
གསར་གཏོད་བྱེད་པའི་སྐབས་སུ་བབས། ། ཕུགས་འདུན་འགྲུབ་པར་མཐུན་རྐྱེན་འཛོམས། །
( 2013ལོའི་ཟླ་10ཚེས་21ཉིན། )
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་ དེང་རབས་ཅན་ལ་སྐུལ་འདེད་གཏང་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་བཅས་ནི་གཟི་བརྗིད་ལྡན་ལ་རླབས་ཆེ་བའི་བྱ་གཞག་ཅིག་ཡིན་པ་དང་། གཟི་དཔལ་བཀྲ་ལ་འོད་སྟོང་འབར་བའི་མདུན་ལམ་ཡིན། བྱ་གཞག་རླབས་ཆེན་འདི་ལ་གཞོལ་བའི་སྐྱེ་བོ་གང་ཡིན་པ་དེ་ཚོ་ཚང་མས་བྱས་རྗེས་ཆེན་པོ་འཇོག་ཐུབ། ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོ་མདུན་སྐྱོད་བྱེད་པའི་བཤུལ་ལམ་སྟེང་དུ། རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་གསར་གཏོད་བྱེད་པའི་སྐབས་སུ་བབས་ཡོད་ལ་ཕུགས་འདུན་འགྲུབ་པར་མཐུན་རྐྱེན་འཛོམས་ཡོད་པ་རེད། རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱིས་རྒྱལ་ཁབ་ལ་གཅེས་པའི་དུང་སེམས་དང་། རྒྱལ་ཁབ་དར་རྒྱས་གཏོང་བའི་བློ་སྟོབས། རྒྱལ་ཁབ་ཀྱི་དྲིན་གཟོ་བའི་བྱ་སྤྱོད་བཅས་གཅིག་གྱུར་བྱེད་དགོས་པ་དང་། རང་ཉིད་ཀྱི་ཕུགས་འདུན་དེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེ་བའི་འབད་འཐབ་ཀྱི་ནང་དུ་འཇུག་དགོས་ཤིང་། རང་ཉིད་ཀྱི་མིང་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་གཟི་བརྗིད་ཀྱི་ལོ་རྒྱུས་སྟེང་དུ་འགོད་དགོས། །
འདིར་ཁོ་བོས་རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ལ་རེ་བ་ཁག་4འདོན་རྒྱུ་ཡིན། །
དང་པོ། རྣམ་པ་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་བརྟན་པོར་འཆང་རྒྱུའི་རེ་བ་ཡོད། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་རིང་རྒྱུན་ཆད་མེད་པར་འཕེལ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་དུ་རྒྱལ་གཅེས་རིང་ལུགས་ནི་ཐོག་མ་ཉིད་ནས་སྐད་གསང་མཐོ་བའི་རྟ་དབྱངས་གཙོ་བོ་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་རང་རྒྱལ་མི་རིགས་ཁག་གི་མི་དམངས་ལ་ཞུམ་མེད་སྙིང་སྟོབས་སྐྱེད་སྙིང་པར་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཡིན། ཤིང་སྡོང་གི་གྲིབ་མ་ཇི་ལྟར་རིང་ཡང་རྩ་བ་ས་ལ་ཚུགས་ཡོད་ཟེར་བ་ལྟར། ཕྱིར་འགྲིམས་སློབ་མ་ཚོ་ཡུལ་གང་དུ་གནས་ཀྱང་སེམས་པ་མེས་རྒྱལ་ལ་ཕྱོགས་ཡོད་པ་རེད། སློབ་ཐུན་ཆེན་ཞུའེ་སིན་གྱིས་ “ང་རང་ཀྲུང་གོའི་ཚན་རྩལ་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས། སྲོག་འཚོ་བའི་དམིགས་ཡུལ་ནི་མི་དམངས་ལ་ཞབས་འདེགས་ཞུ་ཆེད་ཡིན། གལ་སྲིད་མཇུག་མཐར་ངའི་མི་ཚེ་གཅིག་གི་ལས་ཀ་མི་དམངས་ཀྱི་བློ་ལ་བབས་པ་ཡིན་ན། དེ་ནི་ངོ་སོ་ཆེ་ཤོས་གནང་བ་རང་རེད” ཅེས་གསུངས་ཡོད།
རེ་བར་རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱིས་བྱེས་སུ་སློབ་གཉེར་ལ་འགྲིམས་ནས་རྒྱལ་ཁབ་ཀྱི་དྲིན་གཟོ་བའི་གཟི་བརྗིད་ཅན་གྱི་སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་དམ་ཚིག་པ་དང་ཁྱབ་སྤེལ་མཁན་བྱེད་པ་དང་། “སྔོན་ལ་མི་ཡུལ་གྱི་དཀའ་བ་དང་དུ་ལེན། རྗེས་ལ་ས་སྟེང་གི་དགའ་བདེ་ལོངས་སུ་སྤྱོད་”ཅེས་པའི་མི་ཚེའི་ཕུགས་བསམ་རྒྱུད་ལ་བཅངས་ནས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་དར་རྒྱས་ཆེ་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་འབད་བརྩོན་བྱ་ཡུལ་གྱི་འདུན་པ་བྱེད་པ་དང་། མི་སྒེར་གྱི་ལེགས་གྲུབ་ཀྱི་འབྲས་བཟང་དེ་རང་རྟོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་གཡུ་མདོག་གི་ལྗོན་བཟང་སྟེང་དུ་སྨིན་པར་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱིས་རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱི་གདམ་ག་ལ་བརྩི་འཇོག་ཞུ་བཞིན་ཡོད་དེ། ཕྱིར་ལོག་ནས་ལས་ཀ་བྱེད་མཁན་ཡིན་ན་ཐོད་པ་གཏུགས་ནས་དགའ་བསུ་ཞུ་རྒྱུ་དང་། མངའ་ཁོངས་ཕྱི་རུ་སྡོད་མཁན་ཡིན་ན་ང་ཚོས་འཇུག་སྒོ་གང་ཅི་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྣམ་པ་ཚོས་སེམས་ལ་འཛིན་དགོས་པ་ནི། ཁྱོད་ཚོ་ཡུལ་གང་དུ་གནས་ཀྱང་ཚང་མ་ཀྲུང་ཧྭའི་བུ་ཕྲུག་གི་ཁོངས་མི་ཡིན་པ་དང་། མེས་རྒྱལ་དང་མི་དམངས་ཀྱིས་ནམ་ཡང་ཁྱོད་ཚོ་སེམས་ལ་འཛིན་ངེས་ཡིན་ལ། མེས་རྒྱལ་ནི་ནམ་ཡིན་རུང་ཁྱོད་ཚོའི་དྲོད་སྐྱིད་ལྡན་པའི་བསམ་པའི་ཁྱིམ་གཞིས་ཡིན།
