
2013ལོའི་ཟླ4པའི་ཚེས28ཉིན།
ང་ཚོས་སླད་ཕྱིན་གྱི་འབད་འཐབ་དམིགས་འབེན་གཏན་ལ་ཕབ་ཟིན་པ་སྟེ་དེ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བརྒྱ་འཁོར་སྐབས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱ་རྒྱུ། འབད་བརྩོན་ཆེན་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་བཅས་ཡིན།
མདུན་སྐྱོད་ཀྱི་བཤུལ་ལམ་ནི་སྐྱོད་བདེ་པོ་ཞིག་མ་ཡིན་ལ། བསྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་འགན་ནི་ད་དུང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བ་ཞིག་ཡིན་མོད་ཀྱང་། མ་འོངས་པར་ཁ་ཕྱོགས་ཚེ་ང་ཚོར་རྣམ་པར་རྒྱལ་ངེས་པའི་ཡིད་ཆེས་ཀྱིས་ཁེངས་ཡོད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ངེས་པར་དུ་ཀྲུང་གོའི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ། ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ་བཅས་ཀྱི་ཕྱོགས་སུ་མིག་ལྟོས་ཡར་འགྲན་གྱི་ནུས་པ་འདོན་དགོས་པ་དང་། མི་བརྒྱ་བློ་གཅིག་དང་དཔུང་བ་མཉམ་གཤིབ་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།
མི་དམངས་ཀྱིས་ལོ་རྒྱུས་གསར་སྐྲུན་དང་། ངལ་རྩོལ་གྱིས་མ་འོངས་པ་གསར་སྐྲུན་བྱེད། ངལ་རྩོལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་གཞི་རྩའི་སྟོབས་ཤུགས་ཡིན། བདེ་སྐྱིད་ནི་རྩོད་མེད་ལྷུན་གྱིས་འགྲུབ་པ་ཞིག་མ་ཡིན་ལ། ཕུགས་འདུན་ནི་ངལ་མེད་རང་གར་འགྲུབ་པ་ཞིག་མ་ཡིན། ང་ཚོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ང་ཚོའི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ན། ངེས་པར་དུ་མི་དམངས་ལ་རྩེ་གཅིག་ཏུ་བརྟེན་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་དོན་བསམ་དགོས་ཤིང་། ངེས་པར་དུ་དཀའ་སྤྱད་ཀྱི་ངལ་རྩོལ་དང་། བདེན་པ་བདེན་ཐུབ་ཀྱི་ངལ་རྩོལ། གསར་གཏོད་ཅན་གྱི་ངལ་རྩོལ་བཅས་ལ་བརྟེན་དགོས། ང་ཚོས“སྟོང་བཤད་རྒྱལ་ཕུང་། དངོས་སྒྲུབ་རྒྱལ་དར”ཞེས་ཟེར་བ་ལྟར། དངོས་དོན་སྒྲུབ་ན་ཐོག་མར་ནན་ནན་བཅག་བཅག་གིས་ངལ་རྩོལ་བྱེད་དགོས།
མ་འོངས་པར་སྐྱོད་པའི་དཔུང་འཇུག་གི་བཤུལ་ལམ་སྟེང་དུ་ང་ཚོས་ངེས་པར་དུ་ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་ནུས་པ་གལ་ཆེན་པོ་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། ཁོང་རང་ཚོའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་སྐུལ་སློང་དང་། ངལ་རྩོལ་དང་གསར་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས།
