
༄༅། །ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་མངོན་འགྱུར་བྱེད་པ་ནི་མངའ་ཁོངས་ཕྱི་ནང་ཀུན་གྱི་ཀྲུང་ཧྭའི་བུ་ཕྲུག་ཚོའི་ཐུན་མོང་གི་ཕུགས་འདུན་ཡིན།
(2014ལོའི་ཟླ་6ཚེས་6ཉིན།)
མཐུན་སྒྲིལ་གཅིག་གྱུར་གྱི་ཀྲུང་ཧྭ་མི་རིགས་ནི་མངའ་ཁོངས་ཕྱི་ནང་ཀུན་གྱི་ཀྲུང་ཧྭའི་བུ་ཕྲུག་ཚོའི་ཐུན་མོང་གི་རྩ་བ་ཡིན་པ་དང་། ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་རིག་གནས་ནི་མངའ་ཁོངས་ཕྱི་ནང་ཀུན་གྱི་ཀྲུང་ཧྭའི་བུ་ཕྲུག་ཚོའི་ཐུན་མོང་གི་བླ་སྲོག་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་ནི་མངའ་ཁོངས་ཕྱི་ནང་ཀུན་གྱི་ཀྲུང་ཧྭའི་བུ་ཕྲུག་ཚོའི་ཐུན་མོང་གི་ཕུགས་འདུན་ཡིན། ཐུན་མོང་གི་རྩ་བ་དེས་ང་རང་ཚོ་ཕན་ཚུན་མཛའ་ཞིང་བརྩེ་བ་དང་། ཐུན་མོང་གི་བླ་སྲོག་དེས་ང་རང་ཚོ་ཕན་ཚུན་ཡིད་སེམས་གཏོད་པ། ཐུན་མོང་གི་ཕུགས་འདུན་དེས་ང་རང་ཚོ་ཕན་ཚུན་བློ་གཅིག་སེམས་གཅིག་ཡོང་བས། ང་ཚོས་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་དར་རྒྱས་ཡོང་བའི་དུས་རབས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
ཕ་ཡུལ་གྱི་སྤུན་ཟླ་ཐུག་ན་མིག་ཆུ་ཤོར་ཟེར་བ་ལྟར། ཁྱེད་རང་ཚོ་དང་མཇལ་བར་དགའ་སྤྲོ་ཆེན་པོ་བྱུང་། ངས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། འཛམ་གླིང་གི་ཕྱིར་སྡོད་ཀྲུང་གོ་བའི་མཛའ་མཐུན་ཚོགས་ཆེན་སྐབས་བདུན་པ་སྐོང་འཚོགས་བྱས་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཚོགས་ཆེན་ལ་ཞུགས་པའི་ཕྱིར་སྡོད་ཀྲུང་གོ་བ་ལྷན་རྒྱས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ། འཛམ་གླིང་ས་གནས་ཁག་གི་རྒྱལ་ཕྱིའི་ཀྲུང་གོ་བ་དང་ཕྱིར་སྡོད་ཀྲུང་གོ་བར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུ་རྒྱུ་ཡིན། །
འཛམ་གླིང་ས་གནས་ཁག་ཏུ་མངའ་ཁོངས་ཕྱིའི་ཕྱིར་སྡོད་ཀྲུང་གོ་བ་བྱེ་བ་འགའ་ཡོད་པ་དང་། ཁོང་ཚོ་ཚང་མ་ཀྲུང་ཧྭའི་ཁྱིམ་གཞིས་ཆེན་པོའི་ཁོངས་མི་རེད། དུས་ཡུན་རིང་པོའི་ནང་དུ། མངའ་ཁོངས་ཕྱིའི་ཕྱིར་སྡོད་ཀྲུང་གོ་བས་མི་རབས་ནས་མི་རབས་སུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་བསྐྱངས་ནས། མེས་རྒྱལ་མི་བརྗེད་པ་དང་། ཕ་ཡུལ་མི་བརྗེད་པ། རང་ཉིད་ཀྱི་ལུས་ཁམས་སུ་རྒྱུ་བའི་ཀྲུང་ཧྭའི་ཁག་རྒྱུན་མི་བརྗེད་པར། སྤྲོ་བ་ཆེན་པོས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་གསུམ་གྱི་བྱ་གཞག་ལ་རྒྱབ་སྐྱོར་ཞུས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་དར་རྒྱས་གོང་འཕེལ་ཡོང་རྒྱུ་དང་། མེས་རྒྱས་ཞི་བས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏང་རྒྱུ། ཀྲུང་གོའི་མི་དམངས་དང་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མཛའ་མཐུན་མཉམ་ལས་ལ་སྐུལ་སྤེལ་གཏང་རྒྱུ་བཅས་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད། མེས་རྒྱལ་མི་དམངས་ཀྱིས་དུས་ནམ་ཡང་རྒྱ་ཆེའི་ཕྱིར་སྡོད་རང་མི་སྤུན་ཟླ་ཚོའི་མཛད་རྗེས་མི་བརྗེད་སེམས་ལ་འཛིན་ངེས་རེད། །
