
(2013ལོའི་ཟླ5ཚེས4ཉིན)
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུའི་འཆར་གཞི་རླབས་ཆེན་བཀོད་ཡོད་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔུང་འཇུག་བྱེད་དགོས་པའི་དུས་རབས་ཀྱི་འབོད་བརྡ་བཏང་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གཞིར་བཟུང་ནས་ང་ཚོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་གསལ་པོར་བཏོན་པ་ཡིན། ད་ལྟ། སྐྱེ་བོ་ཚང་མས་ཀྲུང་གོའི་ཕུགས་འདུན་སྐོར་གླེང་བཞིན་ཡོད་པ་དང་། ཚང་མས་ཀྲུང་གོའི་ཕུགས་འདུན་དེ་རང་ཉིད་དང་འབྲེལ་བ་ཅི་ཡོད་དང་། རང་ཉིད་ལ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་འགན་འཁུར་ཅི་ཡོད་སྐོར་བསམ་བློ་གཏོང་བཞིན་ཡོད།
—ཀྲུང་གོའི་ཕུགས་འདུན་ནི་ལོ་རྒྱུས་ཀྱི་ངོ་བོ་ཅན་དང་དངོས་ཡོད་ཀྱི་ངོ་བོ་ཅན་ཡིན་ལ། མ་འོངས་པའི་ངོ་བོ་ཅན་ཡང་ཡིན། ཀྲུང་གོའི་ཕུགས་འདུན་ནང་དུ་དམ་པ་གྲངས་མེད་ཀྱི་ལྷོད་མེད་འབད་བརྩོན་འདུས་ཡོད་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདུན་པ་ཚུད་ཡོད་ཅིང་། དེས་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་དར་རྒྱས་ཆེ་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་མདུན་ལམ་བཟང་པོ་བསྟན་ཡོད།
—ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་ཀྱི་ངོ་བོ་ཅན་དང་མི་རིགས་ཀྱི་ངོ་བོ་ཅན་ཡིན་ལ། ཀྲུང་གོ་བ་རེ་རེའི་ངོ་བོ་ཅན་ཡང་ཡིན། རྒྱལ་ཁབ་དང་མི་རིགས་ལེགས་པོ་བྱུང་ན་མི་ཚང་མ་ཡང་ཡག་པོ་ཡོང་གི་རེད། མི་རེ་ངོ་རེ་ཚང་མས་ཕུགས་འདུན་གྱི་དོན་དུ་འབད་འཐབ་བྱས་པ་ཡིན་ན། གཞི་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་དྲག་པོ་གཅིག་སྒྲིལ་བྱེད་ཐུབ།
—ཀྲུང་གོའི་ཕུགས་འདུན་ནི་ང་ཚོའི་ཡིན་ལ། ཁྱེད་ཚོ་གཞོན་རབས་པའི་དེ་བས་ཀྱང་རེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་དེ་རྒྱ་ཆེའི་ན་གཞོན་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་འབད་འཐབ་བྱེད་པའི་སྟེང་ནས་མངོན་འགྱུར་ཡོང་ངེས་རེད།
གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་གསུམ་གྱི་ལོ་རྒྱུས་དུས་སྐབས་སུ། ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ན་གཞོན་ལ་མཐོང་ཆེན་དང་ན་གཞོན་ལ་སེམས་ཁུར། ན་གཞོན་ལ་ཡིད་ཆེས་བཅས་བྱེད་ཀྱི་ཡོད་པ་དང་། ན་གཞོན་པར་རེ་བ་ནན་མོ་བཅོལ་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ཐོག་མ་ཉིད་ནས་ན་གཞོན་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བར་བརྩིས་ཡོད་པ་དང་། ཐོག་མ་ཉིད་ནས་ན་གཞོན་ནི་ཏང་དང་མི་དམངས་ཀྱི་ལས་དོན་གོང་དུ་སྤེལ་བའི་གསར་སྐྱེས་དམག་དཔུང་ལ་བརྩིས་ཡོད་ཅིང་། ཐོག་མ་ཉིད་ནས་ན་གཞོན་གྱིས་མི་དམངས་ཀྱི་འབད་འཐབ་རླབས་ཆེན་ནང་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་མངོན་འགྱུར་ཡོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད།
