
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེས་ཀྲུང་གོའི་མི་དམངས་ཙམ་མ་ཟད་འཛམ་གླིང་མི་དམངས་ལ་ཡང་ཕན་བདེ་སྐྲུན་ཐུབ།
(2013ལོའི་ཟླ5པ། )
ཀྲུང་ཧྭ་མི་རིགས་ཀྱིས་དཀའ་བརྒྱ་ཉམས་སུ་མྱངས་ཤིང་ཉམས་མེད་རང་སྟོབས་བསྐྱེད་དེ། དུས་ནམ་ཡང་འདུན་པ་བཟང་པོ་ལྷུར་ལེན་བྱེད་མཚམས་བཞག་མྱོང་མེད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ནི་ཉེ་རབས་ནས་བཟུང་གི་ཀྲུང་ཧྭ་མི་རིགས་ཀྱི་རིང་ནས་སྙེག་པའི་འདུན་པ་ཡིན། །
ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་དུ། ཀྲུང་གོའི་ཕུགས་འདུན་གྱི་ངོ་བོ་ནི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་དར་རྒྱས་ཆེ་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡིན། ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ནི། 2020ལོར་སླེབས་དུས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམ་ཡོང་འབབ་དེ2010ལོ་ལས་ལྡབ་གཅིག་འཕར་སྣོན་ཡོང་བར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། དུས་རབས་འདིའི་དུས་དཀྱིལ་ལ་སླེབས་དུས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུ་དེ་ཡིན། །
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས། ང་ཚོ་བགྲོད་ལམ་འདིའི་སྟེང་དུ་ལོ་ངོ30ལྷག་བསྐྱོད་ཡོད་པ་དང་། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་ལ། མི་དམངས་འབྱོར་ཕྱུག་དང་རྒྱལ་ཁབ་སྟོབས་འབྱོར་རྒྱས་པར་བྱེད་པའི་བགྲོད་ལམ་ཞིག་ཡིན་པ་ལོ་རྒྱུས་ལས་བདེན་དཔང་བྱུང་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་བགྲོད་ལམ་འདི་དེད་དེ་མཐར་མ་ཐུག་བར་དུ་བསྐྱོད་རྒྱུ་ཡིན།
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་གྱུར་པའི་མི་རིགས་ཀྱི་སྙིང་སྟོབས་དང་བསྒྱུར་བཅོས་གསར་གཏོད་སྲོག་ཤིང་དུ་གྱུར་བའི་དུས་རབས་ཀྱི་སྙིང་སྟོབས་སྤྱད་དེ་མི་རིགས་ཡོངས་ཀྱི་བློ་སྟོབས་དང་སྙིང་རུས་ངར་སྐུལ་བྱ་རྒྱུ་ཡིན། །
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། སྟོང་བཤད་རྒྱལ་ཕུང་དང་དངོས་སྒྲུབ་རྒྱལ་དར་ཡིན་པས། ང་ཚོས་མི་འབོར་དུང་ཕྱུར13གྱི་ཀྲུང་གོ་བའི་བློ་གྲོས་དང་སྟོབས་ཤུགས་སྤྱོད་པ་དང་། མི་རབས་ནས་མི་རབས་ཀྱི་ཀྲུང་གོ་བའི་ལྷོད་མེད་འབད་བརྩོན་ལ་བརྟེན་ནས། ང་ཚོའི་རྒྱལ་ཁབ་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། ང་ཚོའི་མི་རིགས་གོང་སྤེལ་ཡག་པོ་གཏང་རྒྱུ་ཡིན། །
ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་དང་། དུས་དང་རྣམ་པ་ཀུན་ཏུ་གཉིས་ཕན་མཉམ་ཁེའི་སྒོ་འབྱེད་ཅན་གྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཀྲུང་གོ་རང་ཉིད་ཀྱི་གོང་འཕེལ་དོན་གཉེར་བྱ་རྒྱུ་མ་ཟད་འཛམ་གླིང་ལ་འཁུར་བའི་འགན་འཁྲི་དང་འབུལ་དགོས་པའི་ལེགས་སྐྱེས་ཀྱང་གཙིགས་ཆེར་འཛིན་པ་དང་། ཀྲུང་གོའི་མི་དམངས་ལ་ཕན་བདེ་བསྐྲུན་རྒྱུ་མ་ཟད་འཛམ་གླིང་མི་དམངས་ལ་ཡང་ཕན་བདེ་བསྐྲུན་རྒྱུ་ཡིན། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དེས་འཛམ་གླིང་ལ་སྦྱིན་པ་ནི་ཞི་བདེ་ཡིན་པ་ལས་ཟིང་ཆ་མ་ཡིན་པ་དང་། གོ་སྐབས་ཡིན་པ་ལས་འཇིགས་ཉེན་མ་ཡིན། །
ཀྲུང་གོ་དང་ལ་ཏིང་ཨ་རི་གཉིས་བར་མཐའ་ཡས་པའི་རྒྱ་མཚོས་བཅད་ཡོད་མོད་ཀྱང་། ང་ཚོའི་སེམས་ནི་གཅིག་ལ་གཅིག་གཏད་ཡིན། ང་ཚོའི་སྦྲེལ་བྱེད་ནི་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་དང་ཁེ་ཕན་གྱི་སྦྲེལ་ཐག་ཡིན་པར་མ་ཟད། ང་ཚོ་ཚང་མའི་མ་འོངས་འདུན་བཟང་ལ་ཐུན་མོང་ཐོག་རེ་སྙེག་བྱེད་པའང་ཡིན། །
ཉེ་བའི་ལོ་ཤས་ནང་། ལ་ཏིང་ཨ་རི་དང་ཅ་ལེ་པི་ཁུལ་གྱི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་གྱིས་རང་སྟོབས་རང་སྤེལ་བྱས་ཏེ་གོམ་སྟབས་གསར་པ་སྒྱུར་བཞིན་ཡོད་པ་རེད། ལ་ཏིང་ཨ་རི་དང་ཅ་ལེ་པི་ཁུལ་གྱི་རྒྱལ་ཁབ་ཁག་གི་ཐུན་མོང་ཚོགས་སྡེ་བཙུགས་པ་དེས་ལ་ཏིང་ཨ་རིས་ཧུར་བརྩོན་གྱིས་ལ་ཏིང་ཨ་རིའི་རང་བཙན་ལས་འགུལ་གྱི་སྔོན་བྱོན་པ་རྣམ་པས་སྤེལ་བའི་མཐུན་སྒྲིལ་རོགས་རེས་དང་། ཐུན་མོང་དུ་གོང་འཕེལ་ཡོང་རྒྱུའི་ཕུགས་འདུན་ཡོངས་སུ་མཚོན་ཡོད་པ་རེད། །
ཀྲུང་གོར་ལ་ཏིང་ཨ་རི་དང་ཅ་ལེ་པི་ཁུལ་གྱི་རྒྱལ་ཁབ་ཁག་དང་མཐུན་སྒྲིལ་དམ་པོ་དང་། ཕན་ཚུན་རྒྱབ་སྐྱོར། ལྷད་མེད་མཉམ་ལས་བཅས་བྱས་ཏེ། དར་རྒྱས་ཕུན་ཚོགས་ཡོང་བའི་འདུན་པ་བཟང་པོར་སྐྱོད་པའི་བགྲོད་ལམ་སྟེང་དུ་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་འདོད་ཡོད། །