གཉིས་པ། རྣམ་པ་ཚོས་སློབ་སྦྱོང་ལ་བརྩོན་འགྲུས་བྱ་རྒྱུའི་རེ་བ་ཡོད། སློབ་སྦྱོང་ནི་འཇིག་རྟེན་མི་ཆོས་སྐྱོང་བའི་རྟག་བརྟན་གྱི་བརྗོད་གཞི་ཡིན་ལ། རྒྱལ་ཁབ་དང་མི་དམངས་ཀྱི་དྲིན་གཟོ་བའི་གལ་ཆེའི་རྨང་གཞི་ཡང་ཡིན། ཕུགས་འདུན་ནི་སློབ་སྦྱོང་ནས་འགོ་རྩོམ་པ་དང་བྱ་གཞག་ནི་ལག་ལེན་ནས་འགོ་རྩོམ་པ་རེད། ད་ལྟའི་འཛམ་གླིང་དུ་ཤེས་བྱ་དང་ཆ་འཕྲིན་གསར་སྒྱུར་མགྱོགས་པོ་འགྲོ་བཞིན་ཡོད་པས། སློབ་སྦྱོང་ལ་རྣམ་གཡེང་ཕྲ་མོ་ཙམ་ཤོར་བ་ཡིན་ན་གཞན་གྱི་རྗེས་སུ་ལུས་ངེས། མིའི་ཟེར་སྒྲོས་ལ་མི་གཅིག་གི་འཇིག་རྟེན་ནི་ཟླུམ་གོར་ཅིག་དང་འདྲ་ལ། སློབ་སྦྱོང་ནི་དེའི་ཚངས་ཐིག་ཡིན་ཞིང་། ཚངས་ཐིག་ཇི་ཙམ་རིང་ན་རང་ལ་བདག་པའི་འཇིག་རྟེན་དེ་ཙམ་གྱིས་ཆེ་བ་རེད་ཟེར།
རེ་བར་རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱིས་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་བཅས་ཀྱི་ཐོག་ནས་རྒྱལ་སྤྱིའི་སྔོན་ཐོན་གྱི་ཤེས་བྱ་དང་ལག་རྩལ་དང་དོ་དམ་ཉམས་མྱོང་བཅས་ལ་དམིགས་ནས། ཁྲམ་ཤིང་རྒྱུས་ཐག་ལན་གསུམ་ཆད་པ་དང་། སྐྲ་ལོ་གདུང་བཏགས་དང་བརླ་ཐོག་སྙུང་གཙགས་པ་ལྟ་བུའི་སྡུག་རུས་དང་། རྩིགས་པར་ཨི་ཁུང་བརྟོལ་ནས་སྒྲོན་འོད་བསྟེན་པ་དང་མེ་འཁྱེར་སྒྲོན་མེ་དང་ཁ་བ་འོད་གསལ་ལྟ་བུའི་བརྩོན་འགྲུས་ཀྱིས་ཤེས་བྱའི་ཚངས་ཐིག་ཇེ་རིང་དུ་གཏོང་བ་དང་། ཡི་གེ་ཡོད་པའི་དཔེ་ཆ་ཀློག་པས་མི་ཚད་ཡི་གེ་མེད་པའི་དཔེ་ཆ་ཡང་ཀློག་པར་བརྟེན་ནས། ཀུན་སྤྱོད་དང་གཤིས་རྒྱུད་སྦྱོང་བ་དང་། དོན་དམ་པའི་ཤེས་བྱ་ཡོན་ཏན་རྟོགས་པ། ཧྲག་ཐག་ཆོད་ཀྱི་ནུས་རྩལ་སྦྱོང་བ་བཅས་བྱེད་དགོས། སློབ་སྦྱོང་ཐོན་ཟིན་པའི་ཕྱིར་འགྲིམས་སློབ་མ་ཚོས་ཀྱང་མཐོང་རྒྱ་དང་ཤེས་རྒྱ་སྐྱེད་དགོས་པ་དང་། ཤེས་ཡོན་གསར་སྒྱུར་བྱ་རྒྱུ་མགྱོགས་སུ་གཏོང་བ་དང་། ཤེས་བྱའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པའི་ཐོག་ནས། ཧུར་བརྩོན་གྱིས་འགན་ལྕི་ཐེག་ཅིང་དོན་ཆེན་འགྲུབ་པའི་ཤེས་ལྡན་པར་འགྱུར་
བར་བྱེད་དགོས།