ད་ལྟ། ང་རང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་དམིགས་ཡུལ་ལ་སླེབས་ཉེ་བ་དང་། ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་དམིགས་ཡུལ་དེ་མངོན་པར་སྒྲུབ་ཐུབ་པའི་གདེང་ཚོད་དང་ནུས་སྟོབས་ལྡན་པར་གྱུར་ཡོད། ལེ་དབར་བརྒྱ་ཡི་བཤུལ་ལམ་ལས། །དགུ་བཅུ་བཅད་པ་ལམ་ཕྱེད་ཙམ། །ཞེས་གསལ་བ་ལྟར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་དམིགས་ཡུལ་དང་ཇི་ཙམ་ཐག་ཉེ་རུ་ཕྱིན་ན་ང་ཚོས་དེ་ཙམ་གྱིས་ལྷོད་གཡེང་བྱེད་མི་ཉན་པ་དང་། དེ་བས་བརྩོན་པ་ལྷུར་ལེན་བྱེད་དགོས་ལ། དེ་ཙམ་གྱིས་རྒྱ་ཆེའི་ན་གཞོན་སྐུལ་སློང་བྱས་ཏེ་དེའི་དོན་དུ་འབད་འཐབ་བྱེད་དགོས།
མ་འོངས་པར་ཁ་ཕྱོགས་ཚེ་རང་རྒྱལ་གྱི་ན་གཞོན་རྣམས་ལ་དཔུང་རྩལ་ངོམས་ས་ཆེན་པོ་ཡོད་ལ་དཔུང་རྩལ་ངོམས་ཀྱང་ཐུབ་ངེས་རེད། འདི་ནི་“འབྲི་ཆུའི་རྦ་རླབས་གཞུག་མས་སྔ་མ་འདེད་ ”ཟེར་བ་ལྟ་བུའི་ལོ་རྒྱུས་ཆོས་ཉིད་ཡིན་ལ། “མི་རབས་གཅིག་ལས་མི་རབས་ཕྱི་མ་དྲག”ཟེར་བ་ལྟར་གྱི་ལང་ཚོའི་འགན་འཁྲི་ཡིན། རྒྱ་ཆེའི་ན་གཞོན་ཚོས་དཔའ་ངར་ཆེན་པོས་དུས་རབས་ཀྱིས་བསྩལ་བའི་འགན་ལྕི་ཕྲག་ཏུ་བླངས་ནས། བློ་ཕུགས་རྒྱང་ལ་གཏོད་པ་དང་ཏན་ཏན་ཏིག་ཏིག་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལག་ལེན་ཁྲོད་ལང་ཚོའི་ཕུགས་འདུན་དོན་གཉེར་བྱེད་དགོས།
དང་པོ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་པོར་འཛུགས་དགོས། “གྲུབ་འབྲས་རྒྱ་ཆེན་བློ་ཡི་སྟོབས་ལ་བརྟེན། མཛད་པ་རྒྱ་ཆེན་བརྩོན་པའི་ལས་ལ་བརྟེན། ”ཞེས་ཟེར་བ་ལྟར། ཕུགས་བསམ་གྱིས་མི་ཚེ་ལ་ཁ་ཕྱོགས་སྟོན་ཞིང་དད་སེམས་ཀྱིས་བྱ་གཞག་གི་རྒྱལ་ཕམ་ཐག་གཅོད་པ་རེད། ཕུགས་བསམ་དང་དད་སེམས་ཤོར་ན་བསམ་པའི་“ཀལ་ཟད”འགྲོ་བ་རེད། ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་ལ། གཞོན་རབས་པ་ཚོས་བརྟན་པོར་སྐྱེད་དགོས་པའི་ཕུགས་ཀྱི་བསམ་འདུན་ཡང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་ང་ཚོའི་ཏང་གིས་དཀའ་སྡུག་ཚད་མེད་མྱངས་ནས་རྙེད་པའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་བགྲོད་ལམ་ཡང་དག་པ་ཡིན་ལ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་བརྟན་པོར་སྐྱེད་དགོས་པའི་མི་ཚེའི་དད་སེམས་ཀྱང་ཡིན།
རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ། ཕུགས་བསམ་དང་དད་སེམས་ཉིད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་རྗེས་དཔག་གི་ཤེས་པའི་སྟེང་དུ་སྐྱེད་དགོས་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ལ་ངོས་འཛིན་ཡང་དག་པ་བྱེད་པའི་སྟེང་དུ་སྐྱེད་དགོས་ལ། གཞི་རྩའི་རྒྱལ་ཁབ་གནས་ཚུལ་ལ་གདེང་ཚོད་གནད་འཁེལ་ཟིན་པའི་སྟེང་དུ་སྐྱེད་དགོས་ཤིང་། རྒྱུན་ཆད་མེད་པར་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་གཏོང་བ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་དད་སེམས་ཆེ་རུ་གཏོང་བའི་ཐོག་ནས། དུས་གཏན་དུ་ཏང་གི་རྗེས་སུ་འབྲངས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་སྒྲེང་དགོས།