དང་པོ། ངེས་པར་དུ་བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་དཔུང་གི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། བཟོ་པའི་གྲལ་རིམ་ནི་རང་རྒྱལ་གྱི་འགོ་ཁྲིད་གྲལ་རིམ་ཡིན་པ་དང་། རང་རྒྱལ་གྱི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་འཐུས་ཚབ་ཡིན་ལ། ང་ཚོའི་ཏང་གི་ཆེས་སྲ་བརྟན་དང་ཆེས་བློས་འཁེལ་བའི་གྲལ་རིམ་རྨང་གཞི་ཡིན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བའི་གཙོ་ཤུགས་དམག་དཔུང་ཡིན།
བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་ལ། ང་ཚོའི་བཟོ་པའི་གྲལ་རིམ་གྱི་དཔུང་སྡེ་བསྟུད་མར་དར་རྒྱས་བྱུང་ཡོད་པ་དང་། བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད་པ། གྲུབ་ཚུལ་སྔར་བས་ལེགས་འགྱུར་བྱུང་ཡོད་པ། རྣམ་པ་གསར་སྐྱེས་བྱུང་ཡོད་པ། སྔོན་ཐོན་རང་བཞིན་བསྟུད་མར་ཆེ་རུ་ཕྱིན་ཡོད། མ་འོངས་པར་རྒྱང་ལྟ་བྱས་ཚེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་དགོས་ན། ངེས་པར་དུ་བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་རྒྱབ་རྟེན་བྱེད་དགོས་པ་དང་། བཟོ་པའི་གྲལ་རིམ་གྱི་འགོ་ཁྲིད་གྲལ་རིམ་ཡིན་པའི་གོ་གནས་སྲ་བརྟན་གཏོང་དགོས་ལ། བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་དཔུང་གི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་རྒྱབ་རྟེན་བྱེད་པ་ནི་འབོད་ཚིག་སྒྲོག་པ་ཙམ་དང་ཡིག་བྱང་སྦྱར་བ་ཙམ་གྱིས་མི་ཆོག་པར། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་གཏན་འབེབས་བཟོ་བ་དང་ལས་ཀར་སྐུལ་འདེད་གཏོང་བའི་གོ་རིམ་ཡོངས་སུ་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་གི་ཕྱོགས་སོ་སོར་དོན་འཁྱོལ་བྱེད་དགོས།
གཉིས་པ། ངེས་པར་དུ་བཟོ་པའི་གྲལ་རིམ་ལ་རྩེ་གཅིག་ཏུ་རྒྱབ་བརྟེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་སྤེལ་གཏོང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དེང་རབས་ཀྲུང་གོ་ཡར་རྒྱས་གོང་འཕེལ་གཏོང་བའི་གཞི་རྩའི་ཁ་ཕྱོགས་ཡིན་པ་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཉག་ཅིག་ཡིན་ལ། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་ལ་སྣེ་ཁྲིད་བྱས་ཏེ་སྔར་ལས་གཟི་འོད་འབར་བའི་མ་འོངས་པར་བསྐྱོད་པའི་བགྲོད་ལམ་ཉག་ཅིག་ཀྱང་ཡིན། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཤུགས་ཆེ་རུ་བཏང་སྟེ། རང་འཁྲིའི་ལས་གནས་ལ་རྐང་པ་འཛུགས་པ་དང་སེམས་ལ་སྤྱི་ཡོངས་བཟུང་ནས། རང་རྟོགས་ཀྱིས་མི་ཚེའི་ཕུགས་བསམ་དང་ཁྱིམ་ཚང་གི་བདེ་སྐྱིད་དེ་རྒྱལ་ཁབ་སྟོབས་འབྱོར་རྒྱས་པ་དང་མི་རིགས་བསྐྱར་དར་ཡོང་རྒྱུའི་རླབས་ཆེན་ལས་དོན་གྱི་ནང་དུ་འཇུག་དགོས་པ་དང་། མི་སྒེར་གྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་ཟུང་འབྲེལ་བརྟན་པོ་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདག་པོ་ཡིན་པའི་ངོས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བའི་དོན་དུ་བྱས་རྗེས་འཇོག་དགོས།
རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་པོར་བསྐྱེད་དེ། དུས་གཏན་དུ་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་བརྟན་པོར་སྐྱེད་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གོང་བཀུར་བྱེད་དགོས་པ། བློ་ཐག་རྦད་ཆོད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ལ་གོང་བཀུར་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་བགྲོད་ལམ་རྒྱུན་འཁྱོངས་བྱེད་པའི་རྨང་རྡོ་བྱེད་དགོས་པ་བཅས་དང་གཅིག རང་རྟོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཉམས་ལེན་བྱེད་དགོས་པ་དང་། རང་རྒྱལ་བཟོ་པའི་གྲལ་རིམ་གྱི་གཤིས་རྒྱུད་རླབས་ཆེན་དར་སྤེལ་གཏོང་དགོས་པ། སྔོན་ཐོན་གྱི་བསམ་བློ་དང་མིག་དཔེ་བྱ་སྤྱོད་ཀྱིས་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་གཏོང་དགོས་པ་དང་སྣེ་ཁྲིད་བྱེད་དགོས་པ། རྒྱུན་ཆད་མེད་པར་ཀྲུང་གོའི་སྙིང་སྟོབས་ལ་ནུས་ཤུགས་གསར་བ་སྣོན་དགོས་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་མཁན་དཔེ་བཟང་ཅན་བྱེད་དགོས་པ་བཅས་དང་གཉིས། ཀྲུང་ཧྭ་དར་རྒྱས་གཏོང་རྒྱུ་དེ་རང་འཁྲིའི་ལས་འགན་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རླབས་ཆེན་གྱི་གསར་སྐྲུན་ནུས་ཤུགས་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས་པ། ཆེ་ཕྱོགས་ཤེས་པ་དང་སྤྱི་ཡོངས་བསམ་པའི་བཟོ་པའི་གྲལ་རིམ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་པ། རང་རྟོགས་ཀྱིས་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲུང་སྐྱོང་བྱེད་དགོས་པ། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་གདུང་འདེགས་བྱེད་དགོས་པ་བཅས་དང་གསུམ་ཡིན།
གསུམ་པ། ངེས་པར་དུ་ངལ་རྩོལ་ལ་བརྩི་འཇོག་བྱ་རྒྱུ་དང་ངལ་རྩོལ་པར་བདེ་སྐྱིད་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ངལ་རྩོལ་ནི་རྒྱུ་ནོར་གྱི་འབྱུང་ཁུངས་ཡིན་པ་དང་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན། འཇིག་རྟེན་སྟེང་གི་འདུན་པ་བཟང་བོ་ཚང་མ་བདེན་པ་བདེན་ཐུབ་ཀྱི་ངལ་རྩོལ་ལ་བརྟེན་ན་གཞི་ནས་འགྲུབ་ཐུབ་པ་དང་། གོང་འཕེལ་ཁྲོད་ཀྱི་དཀའ་གནད་སྣ་ཚོགས་བདེན་པ་བདེན་ཐུབ་ཀྱི་ངལ་རྩོལ་ལ་བརྟེན་ན་གཞི་ནས་སེལ་ཐུབ་པ། མི་ཚེའི་རབ་འབར་དཔལ་ཡོན་ཚང་མ་