གསུམ་པ། རྣམ་པ་ཚོས་ངར་ཤུགས་ཆེན་པོས་གསར་གཏོད་དང་གསར་སྐྲུན་བྱ་རྒྱུའི་རེ་བ་ཡོད། གསར་གཏོད་ནི་མི་རིགས་དར་རྒྱས་ཡོང་བའི་བླ་སྲོག་ལྟ་བུ་ཡིན་པ་དང་། རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བའི་འཛད་མེད་ཀྱི་འབྱུང་རྩ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་ཟབ་ཅིང་རྒྱས་པའི་མི་རིགས་ཀྱི་བསྐོས་ཐང་ཡང་ཡིན། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནང་དུ་གསར་གཏོད་ཁོ་ནས་དར་རྒྱས་འབྱུང་བ་དང་། གསར་གཏོད་ཁོ་ནས་སྟོབས་ཤུགས་རྒྱས་ཤིང་། གསར་གཏོད་ཁོ་ནས་རྣམ་པར་རྒྱལ་ཐུབ་པ་རེད། ཕྱིར་འགྲིམས་སློབ་མ་ཚོ་ནི་མཐོང་རྒྱ་ཆེ་བས་གསར་གཏོད་ཀྱི་ལམ་སྣ་འདྲེན་འོས་པ་རེད། མེས་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་སྤེལ་བའི་རྒྱུད་རིམ་གྱིས་གསར་གཏོད་ལ་གཞོལ་བ་དང་ལས་དོན་ཆེན་པོ་སྒྲུབ་པའི་དོན་གཉེར་ཅན་ཀུན་ལ་རྒྱ་ཆེ་བའི་ལས་སྟེགས་འདོན་སྤྲོད་བྱས་ཡོད་པ་རེད།
རེ་བར་རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱིས་ཧུར་བརྩོན་གྱིས་གསར་གཏོད་གསར་སྐྲུན་གྱི་ལས་ལ་ཞུགས་ནས། གཞན་གྱི་སྔོན་ལ་ཐོན་ཕོད་པའི་རྙིང་སྟོབས་ལྡན་པ་དང་། བསླབ་བྱ་ཀུན་ནས་ལེན་པའི་སྡུག་རུས་ལྡན་པ། དར་སྲོལ་བཟང་པོའི་ལམ་སྣ་ཟིན་ཅིང་ལུགས་སྲོལ་བཟང་པོའི་སྲོལ་འབྱེད་པ་བཅས་ཀྱིས་ཐོད་བརྒལ་གང་ནུས་དང་། ཡར་རྒྱས་གང་ནུས། གྲུབ་འབྲས་གང་ལོན་བཅས་ཡོང་བར་བྱེད་དགོས། ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་དུ་གྲུབ་འབྲས་དང་ཐོབ་བྱ་གང་ཞིག་ལེན་བསམ་ན། གནད་འགག་ཆེ་ས་ནི་མེས་རྒྱལ་གྱི་ས་གཞི་ཆེན་པོར་གཞི་བཅའ་བ་དང་། མི་དམངས་ཀྱི་རེ་ལྟོས་སེམས་ལ་བཅངས་ནས། ཆེད་ལས་ཀྱི་དགེ་མཚན་དང་སྤྱི་ཚོགས་གོང་འཕེལ་བར་གྱི་སྦྲེལ་གནས་ཟིན་པར་བྱེད་པ་དང་། སྔོན་ཐོན་གྱི་ཤེས་བྱ་དང་རང་རྒྱལ་གྱི་དངོས་ཡོད་གནས་ཚུལ་བར་གྱི་སྤེལ་གནས་རྙེད་པར་བྱས་ཐོག མི་དོན་མཚུངས་པའི་སྒོ་ནས་གསར་གཏོད་གསར་སྐྲུན་ཐད་རྩ་བ་ཚུགས་ལ་མེ་ཏོག་བཞད་ནས་འབྲས་བུ་སྨིན་པར་བྱེད་དགོས། །
བཞི་པ། རྣམ་པ་ཚོས་ཕྱི་ཕྱོགས་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་གཏང་རྒྱུའི་རེ་བ་ཡོད། ཀྲུང་གོ་གོང་སྤེལ་གཏང་རྒྱུ་དེ་འཛམ་གླིང་དང་ཁ་འབྲལ་ཐབས་མེད་པ་དང་། འཛམ་གླིང་དར་རྒྱས་ཡོང་བར་ཡང་ཀྲུང་གོ་དགོས་མཁོ་ཆེ་བ་རེད། ང་ཚོས་སྔར་བས་སྒོ་འབྱེད་ཅན་གྱི་རྣམ་འགྱུར་བཟུང་ནས་འཛམ་གླིང་དང་འབྲེལ་འདྲིས་སྐུལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་དང་རྒྱུས་ལོན་མཛའ་མཐུན་ཡོང་རྒྱུ་གཏིང་ཇེ་ཟབ་ཏུ་གཏོང་དགོས། རྒྱ་ཆེའི་ཕྱི་འགྲིམས་སློབ་མ་རྣམས་ལ་རྒྱལ་ནང་དུ་འཚར་ལོངས་བྱུང་བའི་ལོ་རྒྱུས་ཡོད་ལ་མངའ་ཁོངས་ཕྱི་རུ་འཚོ་བ་བསྐྱལ་བའི་ལོ་རྒྱུས་ཀྱང་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་འབྲེལ་བ་རྒྱ་ཆེན་པོ་ཡོད་ལ་རིག་གནས་མི་གཅིག་པའི་བར་སྤེལ་རེས་བྱས་པའི་ཉམས་མྱོང་ཡང་ཡོད་པས། ཕྱི་རྒྱལ་བ་མང་པོས་ཁྱེད་ཚོ་བརྒྱུད་དེ་ཀྲུང་གོ་རྒྱུས་ལོན་དང་ཤེས་རྟོགས་བྱེད་པ་དང་། ཀྲུང་གོ་བ་མང་པོས་ཁྱེད་ཚོ་བརྒྱུད་ནས་འཛམ་གླིང་རྒྱུས་ལོན་དང་ཤེས་རྟོགས་བྱེད་ཀྱི་ཡོད་པ་རེད། །
རེ་བར་རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱིས་རང་ངོས་ཀྱི་དགེ་མཚན་སྒོ་ཀུན་ནས་འདོན་སྤེལ་བྱས་ཏེ། ནང་འགུགས་ཕྱིར་འབྲེལ་དང་འབྲེལ་ཟམ་ཤར་མར་འཛུགས་པའི་ཐོག་ནས་ཀྲུང་ཕྱིའི་བར་གྱི་མཛའ་མཐུན་སྤེལ་རེས་ཀྱི་དམངས་ཁྲོད་ཕོ་ཉ་ཡག་པོ་བྱེད་དགོས་པ་དང་། ཕྱི་རྒྱལ་མི་མང་གིས་ཐོས་ཐུབ་ཅིང་དོན་གོ་ལ་ཉན་སྤྲོ་བའི་ཐབས་ལམ་དང་བྱེད་སྟངས་མང་ཙམ་སྤྱད་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་དགོས་ཤིང་། ཀྲུང་གོའི་སྐད་སྒྲ་སྒྲོག་སྤེལ་ཡག་པོ་བྱས་ཐོག འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་མང་ཙམ་དང་རྒྱབ་སྐྱོར་མང་ཙམ་ཐོབ་པར་བྱེད་དགོས། །
ཡོ་རོབ་དང་ཨ་རི་སློབ་གྲོགས་ཚོགས་པ་ནི་ལོ་ངོ་100ཡི་གོང་རོལ་གྱི་མི་རིགས་ཉེན་ཁར་ཐུག་ཡོད་དུས་བཙུགས་པ་རེད་ལ། བཙུགས་མ་ཐག་པའི་དུས་ནས་རྒྱལ་གཅེས་ཀྱི་བསམ་བློ་ཉམས་སུ་བླངས་ཏེ། རང་ཁོངས་ཚོགས་མི་སྒྲིག་འཛུགས་ཀྱིས་དམངས་གཙོའི་ལས་འགུལ་དང་མི་རིགས་འཇིགས་སྐྱོབ་དང་མི་དམངས་བཅིངས་འགྲོལ་གྱི་ལས་དོན་ལ་ཞུགས་ཡོད་པས། སྐབས་དེའི་དམངས་གཙོ་དོན་དུ་གཉེར་ལ་ཚན་རིག་གོངདུ་བཀུར་བའི་རྒྱལ་གཅེས་ཚོགས་པ་ཆགས་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཡོ་རོབ་དང་ཨ་རི་སློབ་གྲོགས་ཚོགས་པས་ཧུར་བརྩོན་གྱིས་མངའ་ཁོངས་ཕྱིའི་མཁས་པ་ཕྱིར་ལོག་རྒྱུར་སྐུལ་སློང་བྱས་ཏེ། ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་གི་ཡར་ཐོན་ཚོགས་པ་ཆགས་ཡོད་པ་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། ཡོ་རོབ་དང་ཨ་རི་སློབ་གྲོགས་ཚོགས་པས་ “ རྒྱལ་ཁབ་ཀྱི་དྲིན་གཟོའི་འཆར་གཞི་” ལག་བསྟར་ཧུར་ཐག་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་མང་ཚོགས་ཚོགས་པ་ཆགས་ཡོད་པ་རེད། 2003ལོར། ཀྲུང་དབྱང་གིས་ཆོག་མཆན་སྤྲད་པ་བརྒྱུད་དེ་ཡོ་རོབ་དང་ཨ་རི་སློབ་གྲོགས་ཚོགས་པར “ཀྲུང་གོའི་ཕྱིར་འགྲིམས་སློབ་མའི་མཛའ་མཐུན་ཚོགས་པ” ཞེས་པའི་ཚོགས་མིང་བཏགས། ལས་ཀའི་ཁྱབ་ཁོངས་རྒྱལ་ཡོངས་སུ་རྒྱ་སྐྱེད་བྱུང་བ་དང་། ལས་ཀ་བྱ་ཡུལ་གོ་ལ་ཧྲིལ་པོར་ཁྱབ་ནས། ཤུགས་རྐྱེན་སྔར་ལས་ཆེ་བའི་མི་དམངས་ཚོགས་པ་ཆགས་ཡོད་པ་རེད།
གནས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ། ཡོ་རོབ་དང་ཨ་རི་སློབ་གྲོགས་་ཚོགས་པ·ཀྲུང་གོའི་ཕྱིར་འགྲིམས་སློབ་མའི་མཛའ་མཐུན་ཚོགས་པས་མང་ཚོགས་ཀྱི་རང་བཞིན་དང་མཁས་པའི་རང་བཞིན། འཐབ་ཕྱོགས་གཅིག་གྱུར་གྱི་རང་བཞིན་བཅས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱལ་ནང་ལ་གཞི་བཅའ་བ་དང་མངའ་ཁོངས་ཕྱི་ལ་རྒྱ་བསྐྱེད་དེ་འབད་བརྩོན་གྱིས་བྱེས་སུ་སློབ་སྦྱོང་ལ་འགྲིམས་ནས་རྒྱལ་ཁབ་ཀྱི་དྲིན་གཟོ་བའི་ཤེས་ལྡན་པའི་གཏེར་མཛོད་དང་། ཐབས་འདོན་ཇུས་འབུལ་གྱི་རིག་པའི་བང་མཛོད། དམངས་ཁྲོད་ཕྱི་འབྲེལ་སྤེལ་བའི་གསར་སྐྱེས་དམག་དཔུང་བཅས་སུ་འགྱུར་བར་བྱེད་དགོས་པ་དང་། ཏང་གིས་རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ལ་འབྲེལ་འདྲིས་བྱེད་པའི་འབྲེལ་ཟམ་དང་། ཏང་དང་སྲིད་གཞུང་གིས་ཕྱིར་འགྲིམས་སློབ་མའི་ལས་ཀ་ཡག་པོར་སྒྲུབ་པའི་རམ་འདེགས་པ། རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱི་ཁྱིམ་གཞིས་བཅས་ཆགས་པར་བྱས་ཏེ། རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཏང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱེད་དགོས། རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱི་ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ལ་སེམས་འཁུར་བྱེད་པ་དང་། འདོད་དོན་ལ་ཨ་ལན་སྤྲོད་པ། ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་ཡིད་སེམས་འགུགས་ནུས་དང་གཅིག་སྒྲིལ་བྱེད་ནུས་ཆེ་རུ་གཏོང་དགོས།
“མཁས་པར་བཀུར་བ་སྲིད་ཀྱི་རྩ་བ་ཡིན་” ཟེར་བ་ལྟར། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཏང་དང་རྒྱལ་ཁབ་ཀྱི་རྒྱ་ཆེའི་ཕྱིར་འགྲིམས་སློབ་མའི་ལས་ཀའི་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། གཞི་ཁྱོན་སྔར་ལས་ཆེ་བ་དང་ཕན་ནུས་སྔར་ལས་ཆེ་བའི་སྒོ་ནས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མཁོ་གལ་ཆེ་བའི་རིམ་པ་ཁག་དང་རིགས་ཁག་གི་ཤེས་ལྡན་པ་སྐྱེད་བསྲིང་བྱེད་དགོས། ཁོར་ཡུག་བཟང་ན་མཁས་པ་འདུ་ཞིང་བྱ་གཞག་དར་བ་དང་། ཁོར་ཡུག་སྡུག་ན་མཁས་པ་ཐོར་ཞིང་བྱ་གཞག་ཉམས་པས། ལས་ཀའི་ལམ་སྲོལ་འཐུས་ཚང་བཟོ་བ་དང་། ཞབས་ཞུའི་འདུ་ཤེས་ཆེ་རུ་གཏོང་བ། སློབ་གསོ་དང་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ཀྱི་ལས་སྟེགས་གསར་པ་སྐྲུན་པ་བཅས་དང་། ཤེས་ལྡན་པ་འཚོལ་ཤེས་དང་ཤེས་ལྡན་པར་མཐུན་སྒྲིལ་བྱེད་མཁས་པོ་བྱས་ཐོག ཕྱིར་འགྲིམས་སློབ་མ་རྣམས་ཕྱིར་ལོག་ནས་ལས་ཀ་གཉེར་བ་དང་། རྒྱལ་ཁབ་ལ་ཞབས་ཞུ་སྒྲུབ་པར་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པ་དང་། ཕུལ་དུ་བྱུང་བའི་ཤེས་ལྡན་པ་ཆར་རྗེས་ཀྱི་མྱུ་གུ་ལྟར་འཕེལ་དུ་འཇུག་དགོས། ཡོ་རོབ་དང་ཨ་རི་སློབ་གྲོགས་ཚོགས་པ་ · ཀྲུང་གོའི་ཕྱིར་འགྲིམས་སློབ་མའི་མཛའ་མཐུན་ཚོགས་པའི་ལས་ཀ་ལ་སེམས་འཁུར་དང་རྒྱབ་སྐྱོར་བྱས་ཏེ། རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་སྒྲིག་གཞི་འཐུས་ཚང་བཟོ་བ། ལས་ཀའི་སྟོབས་ཤུགས་ཆེས་ཆེར་བཀོད་སྒྲིག་བྱས་ནས་ཁོང་ཚོས་ལས་སྒོ་སྤེལ་བར་མཐུན་རྐྱེན་བཟང་པོ་སྦྱོར་དགོས།
གོང་འཕེལ་འབྱུང་བཞིན་པའི་ཀྲུང་གོ་ལ་སྔར་ལས་མང་བའི་མངའ་ཁོངས་ཕྱིའི་ཤེས་ལྡན་པ་དགོས་མཁོ་ཆེ་བ་དང་། སྒོ་མོ་ཕྱེ་བའི་ཀྲུང་གོས་འཛམ་གླིང་ས་གནས་ཁག་གི་མཁས་པར་དགའ་བསུ་ཞུ་རྒྱུ་ཡིན། རྒྱ་ཆེའི་ཕྱིར་འགྲིམས་སློབ་མ་རྣམས་ཀྱིས “ སྟོང་བཤད་རྒྱལ་ཕུང་། དངོས་སྒྲུབ་རྒྱལ་ཁབ” ཅེས་པ་མི་བརྗེད་སེམས་ལ་བཟུང་ནས། མི་དམངས་དང་བློ་ཁ་མཐུན་ཞིང་མི་དམངས་དང་མཉམ་དུ་འབད་བརྩོན་བྱས་པ་ཡིན་ཕྱིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་ངོ་མཚར་ཆེ་བའི་ལེའུ་རྩོམ་ཐུབ་ངེས་ཡིན་པར་ང་ཚོ་ཡིད་ཆེས་ཀྱིས་ཁེངས་ཡོད། །