གཉིས་པ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ངེས་པར་དུ་གོ་འཕེར་འཇོན་ཐང་སྦྱོང་དགོས། སློབ་སྦྱོང་ནི་ཡར་རྒྱས་འཚར་ལོངས་བྱུང་བའི་སྐས་ཀ་ཡིན་པ་དང་། ལག་ལེན་ནི་འཇོན་ཐང་རྒྱས་པའི་འཇུག་སྒོ་ཡིན། ན་གཞོན་གྱི་བྱང་ཚད་དང་འཇོན་ཐང་གིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་བརྒྱུད་རིམ་ལ་ཐད་ཀར་ནུས་པ་ཐོན་གྱི་རེད། གནའ་མིའི་གཏམ་དཔེ་ལ། “སྦྱངས་པ་གཞུ་མོ་འདྲ་ལ་ཡོན་ཏན་མདའ་མོ་བཞིན་”ཟེར་བ་དེས། སྦྱངས་པའི་ཤེས་བྱ་ནི་གཞུ་མོ་བཀང་བ་དང་འདྲ་ལ། འབྱོར་བའི་ཡོན་ཏན་ནི་མདའ་མོའི་མདེའུ་དང་འདྲ་བས། ཟབ་ཅིང་ཡངས་པའི་ཤེས་བྱ་ཡོན་ཏན་གྱི་སྣ་ནས་ཁྲིད་ན་གཞི་ནས་ལས་ནུས་པ་ཐོན་ཐུབ་པ་བསྟན་ཡོད། ན་གཞོན་རྣམས་ནི་སློབ་སྦྱོང་གི་རྫོགས་ལྡན་དུས་སྐབས་སུ་གནས་པའི་སྒང་ཡིན་པས། སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་གཙོ་བོར་འཛིན་དགོས་པ་དང་། སློབ་སྦྱོང་བྱ་རྒྱུ་དེ་འགན་འཁྲི་ཞིག་དང་། སྙིང་སྟོབས་ཤིག ། འཚོ་བའི་སྐྱེལ་སྟངས་ཤིག་བཅས་ལ་རྩིས་དགོས་ཤིང་། ཕུགས་འདུན་ནི་སློབ་སྦྱོང་ལས་འབྱུང་བ་དང་། ལས་དོན་ནི་འཇོན་ཐང་ལ་བརྟེན་ནས་འགྲུབ་དགོས་པའི་ལྟ་བ་འཛུགས་དགོས་པ་དང་འབྲེལ། སློབ་སྦྱོང་ལ་བརྩོན་པ་བྱ་རྒྱུ་དེ་ལང་ཚོ་ཉིད་ནམ་འཕང་གཅོད་པའི་སྒུལ་ཤུགས་སུ་ཆགས་པར་བྱེད་དགོས་པ་དང་། འཇོན་ཐང་རྒྱས་རྒྱུ་དེ་ལང་ཚོའི་གཤོག་རྩལ་སྒྱུར་བའི་ནུས་སྟོབས་སུ་ཆགས་པར་བྱེད་དགོས།
རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ངེས་པར་དུ་དེང་རབས་ཅན་ལ་ཕྱོགས་དགོས་པ་དང་། ཁ་འཛམ་གླིང་ལ་ཕྱོགས་དགོས་ཤིང་། ཁ་མ་འོངས་པར་ཕྱོགས་དགོས། ཤེས་བྱ་གསར་སྒྱུར་བྱེད་པའི་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་ནས། སྐོམ་པ་ཆུ་འདོད་ལྟར་སློབ་སྦྱོང་བྱེད་དགོས་པ་དང་། རྨང་གཞིའི་ཤེས་བྱ་མཐར་ཕྱིན་པར་སྦྱོང་དགོས་པ་མ་ཟད་ད་དུང་དུས་ཐོག་ཏུ་ཤེས་བྱ་གསར་སྒྱུར་ཡང་བྱེད་དགོས་པ་དང་། སྡུག་རུས་ཆེན་པོས་རིགས་པའི་གཞུང་ལུགས་སྦྱོང་དགོས་པས་མི་ཚད་ཧུར་བརྩོན་བྱེད་པས་ནུས་རྩལ་ཡང་འབྱོང་དགོས་ཤིང་། རྒྱུན་ཆད་མེད་པར་དུས་རབས་ཀྱི་གོང་འཕེལ་དང་ལས་དོན་གྱི་བླང་བྱ་དང་མཐུན་པའི་བྱང་ཚད་དང་ནུས་རྩལ་ཆེ་རུ་གཏོང་དགོས། སྦྱངས་འབྲས་དོན་ལྡན་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གཞི་རིམ་ལ་ཟབ་འཇུག་དང་མང་ཚོགས་ཁྲོད་དུ་ཟབ་འཇུག་གིས་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བཞུ་ཐབ་ཆེན་པོའི་ནང་དང་། སྤྱི་ཚོགས་ཀྱི་སློབ་གྲྭ་ཆེན་མོའི་ནང་དུ་བསྲེག་བཅད་བརྡར་གསུམ་གྱིས་སྦྱངས་འབྲས་གཡུར་དུ་ཟ་བ་བླངས་ཏེ། ཧུར་བརྩོན་གྱིས་གོ་ཆེན་པོ་ཆོད་ཅིང་ལས་དོན་ལྗིད་པོ་འཁུར་ནུས་པའི་གདུང་འདེགས་ཀྱི་ཀ་བ་ལྟ་བུར་ཆགས་པར་བྱེད་དགོས།