བདེན་པ་བདེན་ཐུབ་ཀྱི་ངལ་རྩོལ་ལ་བརྟེན་ན་གཞི་ནས་སྤར་ཐུབ་པ་རེད། ངལ་རྩོལ་གྱིས་ཀྲུང་ཧྭ་མི་རིགས་སྐྱེད་བསྲིང་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་བསྐྲུན་པའི་མི་ཚད་ད་དུང་ཀྲུང་ཧྭ་མི་རིགས་ཀྱི་འོད་ཟེར་སྟོང་ལྡན་གྱི་མ་འོངས་པ་ཡང་སྐྲུན་ཐུབ་ངེས་རེད། “སྲིད་ན་བརྩོན་པས་མི་འགྲུབ་དོན་གཅིག་མེད་”ཅེས་པ་ལྟར། ངེས་པར་དུ་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་ཡིན་པ་དང་། ངལ་རྩོལ་ནི་བླ་ན་མཐོ་ཤོས་ཡིན་པ། ངལ་རྩོལ་ནི་རླབས་ཆེ་ཤོས་ཡིན་པ། ངལ་རྩོལ་ནི་ཡི་གར་འོངས་ཤོས་ཡིན་པ་བཅས་ཀྱི་ལྟ་བ་སེམས་ལ་བརྟན་པོར་བསྐྱེད་དེ། མི་དམངས་ཡོངས་ལ་སྔར་ལས་ལྷག་པར་ངལ་རྩོལ་གྱི་སྤྲོ་སེམས་ཕུལ་བ་དང་གསར་གཏོད་ཀྱི་མི་བག་ཉལ་སྟོབས་ཤུགས་འདོན་དུ་འཇུག་དགོས་པ་དང་། ངལ་རྩོལ་ལ་བརྟེན་ནས་སྔར་ལས་ལྷག་པའི་འཚོ་བ་བཟང་བོ་སྐྲུན་དུ་འཇུག་དགོས།
སྤྱི་ཚོགས་ཡོངས་རྫོགས་ཀྱིས་ངལ་རྩོལ་ལ་བརྩི་འཇོག་དང་། ཤེས་ཡོན་ལ་བརྩི་འཇོག ཤེས་ལྡན་པར་བརྩི་འཇོག གསར་སྐྲུན་ལ་བརྩི་འཇོག་བཅས་བྱེད་དགོས་པའི་བྱེད་ཕྱོགས་གལ་ཆེན་ལག་བསྟར་མཐར་ཕྱིན་བྱས་ཏེ། ངལ་རྩོལ་པའི་ཁེ་ཕན་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་དགོས་པ་དང་། ངལ་རྩོལ་པའི་ཁེ་དབང་འགན་སྲུང་བྱེད་དགོས། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ངལ་རྩོལ་པ་རྣམས་གོང་སྤེལ་གྱི་ལས་ལ་ཐེ་ཞུགས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་པར་འགོག་རྐྱེན་བཟོ་བའི་འགལ་རྐྱེན་སེལ་དགོས་པ་དང་། ངལ་རྩོལ་པའི་ངོ་སོ་ཆེན་པོས་ངལ་རྩོལ་བྱེད་ཐུབ་པ་དང་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་ཐུབ་པར་ཧུར་བརྩོན་བྱེད་དགོས། སྤྱི་ཚོགས་ཡོངས་རྫོགས་ཀྱིས་ངལ་རྩོལ་ལ་དགའ་ཞེན་བྱེད་དགོས་ཤིང་། ལས་ལ་བརྩོན་ན་གཟི་བརྗིད་དང་ངན་རེངས་སྒྱིད་ལུག་ངོ་ཚར་རྩིས་དགོས།
བཞི་པ། ངེས་པར་དུ་སྟོབས་ཤུགས་ཆེན་པོས་ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དར་སྤེལ་དང་ངལ་རྩོལ་དཔེ་བཟང་ཅན་གྱི་ནུས་པ་འདོན་པར་བྱེད་དགོས། མིག་དཔེ་ནུས་སྟོབས་ལ་འཛད་མཐའ་མེད། ངལ་རྩོལ་དཔེ་བཟང་ཅན་ནི་མི་རིགས་ཀྱི་མི་མཆོག་དང་མི་དམངས་ཀྱི་མིག་དཔེ་ཡིན། དུས་ཡུན་རིང་པོའི་ནང་དུ་རྒྱ་ཆེའི་ངལ་རྩོལ་དཔེ་བཟང་ཅན་རྣམས་ཀྱིས་སྤྱིར་བཏང་གི་ངལ་རྩོལ་ལ་བརྟེན་ནས་ཁྱད་འཕགས་ཀྱི་གྲུབ་འབྲས་བསྐྲུན་ཡོད་པ་དང་། “ལས་གནས་བཀུར་ཞིང་ལས་ལ་བརྩོན་པ་དང་བྱས་རྗེས་རྩེ་གྲ་བརྩོན་ལེན་བྱེད་པ། དཀའ་སྤྱད་འབད་བརྩོན་བྱེད་ཅིང་གསར་གཏོད་བྱེད་ཕོད་པ། ཁེ་གྲགས་མི་བསམ་ཞིང་ལེགས་སྐྱེས་འབུལ་སྤྲོ་བ་”ཞེས་པའི་ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་བཞེངས་སྐྲུན་བྱས་ཡོད་ལ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་གོ་དོན་ཕུན་ཚོགས་སུ་བཏང་ཡོད་པས། དེ་ནི་ང་ཚོའི་རིན་ཐང་གཞལ་མེད་ཀྱི་བསམ་པའི་རྒྱུ་ནོར་ཡིན།
