་ཁུངས་བཙན་ཡིན་པའི་འཐབ་ཇུས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་།  དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་གཟུང་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་།   ཆབ་སྲིད་འཛུགས་སྐྲུན།   རིག་གནས་འཛུགས་སྐྲུན།   སྤྱི་ཚོགས་འཛུགས་སྐྲུན།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཕྱོགས་ཡོངས་ནས་སྐུལ་འདེད།   བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ།  ཚན་རིག་དང་མཐུན་པའི་གོང་འཕེལ་ཡོང་བར་སྐུལ་འདེད་བཅས་བྱས་ཏེ།  ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དངོས་པོའི་རྨང་གཞི་བརྟན་པོར་འདིང་དགོས། །

ང་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་རེ་འབོད་ལ་ཉན་པ་དང་མི་དམངས་ཀྱི་རེ་འདོད་ལ་ཨ་ལན་སྤྲོད་པ་དང་།   མི་དམངས་ཀྱི་འདྲ་མཉམ་ངང་ཐེ་ཞུགས་བྱེད་པ་དང་འདྲ་མཉམ་ངང་གོང་འཕེལ་ཡོང་བའི་ཁེ་དབང་ཁག་ཐེག་བྱེད་པ།  སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་འགན་སྲུང་།   སྦྱོང་དུས་འཁྲིད་མཁན་ཡོད་པ་དང་།   ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ།   རྒས་དུས་གསོ་རྟེན་ཡོད་པ།   སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཐད་བསྟུད་མར་འཕེལ་ཀ་ཡོང་བ།   རྒྱུན་ཆད་མེད་པར་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་།  སྲུང་སྐྱོང་ཡག་པོ།  གོང་སྤེལ་ཡག་པོ་བཅས་བྱེད་པ།  འཕེལ་རྒྱས་ཀྱི་གྲུབ་འབྲས་ཉིད་སྔར་ལས་དྲང་སྙོམ་གྱི་སྒོ་ནས་མི་དམངས་ཡོངས་རྫོགས་ལ་ཕན་པའི་གསོས་སུ་སྒྲུབ་པ་བཅས་བྱས་ནས།  དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་གོང་དུ་འཕེལ་བའི་རྨང་གཞིའི་སྟེང་དུ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུའི་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་དགོས། །

ང་ཚོས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་སྤེལ་བཏང་ནས།   ཀྲུང་གོའི་གུང་ཁྲན་ཏང་དང་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་དང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  འདྲ་མཉམ་མཐུན་སྒྲིལ་རོགས་རེས་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་གོང་སྤེལ་གཏོང་བ།   ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་ཐོན་པའི་ནུས་པ་བཟང་པོ་འདོན་སྤེལ་བཅས་བྱས་ཏེ།  ཚད་གང་ཆེའི་སྒོ་ནས་མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱེད་དགོས།།

འཐུས་མི་རྣམ་པ་ཚོ། 

“གྲུབ་འབྲས་རྒྱ་ཆེན་བློ་ཡི་སྟོབས་ཀྱིས་འགྲུབ། ། མཛད་པ་རྒྱ་ཆེན་བརྩོན་པའི་ལས་ཀྱིས་འགྲུབ། །”ཟེར་བ་ལྟར།  རང་རྒྱལ་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་ད་དུང་དུས་ཡུན་རིང་པོར་གནས་རྒྱུ་ཡིན་པས།  ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱས་ཏེ།  མི་དམངས་ཡོངས་རྫོགས་ལ་སྔར་ལས་ལྷག་པའི་འཚོ་བ་བསྐྲུན་རྒྱུ་ནི་དཀའ་ཚེགས་ཆེ་ཞིང་ལམ་ཐག་རིང་བ་ཞིག་ཡིན་ཙ་ན།   ང་ཚོ་མི་རེ་རེ་ཚང་མས་མུ་མཐུད་དཀའ་སྤྱད་ངལ་རྩོལ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས། །

རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་།  ཞིང་པ།   ཤེས་ཡོན་ཅན་བཅས་ཀྱི་བློ་གྲོས་འདོན་སྤེལ་དང་ལས་ཀ་ལྷུར་ལེན་བྱས་ཏེ།  དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་ཁྲོད་དུ་གཙོ་ཤུགས་དམག་དཔུང་དང་གསར་སྐྱེས་དམག་དཔུང་གི་ནུས་པ་འདོན་དགོས།   རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡོངས་རྫོགས་ཀྱིས་སྒེར་དོར་སྤྱི་གཞོལ་དང་སྲིད་གཙང་སྲིད་བརྩོན་བྱས་ཏེ། མི་དམངས་ཀྱི་བདེ་སྡུག་སེམས་ལ་འཛིན་པ་དང་མི་དམངས་ཀྱི་དོན་དུ་བྱ་བ་སྒྲུབ་དགོས།   ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་རྫོགས་དང་།  ཀྲུང་གོའི་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག་ཡོངས་རྫོགས་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་།   རྒྱལ་ཁ་ལེན་ཐུབ་པ།  སྤྱོད་ཚུལ་བཟང་བ་བཅས་ཀྱི་དམག་དཔུང་སྟོབས་ཆེན་འཛུགས་སྐྲུན་བྱེད་དགོས་པའི་དམིགས་འབེན་ལྟར།   འགན་འཁྲི་སྒྲུབ་པའི་ནུས་སྟོབས་ཆེ་རུ་སྐྱེད་དགོས་པ་དང་།   བློ་ཐག་རྦད་ཆོད་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས།  གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་དགོས་ཤིང་།   བློ་ཐག་རྦད་ཆོད་ཀྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས།  སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་ཁོངས་ཀྱི་མི་སྣ་དང་གསར་བྱུང་སྤྱི་ཚོགས་རིམ་གྲས་གཞན་པའི་མི་སྣ་རྣམས་ཀྱིས་ངལ་རྩོལ་དང་གསར་གཏོད་ཀྱི་སྙིང་སྟོབས་དང་ལས་འབྱེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས།   སྤྱི་ཚོགས་ལ་དྲིན་ལན་གཟོ་དགོས་པ་དང་།   མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ལ།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་གཞི་ལོངས་པའི་འཛུགས་སྐྲུན་པ་བྱེད་དགོས།   རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་ཕུགས་འདུན་ཆེན་པོ་སྐྱེད་པ་དང་།  ཤེས་བྱ་ཡོན་ཏན་སྦྱོང་བ།  བློ་སྟོབས་སྦྱོང་བརྡར་བྱེད་པ་བཅས་བྱས་ཏེ།  ལང་ཚོ་ལ་དུས་རབས་ཡར་རྒྱས་འགྲོ་བའི་ནང་དུ་རྣམ་པར་བཀྲ་བའི་དཔལ་འབར་བར་བྱེད་དགོས། །

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་།  ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་ཚོས་རྒྱལ་ཁབ་གཞུང་དང་ཞང་ཀང་དང་ཨའོ་མོན་སྤྱི་ཡོངས་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས།  ཐུན་མོང་ཐོག་ཞང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་རྒྱུ་སྲུང་སྐྱོང་དང་སྐུལ་སྤེལ་གཏོང་དགོས།   རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་དང་སྐམ་ས་ཆེན་པོའི་སྤུན་ཟླ་རྣམས་ཀྱིས་ལག་གདང་སྦྲེལ་ནས་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་གོང་དུ་འཕེལ་བར་རྒྱབ་སྐྱོར་དང་། སྲུང་སྐྱོང་།   སྐུལ་སྤེལ་བཅས་བྱས་ཏེ།   མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་ཕན་བདེ་ཆེ་རུ་གཏོང་དགོས་ལ།  ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་གསར་པ་འབྱེད་དགོས།    རྒྱ་ཆེའི་མངའ་ཁོངས་ཕྱིའི་རང་མི་སྤུན་ཟླ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ལས་ལ་བརྩོན་ཞིང་གཞུང་དྲང་བའི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་ནས།   འབད་བརྩོན་གྱིས་མེས་རྒྱལ་དར་རྒྱས་ཡོང་རྒྱུར་སྐུལ་སྤེལ་དང་ཀྲུང་གོའི་མི་དམངས་དང་ས་གནས་དེ་གའི་མི་དམངས་དབར་མཛའ་མཐུན་ཡོང་རྒྱུར་སྐུལ་སྤེལ་བྱེད་པར་བྱས་རྗེས་འཇོག་དགོས། །

ཀྲུང་གོའི་མི་དམངས་ནི་ཞི་བདེ་ལ་དགའ་ཞེན་ཆེ་བ་ཞིག་ཡིན།   ང་ཚོས་ཞི་བདེ་དང་།  གོང་འཕེལ།   མཉམ་ལས།  མཉམ་ཁེ་བཞིའི་དར་ཆ་མཐོན་པོར་བསྒྲེངས་ནས།  དུས་དང་རྣམ་པ་ཀུན་ཏུ་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་པ་དང་།   དུས་དང་རྣམ་པ་ཀུན་ཏུ་གཉིས་ཕན་མཉམ་ཁེ་ཡོང་བའི་སྒོ་འབྱེད་ཅན་གྱི་འཐབ་ཇུས་ལག་ལེན་བསྟར་བ། འཛམ་གླིང་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་སྤེལ་བའི་ལས་ལ་གཞོལ་བ།   སྒྲུབ་འོས་པའི་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་སྒྲུབ་པ་བཅས་བྱས་ནས།   མུ་མཐུད་དུ་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ།   མིའི་རིགས་ཞི་བདེ་དང་གོང་འཕེལ་ཡོང་བའི་བླ་མེད་ལས་དོན་ལ་སྐུལ་སྤེལ་གཏོང་དགོས། 

འཐུས་མི་རྣམ་པ་ཚོ།

ཀྲུང་གོའི་གུང་ཁྲན་ཏང་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་རླབས་ཆེན་འཛུགས་སྐྲུན་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཡིན་པ་དང་།   ཕྲག་ཏུ་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་འཁུར་ཡོད་ཅིང་།   དུས་རབས་ཀྱི་ཉམས་སད་ཐེག་ཡོད་པར་བརྟེན།  ངེས་པར་དུ་སྤྱི་དོན་དུ་ཏང་འཛུགས་རྒྱུ་དང་དམངས་དོན་དུ་སྲིད་བསྐྱང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་།    ཏང་གིས་ཏང་དོ་དམ་བྱ་རྒྱུ་དང་ཏང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ།   ཕྱོགས་ཡོངས་ནས་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་།   རྒྱུན་ཆད་མེད་པར་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་།   རུལ་རྒོལ་འགྱུར་འགོག་དང་ཉེན་ཁ་སྔོན་འགོག་གི་ནུས་སྟོབས་ཆེ་རུ་གཏོང་དགོས།   གུང་ཁྲན་ཏང་ཡོན་སྤྱི་དང་ཁྱད་པར་དུ་ཏང་གི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་ཕུགས་བསམ་དང་དད་སེམས་བརྟན་པོར་བསྐྱེད་དེ།   ཐོག་མཐའ་བར་གསུམ་དུ་མི་དམངས་སྙིང་དབུས་སུ་འཇོག་དགོས་པ་དང་།    ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་དུ་བྱུང་བའི་སྤྱོད་ཚུལ་དར་སྤེལ་གཏོང་དགོས་ལ།   བློ་ཐག་རྦད་ཆོད་ཀྱིས་ཕྱི་ཚུལ་རིང་ལུགས་དང་།   དཔོན་ཉམས་རིང་ལུགས།   སྐྱིད་འདོད་རིང་ལུགས།   བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བཅས་ལ་ངོ་རྒོལ་བྱེད་དགོས་ཤིང་།  བློ་ཐག་རྦད་ཆོད་ཀྱིས་ངན་གོམས་རུལ་སུངས་ཀྱི་སྣང་ཚུལ་མཐའ་དག་ལ་ངོ་རྒོལ་བྱེད་དགོས་པ་དང་འབྲེལ། དུས་གཏན་དུ་གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས་པ་དང་། བརྩོན་པ་ལྷོད་མེད་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་འབད་འཐབ་བྱེད་དགོས། །

འཐུས་མི་རྣམ་པ་ཚོ།

དམིགས་འབེན་རླབས་ཆེན་མངོན་འགྱུར་བྱེད་དགོས་ན་གཞོམ་གཞིག་མེད་པའི་བརྩོན་འགྲུས་ཡོད་དགོས།   རྒྱལ་ཡོངས་ཀྱི་ཏང་ཤོག་ཁག་དང་།  ཚོགས་པ་ཁག   མི་རིགས་ཁག   རིམ་གྲས་ཁག    ལས་རིགས་ཁག་བཅས་ཀྱི་མི་སྣ་རྣམས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གུང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ།   ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།   “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།   ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཁྲིད་སྟོན་དུ་འཛིན་པ།   ཐོག་མཐའ་བར་གསུམ་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་བརྩོན།   ཐོག་མཐའ་བར་གསུམ་དུ་སྡུག་རུས་འབད་འབུངས་དང་སྟོབས་སྐྱེད་ཡར་བརྩོན་བཅས་བྱས་ཏེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་།   སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་སྔར་ལས་ཆེ་བའི་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ལེན་དགོས་པ་དང་། མིའི་རིགས་ལ་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་རྒྱུན་ཆད་མེད་པར་འབུལ་དགོས། །