མིག་སྔར། ཀྲུང་གོའི་མི་དམངས་ཀྱིས “ལོ་བརྒྱ་གཉིས” ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་འབད་འཐབ་བྱེད་བཞིན་ཡོད། རླབས་ཆེ་བའི་བརྒྱུད་རིམ་འདིའི་ནང་དུ། ཕྱིར་སྡོད་སྤུན་ཟླ་ཚོས་གཞན་པས་ཚབ་བྱེད་ཐབས་མེད་པའི་ནུས་པ་གལ་ཆེན་འདོན་ཐུབ་ངེས་རེད། ཀྲུང་གོའི་ཕུགས་འདུན་ནི་རྒྱལ་ཁབ་ཀྱི་ཕུགས་འདུན་དང་མི་རིགས་ཀྱི་ཕུགས་འདུན་རེད་ལ། ཀྲུང་ཧྭའི་བུ་ཕྲུག་ཚང་མའི་ཕུགས་འདུན་ཡང་རེད། ཕྱིར་སྡོད་སྤུན་ཟླ་ཚོར་ལྷག་བསམ་རྣམ་དག་གི་རྒྱལ་གཅེས་དུངས་སེམས་དང་། ཕོན་ཆེ་བའི་དཔལ་འབྱོར་གྱི་སྟོབས་ཤུགས། ཕུན་སུམ་ཚོགས་པའི་བློ་རིག་གི་ཐོན་ཁུངས། ཁྱབ་ཆེ་བའི་ཚོང་ལས་ཀྱི་འབྲེལ་བ་བཅས་ཡོད་པས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་སྟོབས་ཤུགས་གལ་ཆེན་ཡིན། དེ་ཡང་མངའ་ཁོངས་ཕྱི་ནང་ཀུན་གྱི་ཀྲུང་གོ་བ་རྣམས་མཐུན་སྒྲིལ་དམ་པོ་བྱས་ནས་གང་འཇོན་དེ་འདོན་དང་མཐུན་སྒྲིལ་འབད་འཐབ་བྱས་པ་ཡིན་ཕྱིན། ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་ཐུབ་ངེས་རེད། །
ཀྲུང་ཧྭའི་ཤེས་དཔལ་ལ་ལོ་ངོ་5000ལྷག་གི་དར་རྒྱུན་རིང་བའི་ལོ་རྒྱུས་ལྡན་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཉིད་ཞུམ་མེད་སྙིང་སྟོབས་བསྐྱེད་དེ་དར་རྒྱས་གོང་འཕེལ་བྱུང་བའི་བསམ་པའི་སྟོབས་ཤུགས་ཡིན། ང་ཚོའི་སྤུན་ཟླ་རྣམས་ཡུལ་གང་དུ་འཚོ་ཡང་ལུས་སྟེང་དུ་ཀྲུང་ཧྭའི་རིག་གནས་ཀྱི་རྟགས་མཚན་གསལ་པོ་ཡོད་པ་དང་། ཀྲུང་ཧྭའི་རིག་གནས་ནི་ཀྲུང་ཧྭའི་བུ་ཕྲུག་ཚོའི་ཐུན་མོང་གི་བསམ་པའི་གཞི་རྐྱེན་ཡིན། དེ་ལ་རྣམ་པ་ཚོས་མུ་མཐུད་དུ་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏང་རྒྱུ་དང་། སོ་སོ་རང་གིས་དེའི་ནང་ནས་བསམ་པའི་སྟོབས་ཤུགས་བླང་རྒྱུ་མ་ཟད། ད་དུང་ཀྲུང་ཕྱིའི་ཤེས་དཔལ་ཕན་ཚུན་སྤེལ་རེས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པ་
དང་། ཀྲུང་གོའི་སྐད་སྒྲ་ཡག་པོར་སྒྲོག་པ། ཀྲུང་ཕྱིའི་མི་མང་ཕན་ཚུན་དབར་རྒྱུས་ལོན་དང་བསམ་ཤེས་བྱ་རྒྱུར་སྐུལ་འདེད་བཏང་ཐོག ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཁོར་ཡུག་ཡག་པོ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད།
ཀྲུང་གོའི་ཕུགས་འདུན་ནི་ཀྲུང་གོའི་མི་དམངས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་ཕུགས་འདུན་ཡིན་ལ། དེ་ཉིད་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་དོན་གཉེར་བྱེད་པའི་ཕུགས་འདུན་དང་ཡང་གཞི་མཐུན་རེད། རྒྱལ་ཁབ་དང་མི་རིགས་ལེགས་པོ་བྱུང་ན་མི་ཚང་མ་ཡང་ཡག་པོ་ཡོང་གི་རེད། འཛམ་གླིང་ལེགས་པོ་བྱུང་ན་ད་གཟོད་ཀྲུང་གོ་ཡང་ཡག་པོ་ཡོང་གི་རེད། ཀྲུང་གོས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་ཀྱི་ཡིན་པས། འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བའི་དྲང་ནུས་ཡིན། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་རྣམས་ཀྱིས་རང་ངོས་ཀྱི་དགེ་མཚན་དང་མཐུན་རྐྱེན་འདོན་སྤེལ་བྱས་ཏེ། རང་ཉིད་སྡོད་སའི་རྒྱལ་ཁབ་དང་ཀྲུང་གོ་གཉིས་ཁྱབ་ཁོངས་སྣ་ཚོགས་སུ་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་འབྲེལ་ཟམ་ཧུར་ཐག་གིས་སྐྲུན་དགོས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ས་གནས་དེ་གའི་སྤྱི་ཚོགས་ལ་འདྲེས་པ་དང་དྲིན་གཟོ་དགོས་ཤིང་། འཛམ་གླིང་ཞི་བདེ་དང་གོང་འཕེལ་ཡོང་བར་ཟམ་མི་ཆད་པར་ལེགས་སྐྱེས་གསར་པ་འབུལ་དགོས།