གསུམ་པ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ངེས་པར་དུ་གསར་གཏོད་དང་གསར་སྐྲུན་བྱེད་ཕོད་པ་བྱེད་དགོས། གསར་གཏོད་ནི་མི་རིགས་དར་རྒྱས་ཡོང་བའི་བླ་སྲོག་ལྟ་བུ་ཡིན་པ་དང་། རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བའི་འཛད་མེད་ཀྱི་འབྱུང་རྩ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཟབ་ཅིང་རྒྱས་པའི་མི་རིགས་ཀྱི་བསྐོས་ཐང་ཡང་ཡིན། དེ་ཡང་“ཉིན་རེར་གསར་སྐྱེ་ཉིན་བཞིན་གསར། གསར་པའི་ཁ་ལ་གསར་པ་གཅེས། ”ཞེས་ཟེར་བ་ལྟར་ཡིན། འཚོ་བ་ནི་རྙིང་ཞེན་བག་འཁུམས་ཅན་དང་བདེ་བ་ཆུང་ལ་ཆགས་མཁན་གྱི་མགྲོན་དུ་མི་འཁོར་ལ། བརྩོན་མེད་ཐུར་ལྟ་ཅན་དང་དཀའ་ལས་གཞན་དང་ལོངས་སྤྱོད་རང་འདོད་མཁན་གྱི་གྲོགས་སུ་འགྱུར་བའི་སྲོལ་མེད་པར། སྔར་ལས་མང་བའི་གོ་སྐབས་ནི་གསར་གཏོད་ལ་མཁས་པ་དང་གསར་གཏོད་བྱེད་ཕོད་པའི་སྐྱེ་བོར་འཁོར་ཡོང་བ་རེད། ན་གཞོན་ནི་སྤྱི་ཚོགས་སྟེང་གི་སྐྱེ་སྟོབས་ཆེ་ཤོས་དང་གསར་གཏོད་ཀྱི་བསམ་པ་ཆེ་ཤོས་ཀྱི་མི་ཚོགས་ཡིན་པས་ན། གསར་གཏོད་དང་གསར་སྐྲུན་གྱི་མདུན་བདར་བ་བྱེད་དགོས་པ་ལོས་ཡིན།
རྒྱ་ཆེའི་ན་གཞོན་རྣམས་ལ་ཀུན་གྱི་མགོ་མ་བྱེད་ཕོད་པའི་བློ་སྤོབས་དགོས་པ་དང་། བསམ་བློ་བཅིངས་འགྲོལ་གཏོང་བ་དང་དུས་བསྟུན་མདུན་སྐྱོད་བྱེད་ཕོད་དགོས་ལ། བསླབ་བྱ་ཀུན་ནས་ལེན་ཞིང་སྲོལ་འབྱེད་ཡར་བརྩོན་བྱེད་ཕོད་དགོས་ཤིང་། སྔོན་བྱུང་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་དུ། སྔོན་བྱུང་ལས་ཐོད་བརྒལ་གྱི་བློ་སྟོབས་ཆེན་པོ་སྐྱེད་དགོས་པ་དང་། ལང་ཚོས་ཕྱུག་པའི་བདག་གིས་ལང་ཚོའི་དཔལ་འབར་བའི་རྒྱལ་ཁབ་དང་མི་རིགས་གསར་འཛུགས་བྱེད་དགོས། རི་ལ་ཐུག་ན་ལམ་འབྱེད་ཅིང་ཆུ་ལ་ཐུག་ན་ཟམ་སྐྲུན་པའི་བློ་སྟོབས་ལྡན་དགོས་པ་དང་། གསར་གཏོད་ཀྱི་དོན་དུ་བརྩོན་འགྲུས་ཆེན་པོ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་དགོས། བདེན་པ་དོན་གཉེར་དང་བགྱི་བ་དོན་ལྡན་གྱི་རྣམ་འགྱུར་བཟུང་ནས། རང་འཁྲིའི་ལས་གནས་སུ་གཞི་ཚུགས་པའི་གསར་གཏོད་གསར་སྐྲུན་གྱི་ཁྲོད་དུ་རྒྱུན་ཆད་མེད་པར་ཉམས་མྱོང་གསོག་འཇོག་དང་གྲུབ་འབྲས་བརྩོན་ལེན་བྱེད་དགོས།
བཞི་པ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་སེམས་རྩ་འཁོལ་བས་དཀའ་སྤྱད་འབད་བརྩོན་བྱེད་དགོས། “རལ་གྲི་རྣོན་པོའི་ངར་ཁ་བརྡར་ལས་བྱུང་། །དཔྱིད་མགོའི་མེ་ཏོག་དྲི་བསུང་གྲང་བས་གསོས། །”ཟེར་བ་ལྟར། མིའི་རིགས་ཀྱི་ཕུགས་འདུན་བཟང་པོ་ནི་རྩོལ་མེད་ལྷུན་གྱིས་འགྲུབ་པ་ཞིག་མ་ཡིན་པར་ཧུར་ཐག་འབད་ཐག་དང་དཀའ་སྤྱད་འབད་བརྩོན་ལས་བྱུང་བ་རེད། ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི་རིགས་འདི་ཉིད་ དབུལ་ཕོངས་ཉམས་ཞན་གྱི་གནས་ནས་གོམ་པ་རེ་རེ་བཞིན་དུ་དེང་སང་གི་དར་རྒྱས་ཕུན་ཚོགས་ཀྱི་གོ་འཕང་དུ་བསྙེགས་པ་ནི། མི་རབས་དང་མི་རབས་ཀྱིས་ཞུམ་མེད་འབད་འཐབ་བྱས་ཏེ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཉམས་མེད་རང་སྟོབས་སྐྱེད་པའི་སྙིང་སྟོབས་ལས་བྱུང་བ་ཞིག་རེད། མིག་སྔར། ང་ཚོར་གལ་ཆེ་བའི་གོ་སྐབས་འཕྲད་ཡོད་ལ། སྔར་བྱུང་མ་མྱོང་བའི་དཀའ་ངལ་དང་འགྲན་རྩོད་ཀྱང་འཕྲད་ཡོད། ཕུགས་འདུན་སྔོན་ན་ཡོད་པ་དང་བགྲོད་ལམ་རྐང་འོག་ན་ཡོད། རང་མགོ་ཐོན་ན་སྟོབས་རྒྱས་ཤིང་། སྟོབས་དང་ལྡན་ན་རང་མགོ་ཐོན། ང་ཚོའི་གོང་འཕེལ་གྱི་དམིགས་འབེན་འགྲུབ་དགོས་ན་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་བརྩོན་པ་ཆུ་བོའི་རྒྱུན་བཞིན་སྤྱད་དེ་འབད་འཐབ་ལྷོད་མེད་བྱེད་དགོས།
རྒྱ་ཆེའི་ན་གཞོན་རྣམས་ཀྱིས། “སྟོང་བཤད་རྒྱལ་ཕུང་། དངོས་སྒྲུབ་རྒྱལ་དར་”ཞེས་པ་སེམས་ལ་བརྟན་པོར་བཟུང་ནས། རང་འཁྲིའི་ལས་དངོས་སུ་བརྩོན་པ་ལྷུར་ལེན་བྱེད་དགོས་པ་དང་། ཆུང་ས་ཕྲ་ས་ནས་ལས་འགོ་རྩོམ་དགོས་ལ། ལས་ལ་བརྩོན་པའི་ལག་ཟུང་དང་རྩེར་སོན་པའི་བྱས་འབྲས་ཀྱིས་རང་ཉིད་ཀྱི་མི་ཚེའི་ལྟད་མོ་སྟོན་དགོས། དཀའ་ངལ་ལ་མི་སྐྲག་པ་དང་དཀའ་སེལ་འགག་སྒྲོལ་བྱས་ཏེ། ཆ་རྐྱེན་ཞན་པའི་གཞི་རིམ་དང་རྒྱལ་ཁབ་འཛུགས་སྐྲུན་གྱི་གཡུལ་མདུན། ལས་གཞི་འགག་སྒྲོལ་གྱི་མདུན་གྲལ་བཅས་ལ་བསྐྱོད་དེ་སྦྱོང་བརྡར་ཐོབ་དགོས་པ་དང་འཇོན་ཐང་རྒྱས་དགོས། ལས་འབྱེད་ལ་དཔའ་བའི་བརྟུལ་ཞུགས་བཟུང་ནས། ཧུར་བརྩོན་གྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁྲོད་དུ་བགྲོད་ལམ་གསར་པ་དང་ལས་སྒོ་གསར་པ་འབྱེད་དགོས་པ་དང་། རྒྱུན་ཆད་མེད་པར་ལས་དོན་གོང་འཕེལ་གྱི་གོ་འཕང་གསར་པ་འབྱེད་དགོས།
ལྔ་པ། རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ངེས་པར་དུ་བླ་ན་མེད་པའི་གཤིས་རྒྱུད་གསོ་སྦྱོང་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕྱོགས་ཡོངས་ནས་དར་བའི་སྤྱི་ཚོགས་རིང་ལུགས་ཡིན། བསམ་པའི་སྟོབས་ཤུགས་ཞན་པའི་མི་རིགས་ཡིན་ཕྱིན་རང་མགོ་ཐོན་དཀའ་ལ་རང་སྟོབས་རྒྱས་ཁག་པ་དང་། རིག་གནས་ཀྱི་འདེགས་སྐྱོར་མེད་པའི་ལས་དོན་ནི་དར་རྒྱུན་སྐྱོང་དཀའ་བ་རེད། ན་གཞོན་ནི་དར་སྲོལ་གྱི་སྣ་འདྲེན་མཁན་གྱི་སྤྱི་ཚོགས་སྟོབས་ཤུགས་ཤིག་ཡིན། མི་རིགས་ཤིག་གི་ཤེས་དཔལ་གྱི་བྱང་ཚད་ནི་ཚད་ཆེན་པོ་ཞིག་གི་ངོས་ནས་བཤད་ན་གཞོན་རབས་པའི་ཀུན་སྤྱོད་ཀྱི་ཆུ་ཚད་དང་བསམ་བློའི་ཉམས་འགྱུར་ལ་རག་ལས་ཡོད་པ་རེད།
རྒྱ་ཆེའི་ན་གཞོན་རྣམས་ཀྱིས་ཡང་དག་པའི་ཀུན་སྤྱོད་ཀྱི་སྦྱངས་པ་དང་། རང་རྟོགས་ཀྱི་ཀུན་སྤྱོད་གོམས་སྲོལ། ཧུར་བརྩོན་གྱི་ཀུན་སྤྱོད་ཉམས་ལེན་གྱི་གཞི་གཅིག་ཏུ་བསྡེབས་ནས། རང་རྟོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་དང་ཉམས་ལེན་བྱེད་དགོས་པ་དང་། སྣེ་ཁྲིད་ནས་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་དར་སྤེལ་གཏོང་དགོས་པ་རེད། བསམ་བློ་ཀུན་སྤྱོད་ཀྱི་སྦྱོང་གོམས་ལ་ཤུགས་སྣོན་བརྒྱབ་སྟེ། རང་རྟོགས་ཀྱིས་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་བསམ་བློ་དར་སྤེལ་གཏོང་དགོས་པ་དང་། ཧུར་བརྩོན་གྱིས་སྤྱི་ཚོགས་ཀྱི་སྤྱོད་བཟང་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་ལམ་བཅས་དར་སྤེལ་གཏོང་དགོས། “དགེ་བ་ལ་མོ་རྒྱག་པ་འདྲ། སྡིག་པ་རྦབ་རྒོད་ཉིལ་བ་འདྲ། ”ཞེས་པའི་གནས་ལུགས་ཤེས་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མི་ཚེ་ལ་འཛིན་པའི་རྣམ་འགྱུར་བཟང་པོ་དང་། ཀུན་སྤྱོད་དང་གཤིས་རྒྱུད་བཟང་པོ། འཚོ་བའི་དགའ་ཕྱོགས་བཟང་པོ་བཅས་འཛིན་སྐྱོང་བྱེད་དགོས། སྤྱི་ཚོགས་ཀྱི་ཚུལ་མཐུན་གྱི་སྤྱོད་པ་དང་སྲོལ་གསར་དར་སྤེལ་བྱེད་པ་དང་། སྣེ་ཁྲིད་ནས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པ། ཧུར་བརྩོན་གྱིས་དང་བླངས་ཞབས་ཞུར་ཞུགས་པ། མ་སྐུལ་དང་བླངས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ། ལྷག་བསམ་རྣམ་དག་གིས་སྐྱེ་བོ་གཞན་པར་ཤ་ཚ་བ། དབུལ་སྐྱོར་མུག་སྐྱོབ་དང་ཉམ་ཆུང་འཁོས་ཞན་ལ་རོགས་རམ་བྱེད་པའི་དོན་དངོས་དང་དོན་བཟང་མང་ཙམ་སྒྲུབ་པ་བཅས་ཀྱིས། བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཚོགས་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་འབད་འཐབ་བྱེད་པ་ནི་ཀྲུང་གོའི་ན་གཞོན་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་གཞི་ཡིན། གུང་གཞོན་ཚོགས་པས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོའི་ཁྲོད་དུ“བདག་གི་ཀྲུང་གོའི་ཕུགས་འདུན”ཞེས་པའི་བརྗོད་གཞིའི་སྐོར་གྱི་སློབ་གསོ་དང་ལག་ལེན་གྱི་བྱེད་སྒོ་ཟབ་མོར་སྤེལ་ནས། གཞོན་ནུ་རེ་རེ་ཚང་མར་ཕུགས་འདུན་གྱི་ས་བོན་གསོ་དགོས་པ་དང་། གཞོན་ནུ་ལོ་ཆུང་རྣམས་ལ་ཕུགས་འདུན་འཆང་ཕོད་པ་དང་། ཕུགས་འདུན་ལ་སྙེག་ཕོད་པ། ཕུགས་འདུན་ལ་བརྩོན་ཕོད་བཅས་བྱེད་དུ་འཇུག་དགོས་ཤིང་། གཞོན་ནུ་ལོ་ཆུང་རེ་རེ་ཚང་མར་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་ལང་ཚོའི་ནུས་སྟོབས་འབུལ་དུ་འཇུག་དགོས། ཀྲུང་གོའི་ཕུགས་འདུན་སྤྱད་དེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ལ་ཐུན་མོང་གི་བསམ་པའི་རྨང་གཞི་བརྟན་པོར་འདིང་དགོས་པ་དང་། གཞོན་ནུ་ལོ་ཆུང་རྣམས་ལ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་བཅས་སྐྱེད་པར་སློབ་གསོ་དང་རོགས་རམ་བྱེད་དགོས་ལ། ཁོང་ཚོ་དུས་གཏན་དུ་ང་ཚོའི་རླབས་ཆེ་བའི་མེས་རྒྱལ་ལ་དགའ་ཞེན་དང་། ང་ཚོའི་རླབས་ཆེ་བའི་མི་དམངས་ལ་དགའ་ཞེན། ང་ཚོའི་རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་ལ་དགའ་ཞེན་བཅས་ཡོད་པ་བྱེད་དགོས་ཤིང་། བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲངས་ནས། ཀྲུང་གོའི་འགྲོ་ལམ་ཐོག་བསྐྱོད་དུ་འཇུག་དགོས། ཀྲུང་གོའི་ཕུགས་འདུན་སྤྱད་དེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་སློང་དགོས་པ་དང་། “ཏང་ལ་འབོད་སྐུལ་ཡོད་གྱུར་ན། གུང་གཞོན་ཚོགས་པར་བྱ་སྤྱོད་ཡོད”ཅེས་པའི་གཟི་བརྗིད་ཅན་གྱི་སྲོལ་རྒྱུན་དར་སྤེལ་བཏང་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཁོག་ནང་དུ་རང་ཉིད་ཀྱི་ལས་ཀའི་འཇུག་གནས་དང་སྦྲེལ་གནས་གནད་འཁེལ་འཚོལ་དགོས་པ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་བསྒྱུར་བཅོས་ལ་རྒྱབ་སྐྱོར་དང་། སྒོ་འབྱེད་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དུ་འཇུག་དགོས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ཀྱིས། ཕུགས་འདུན་མངོན་འགྱུར་བྱེད་པར་ཞབས་ཞུ་ཧུར་ཐག་སྒྲུབ་དགོས་པ་དང་། གནད་ལ་འཁེལ་བའི་སྒོ་ནས་སྤྱོད་ཚུལ་ལེགས་བཅོས་བྱས་ཏེ། གཞི་རིམ་ལ་ཟབ་འཇུག་དང་། ན་གཞོན་ལ་ཟབ་འཇུག་བྱེད་དགོས་ལ། ན་གཞོན་གྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ན་གཞོན་ལ་གང་མཁོ་དེ་སྒྲུབ་བྱེད་དགོས་ལ། གཞོན་ནུ་ལོ་ཆུང་རྣམས་ཀྱི་ཡོངས་ཁྱབ་ཅན་གྱི་ཁེ་ཕན་གྱི་འདོད་དོན་མཚོན་དགོས་པ་དང་དེར་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ལ་ཡར་ཐོན་དང་འཚར་ལོངས་ཡོང་བའི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་དགོས།
ན་གཞོན་དཔེ་བཟང་ཅན་ནི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ཀྱིས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན་པ་དང་། ཁོང་ཚོས་སྤྱི་ཚོགས་ཀྱི་འགན་འཁྲི་དང་མི་དམངས་ཀྱི་རེ་འདོད་གཞན་ལས་མང་བ་ཁུར་ཡོད་ལ། གཞོན་ནུ་ལོ་ཆུང་རྣམས་ཀྱི་ཁྲོད་དང་ཐ་ན་སྤྱི་ཚོགས་སྟེང་དུ་མིག་ལྟོས་ཡར་འགྲན་གྱི་ནུས་པ་ཐོན་གྱི་ཡོད། ན་གཞོན་དཔེ་བཟང་ཅན་རྣམས་ཀྱིས་ཡག་ཐོག་ཡག་བརྩེགས་དང་། རང་གཅུན་རང་སྡོམ། སྙིང་རུས་ཆེན་པོས་ཡར་བརྩོན་བཅས་བྱས་ཏེ། རང་ཉིད་ཀྱི་འཚར་ལོངས་ལོ་རྒྱུས་དང་། བསམ་པའི་དོན་གཉེར། མིག་དཔེའི་བྱ་སྤྱོད་བཅས་ཀྱི་ཐོག་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་ལ་མིག་དཔེ་ཡག་པོ་བཏོན་པའི་རེ་བ་ཡོད།
ན་གཞོན་དར་ན་རྒྱལ་ཁབ་དར་བ་དང་། ན་གཞོན་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན་ཟེར་བ་ལྟར། ང་ཚོའི་ཏང་དབུ་བརྙེས་པ་ནས་བཟུང་རྒྱ་ཆེའི་ན་གཞོན་གྱི་འཐུས་ཚབ་བྱས་ཡོད་པ་དང་། རྒྱ་ཆེའི་ན་གཞོན་གྱི་ཡིད་སེམས་བཀུག་ཡོད་ལ། རྒྱ་ཆེའི་ན་གཞོན་ལ་རྒྱབ་རྟེན་བཅོལ་ཡོད། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་སྒོ་ཀུན་ནས་ན་གཞོན་ལ་ཡིད་ཆེས་དང་། ན་གཞོན་ལ་སེམས་ཁུར། ན་གཞོན་ལ་བླང་བྱ་ནན་འདོན་བཅས་བྱས་ཏེ། ན་གཞོན་ཚོར་བསམ་བློའི་རྒོད་པོ་ལྡིང་སའི་མཐའ་ཀླས་མཁའ་དབྱིངས་འབྱེད་དགོས་པ་དང་། ན་གཞོན་ཚོས་ལག་ལེན་གསར་གཏོད་བྱེད་སའི་རྒྱ་ཆེ་བའི་ལས་སྟེགས་བསྐྲུན་དགོས་ལ། ན་གཞོན་ཚོར་མི་ཚེ་བཞེངས་བཀོད་ཀྱི་གོ་སྐབས་སྔར་ལས་ཕུན་སུམ་ཚོགས་པོ་སྦྱིན་དགོས་པ་དང་ན་གཞོན་ཚོར་གཡུར་ཟའི་འབྲས་བུ། བྱས་རྗེས་འཇོག་པའི་མཐུན་རྐྱེན་བཟང་པོ་སྦྱོར་དགོས། འགོ་ཁྲིད་ལས་བྱེད་པ་རིམ་པ་ཁག་ནས་ན་གཞོན་ཚོའི་འདོད་མོས་ལ་དོ་སྣང་བྱེད་དགོས་པ་དང་། ན་གཞོན་ཚོ་གོང་འཕེལ་ཡོང་བར་རོགས་རམ་བྱེད་དགོས་ལ། ན་གཞོན་ཚོས་ལས་སྒོ་སྐྲུན་པར་རྒྱབ་སྐྱོར་བྱས་ཏེ། ན་གཞོན་ཚོའི་གྲོགས་པོ་བློས་ཐུབ་བྱེད་དགོས་ལ། ན་གཞོན་ལས་ཀའི་ལྷག་བསམ་ཅན་བྱེད་དགོས།