ང་ཚོའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ན་དངོས་པོའི་ཕྱོགས་ནས་སྟོབས་ཤུགས་རྒྱས་དགོས་པས་མི་ཚད་བསམ་པའི་ཕྱོགས་སུ་ཡང་སྟོབས་ཤུགས་རྒྱས་དགོས་པ་རེད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚང་མས་ངལ་རྩོལ་དཔེ་བཟང་ཅན་ལ་སློབ་སྦྱོང་དང་། ངལ་རྩོལ་དཔེ་བཟང་ཅན་མིག་དཔེ་བྱས་ཏེ་དུས་ཚོད་ཡོད་ཚད་དམ་འཛིན་བྱེད་པའི་འབད་འཐབ་སྙིང་སྟོབས་སྤེལ་ནས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་རླབས་ཆེ་བའི་ལས་ལ་གཞོལ་དགོས། རྒྱ་ཆེའི་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་མི་སྣ་ཚོས་མཚན་སྙན་ལ་གཅེས་སྤྲས་དང་ཡག་ཐོག་ཡག་བརྩེགས་བྱེད་པ་དང་། ལས་གནས་བཀུར་ཞིང་ལས་ལ་བརྩོན་པ་དང་སྒེར་དོན་སྤངས་ནས་སྤྱི་དོན་ལ་གཞོལ་ཏེ། ཕུགས་བསམ་དང་དད་སེམས་བརྟན་པོར་སྐྱེད་པའི་མིག་དཔེ་དང་། ལས་ལ་བརྩོན་པའི་མིག་དཔེ། མཐུན་སྒྲིལ་སྤེལ་བའི་མིག་དཔེ་བཅས་བྱེད་དགོས། དེང་རབས་ཀྱི་བཟོ་པ་ལ་སྟོབས་ཤུགས་ལྡན་དགོས་པའི་མི་ཚད་ད་དུང་བློ་གྲོས་དང་ལག་རྩལ་ཡང་ལྡན་དགོས་པ་དང་། གསར་གཏོད་དང་གསར་སྐྲུན་བྱེད་ཤེས་དགོས་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དུས་རབས་ཀྱི་དབྱངས་རྟ་གཙོ་བོ་དཀྲོལ་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱིས་ངལ་རྩོལ་དཔེ་བཟང་ཅན་ལ་བརྩི་མཐོང་ཆེན་པོ་དང་སེམས་འཁུར་ཆེན་པོ་བྱེད་དགོས་པ་དང་། ངལ་རྩོལ་དཔེ་བཟང་ཅན་གྱིས་རྐང་འཛིན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ལ། ངལ་རྩོལ་དཔེ་བཟང་ཅན་ལ་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་འཕྲད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་དགོས་ཤིང་། ངལ་རྩོལ་དཔེ་བཟང་ཅན་གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་རྒྱ་ཆེན་པོ་བྱས་ཏེ། ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་ས་ཁྱབ་རྡོ་ཁྱབ་ཏུ་དར་སྤེལ་གཏོང་དགོས།
ཏང་གིས་བཟོ་ཚོགས་ལ་རེ་བ་ཆེན་པོ་བཅོལ་ཡོད་པ་དང་། ལས་བཟོ་མང་ཚོགས་ཀྱིས་བཟོ་ཚོགས་ལ་རེ་ལྟོས་ཆེན་པོ་བཅོལ་ཡོད། ཀྲུང་གོའི་བཟོ་ཚོགས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་བཟོ་པའི་གྲལ་རིམ་གྱི་མང་ཚོགས་རྩ་འཛུགས་ཤིག་ཡིན་པ་དང་། ཏང་གིས་ལས་བཟོ་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་སྲིད་དབང་གི་གལ་ཆེ་བའི་སྤྱི་ཚོགས་ཀྱི་གདུང་འདེགས་ཀ་བ་ལྟ་བུ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཟོ་ཚོགས་གོང་འཕེལ་གྱི་བགྲོད་ལམ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་པོ་ཞིག་ཡིན་ཞིང་། དེས་ཀྲུང་གོའི་བཟོ་ཚོགས་ཀྱི་ངོ་བོ་དང་ཁྱད་ཆོས་གཏིང་ཟབ་མོར་མཚོན་ཡོད་པས། དེ་ནི་བཟོ་ཚོགས་རྩ་འཛུགས་དང་བཟོ་ཚོགས་ལས་ཀ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་དེད་ནས་མདུན་དུ་སྐྱོད་ཐུབ་པའི་འགན་ལེན་གལ་ཆེན་པོ་ཞིག་ཡིན། བགྲོད་ལམ་འདི་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། བགྲོད་ལམ་འདི་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས་ལ། བགྲོད་ལམ་འདི་ཇི་ལྟར་བསྐྱོད་ན་དེ་ལྟར་རྒྱ་ཆེ་རུ་འགྲོ་བར་ཧུར་བརྩོན་བྱེད་དགོས།
དུས་རབས་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། ལས་དོན་གསར་གཏོད་བྱེད་བཞིན་ཡོད་པས། བཟོ་ཚོགས་ཀྱི་ལས་ཀ་ཡང་གོང་སྤེལ་གཏོང་དགོས་ལ་གསར་གཏོད་བྱེད་དགོས། དུས་རབས་ཀྱི་བླང་བྱ་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་བསྟུན་པ་དང་། ཚན་རིག་དང་མཐུན་ལ་ཕན་ནུས་ཆེ་བའི་ལས་ཀའི་ཐབས་ཤེས་གསར་སྐྲུན་བྱེད་མཁས་པོ་བྱས་ཏེ། ལས་བཟོ་མང་ཚོགས་ལ་བཟོ་ཚོགས་ནི་“ལས་བཟོ་པའི་ཁྱིམ་ཚང་”ཡིན་པ་དང་། བཟོ་ཚོགས་ཀྱི་ལས་བྱེད་པ་ནི་བློས་འཁེལ་ཆོག་པའི་“ཁྱིམ་མི་”ཡིན་པ་ཉམས་སུ་མྱོང་དུ་འཇུག་དགོས། ལྷག་བསམ་རྣམ་དག་གིས་ལས་བཟོ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་བཟོ་ཚོགས་ཀྱི་ལས་ཀ་མཐའ་དག་གི་འགོ་ཚུགས་ས་དང་དོན་འབབ་སར་རྩིས་ཏེ། བློ་གཅིག་སེམས་གཅིག་གིས་རྒྱ་ཆེའི་ལས་བཟོ་མང་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་དང་། ལས་བཟོ་མང་ཚོགས་ཀྱི་རེ་འབོད་ནན་ཏན་གྱིས་ཉན་དགོས་ཤིང་། ཞིང་པ་ལས་མི་ཚུད་པའི་རྒྱ་ཆེའི་ལས་བཟོ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཡག་པོ་བྱེད་དགོས་ལ། ཏན་ཏན་ཏིག་ཏིག་གིས་ལས་བཟོ་མང་ཚོགས་ལ་དོན་བཟང་སྒྲུབ་པ་དང་། དོན་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་དགོས་པ་དང་འབྲེལ། སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་ངལ་རྩོལ་འབྲེལ་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་དགོས། རྒྱ་ཆེའི་ལས་བཟོ་པ་ཚོའི་དགོས་མཁོ་སྣ་མང་ཅན་ལ་མཐོང་ཆེན་བྱེད་དགོས་པ་དང་། རྒྱུན་ཆད་མེད་པར་ལས་བཟོ་པ་ཚོ་འཚར་ལོངས་ཡོང་བ་དང་འཇོན་ཐང་རྒྱས་པའི་བར་སྟོང་ཆེ་རུ་སྐྱེད་དགོས་ཤིང་། ཤེས་བྱ་ལྡན་པ་དང་། ལག་རྩལ་མཁས་པ། གསར་གཏོད་འཇོན་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བཟོ་པ་ཁྱུ་ཚོགས་ཆེན་པོ་ཞིག་བསྐྱེད་སྲིང་ཤུགས་ཆེན་བྱེད་དགོས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་བཟོ་ཚོགས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱས་ཏེ། བཟོ་ཚོགས་ཀྱིས་ལས་ཀ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། བཟོ་ཚོགས་ཀྱི་ལས་ཀར་ཐོན་ཁུངས་དང་ཐབས་བཀོད་སྔར་ལས་མང་བ་ཞིག་འདོན་སྤྲོད་བྱེད་དགོས་ལ། བཟོ་ཚོགས་ཀྱིས་འགན་འཁྲི་སྒྲུབ་པར་མཐུན་རྐྱེན་སྔར་ལས་བཟང་བ་སྦྱོར་དགོས།
ལེ་བར་སྟོང་གི་བཤུལ་ལམ་གོམ་པ་རེ་རེས་བགྲོད་ཟེར་བ་ལྟར། ང་ཚོའི་རྒྱལ་ཁབ་ཀྱི་གོང་འཕེལ་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཡིན་མོད། འོན་ཀྱང་བགྲོད་ལམ་ནི་གེགས་མེད་བདེ་བགྲོད་ཐུབ་པ་ཞིག་མ་ཡིན་པ་དང་། འཆར་འགོད་ནི་སྒྲུབ་ཐེངས་གཅིག་གིས་འགྲུབ་པ་ཞིག་མ་ཡིན་ལ། ཕུགས་འདུན་ནི་ཉི་མ་གཅིག་ལ་འགྲུབ་ཐུབ་པ་ཞིག་མ་ཡིན། འཇིག་རྟེན་ལས་ཀུན་དཀའ་སྤྱད་འབད་པས་འགྲུབ་ཟེར་བ་ལྟར། མཛེས་སྡུག་ལྡན་པའི་མ་འོངས་པའི་དོན་དུ་ང་ཚོས་སྔར་བས་དཀའ་སྤྱད་འབད་བརྩོན་བྱེད་དགོས།
བྱ་བ་དངོས་བཟུང་ན་གཞི་ནས་འགག་སྒྲོལ་དཀའ་སེལ་བྱེད་ཐུབ་པ་དང་། དངོས་དོན་བསྒྲུབས་ན་གཞི་ནས་ཕུགས་འདུན་མངོན་འགྱུར་བྱེད་ཐུབ། ང་ཚོས་སྤྱི་ཚོགས་ཡོངས་སུ་དངོས་དོན་ལྷུར་ལེན་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་དར་སྲོལ་བཟང་བོ་ཞིག་ཤུགས་ཆེན་གྱིས་དར་སྤེལ་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་འགོ་འཁྲིད་ནས་ངལ་རྩོལ་དཔེ་བཟང་ཅན་གྱི་སྙིང་སྟོབས་དར་སྤེལ་གྱིས་སྲིད་ཇུས་དོན་ལྡན་འདོན་པ་དང་། སྐུལ་མ་དོན་ལྡན་གཏོང་བ། བྱ་བ་དོན་ལྡན་སྒྲུབ་པ། སྙིང་བོ་མེད་པའི་ཁེ་གྲགས་མི་བསམ་པ་དང་འབྲས་བུ་མེད་པའི་ངལ་བ་མི་རྩོལ་བ་བཅས་བྱེད་དགོས་ལ། ལས་བྱེད་པ་དང་མང་ཚོགས་བསམ་འཆར་ཆེན་པོ་ཡོད་པའི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྲོལ་ངན་བཅས་“སྤྱོད་ཚུལ་བཞི་”ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་དགོས་ཤིང་། མིག་ལྟོས་ཡར་འགྲན་གྱིས་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་ལས་ཀ་ཁག་དོན་ཐོག་ལ་འཁྱོལ་བར་བྱེད་དགོས།
ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ཡོད་པ་དང་། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་དང་ངལ་རྩོལ་མང་ཚོགས་ཡོངས་རྫོགས་ཀྱི་མཐུན་སྒྲིལ་མདུན་སྐྱོད་ཡོད་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་འབད་འཐབ་ཡོད་པ་ཡིན་ན། ང་ཚོས་སྔར་ལས་ཡིད་དུ་འོངས་པའི་མ་འོངས་པ་གསར་འབྱེད་བྱེད་ཐུབ་ངེས་རེད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས་པར་ང་ལ་ཡིད་ཆེས་ཟབ་མོ་ཡོད།