ན་གཞོན་གྲོགས་པོ་ཚོ། མི་ཚེ་གཅིག་ལ་ལང་ཚོ་ཐེངས་གཅིག་མ་གཏོགས་མེད། ད་ལྟའི་ཆར། ལང་ཚོ་ནི་འབད་འཐབ་བྱེད་སྤྱད་ཡིན་པ་དང་། མ་འོངས་པར། ལང་ཚོ་ནི་དྲན་པའི་འདས་དོན་ཡིན། མི་ཚེའི་བཤུལ་ལམ་སྟེང་དུ་བདེ་མོའི་ཐང་ཡོད་ལ་དཀའ་མོའི་ལ་ཡང་ཡོད་པ་དང་། འཇམ་པོའི་ཚལ་ཡོད་ལ་གཉན་པོའི་འཕྲང་ཡོད་ཅིང་། དྲང་མོའི་ལམ་ཡོད་ལ་ཀྱག་ཀྱོག་གི་ཁུག་ཀྱང་ཡོད་པ་རེད། ན་གཞོན་རྣམས་ཀྱི་མདུན་དུ་གདམ་ག་བྱ་ཡུལ་མང་མོད་ཀྱང་། གནད་འགག་ནི་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཀྱིས་རང་ཉིད་ཀྱི་གདམ་ག་ལ་སྣེ་ཁྲིད་བྱ་རྒྱུ་དེ་ཡིན། མི་ཚེ་དོན་ལྡན་བྱུང་བའི་དཔེ་དོན་མང་པོ་ལས་གསལ་བར། གཞོན་ནུའི་དུས་སུ་དཀའ་སྡུག་སྤྱོད་རྒྱུ་གདམ་གསེས་བྱས་ན་ཕྱིས་ཀྱི་གྲུབ་འབྲས་གདམ་གསེས་བྱས་པ་རང་ཡིན་པ་དང་། ལེགས་སྐྱེས་འབུལ་རྒྱུ་གདམ་ག་བྱས་ན་མཆོག་གྱུར་གྱི་གནས་གདམ་ག་བྱས་པ་རང་ཡིན། གཞོན་ནུའི་དུས་སུ་དཀའ་སྡུག་མང་ཙམ་དང་། འཁོན་ཐོགས་མང་ཙམ། ཉམས་སད་མང་ཙམ་བྱེད་པ་བཅས་བརྒྱུད་པ་ཡིན་ན། མི་ཚེའི་བཤུལ་ལམ་རིང་མོ་འགྲིམས་བདེ་ཙམ་ཡོང་གི་རེད། དགའ་སྡུག་བཏང་སྙོམས་སུ་འཇོག་ཐུབ་པའི་སེམས་རྒྱུད་སྦྱོང་དགོས་པ་དང་། དཀའ་བརྒྱ་འཁུར་བཟོད་ཀྱི་བློ་སྟོབས་བརྟན་དགོས་ཤིང་། སྤྲོ་སྣང་དང་ཡར་བརྩོན་གྱི་བསམ་པའི་གནས་སྟངས་འཛིན་སྐྱོང་བྱས་ཏེ། རྐྱེན་ངན་གྲོགས་སུ་བསྟེན་ནས་བསླབ་བྱ་ལེན་ཞིང་བློ་སྐྱེད་རྒྱས་པར་བྱས་ཐོག མི་ཚེ་ཉིད་ཐོད་བརྒལ་དང་གོ་འཕང་མཐོན་པོར་འཕགས་པར་བྱེད་དགོས། མདོར་ན། སེམས་རྩ་འཁོལ་བའི་ལང་ཚོའི་འབད་འཐབ་བཤམས་པ་དང་། ངར་ཤུགས་ཆེ་བའི་ལང་ཚོའི་དམར་འཛིང་། མི་དམངས་ལ་ལང་ཚོའི་ལེགས་སྐྱེས་ཕུལ་བ་བཅས་བྱས་ན་ད་གཟོད་བློ་ཡིད་ཚིམ་པ་དང་། དྲོད་ཁོལ་ལྡན་པ། ཡུན་རིང་གནས་པ། འགྱོད་མེད་ཕངས་མེད་བཅས་ཀྱི་ལང་ཚོའི་འདས་དོན་གྱི་དྲན་གསོ་ལྡན་ངེས་རེད།
ན་གཞོན་གྲོགས་པོ་ཚོ། ཏང་གི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཏན་ཏན་ཏིག་ཏིག་དང་གསར་འབྱེད་ཡར་བརྩོན་བྱས་པ་ཡིན་ན། དུས་རབས་འདིའི་དུས་དཀྱིལ་ལ་ང་ཚོས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་ངེས་ཡིན་པ་དང་། རང་རྒྱལ་གྱི་རྒྱ་ཆེའི་ན་གཞོན་ཚོས་རྒྱལ་ཡོངས་མི་རིགས་ཁག་མི་དམངས་དང་མཉམ་དུ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པའི་མིག་གི་དགའ་སྟོན་ལ་རོལ་ཐུབ་ངེས་ཡིན་ལ། ཀྲུང་གོའི་ཕུགས་འདུན་མངོན་པར་གྱུར་པའི་འབྲས་བཟང་ལོངས་སུ་སྤྱོད་ཐུབ་ངེས་ཡིན་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད།