ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་བཅུ་གསུམ་པ།༽《ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》 གྱི་གསལ་བཤད།

ཁུངས། ཀློག་གྲངས།

༄༅།།《ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན་》 གྱི་གསལ་བཤད།

(2013ལོའི་ཟླ་11ཚེས་9ཉིན།)

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངག་བཅོལ་ལྟར། ད་ལྟ་ངས《ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཞུ་རྒྱུ་ཡིན།

གཅིག ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་གྱི་མ་ཟིན་བཀོད་པའི་བརྒྱུད་རིམ་སྐོར།

བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐབས་རེ་རེས་གྲོས་གཞི་ཅི་ཞིག་ལ་གྲོས་བསྡུར་བྱེད་པ་དང་། ཆོད་དོན་ཅི་ཞིག་འཇོག་པ། བྱེད་ཐབས་ཅི་ཞིག་སྤྱོད་པ། བརྡ་རྟགས་ཅི་ཞིག་སྟོན་པ་བཅས་ནི། མི་རྣམས་ཀྱིས་སྐབས་གསར་པ་དེའི་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་སྲིད་སྐྱོང་བྱེད་ཕྱོགས་དང་ལས་ཀའི་གཙོ་གནད་གང་ཡིན་ལ་བརྡར་ཤ་གཅོད་པའི་གཞི་འཛིན་ས་གཙོ་བོར་གྱུར་ཡོད་པ་དང་། དེ་ནི་མ་འོངས་པའི་ལོ་5དང་ཐ་ན་ལོ་10རིང་གི་བྱ་བ་ལེགས་འགྲུབ་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ཀྲུང་དབྱང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་ལ་བསམ་བློ་བཏང་བ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་རྒྱུའི་དམིགས་འབེན་གཅིག་གྱུར་གྱིས་བཏོན་པ་དང་། ངེས་པར་དུ་ཆབ་སྲིད་ཀྱི་སྙིང་སྟོབས་དང་བློ་གྲོས་སྔར་ལས་ཆེ་བར་བརྟེན་ནས་གོ་སྐབས་མ་ཤོར་བར་གནད་ཆེའི་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་བཀག་འགོག་བྱེད་པའི་བསམ་བློའི་འདུ་ཤེས་དང་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་ཡོད་ཚད་བློ་ཐག་རྦད་ཆོད་ཀྱིས་གཙང་སེལ་བྱས་ནས། ཆ་ལག་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པ། འཁོར་སྐྱོད་ནུས་ལྡན་ཡོང་བ་བཅས་ཀྱི་ལམ་ལུགས་ཀྱི་མ་ལག་ཆགས་པར་བྱས་ཏེ། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་སྔར་བས་གནད་སྨིན་དང་སྔར་བས་གཏན་འཁེལ་ཡོང་བར་བྱེད་དགོས་ཚུལ་ནན་བཤད་བྱས་ཡོད། ང་ཚོའི་འདོད་ཚུལ་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་དམིགས་འབེན་དང་ལས་ཀའི་བཀོད་སྒྲིག་ཁག་ཚང་མ་མངོན་འགྱུར་བྱེད་དགོས་ན། ངེས་པར་དུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱེད་དགོས།

ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གཙོ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་སྟེང་དུ་སྤོ་རྒྱུ་དང་། བསྒྱུར་བཅོས་སྒོ་འབྱེད་བྱ་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་པ་ནས་བཟུང་སྟེ་ད་ལྟའི་བར་ལོ་ངོ35འདས་ཟིན། ཀྲུང་གོའི་མི་དམངས་ཀྱི་རྣམ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་རྣམ་པ། ཀྲུང་གོའི་གུང་ཁྲན་ཏང་གི་རྣམ་པ་བཅས་ལ་འདི་ལྟ་བུའི་འཕོ་འགྱུར་གཏིང་ཟབ་བྱུང་བ་དང་། རང་རྒྱལ་ལ་རྒྱལ་སྤྱིའི་ཐོག་ཏུ་གཞན་དྲིང་མི་འཇོག་པའི་གོ་གནས་གལ་ཆེན་ཐོབ་པའི་རྒྱུ་མཚན་ནི། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་བྱས་པ་ལ་བརྟེན་པས་རེད།

1992ལོར། བློ་མཐུན་ཏེང་ཞའོ་ཕིན་གྱིས་ལྷོ་སྐོར་གསུང་བཤད་དུ། "སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་མ་བྱས་པ་དང་། བསྒྱུར་བཅོས་སྒོ་འབྱེད་མི་བྱེད་པ། དཔལ་འབྱོར་འཕེལ་རྒྱས་མི་གཏོང་བ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་མ་བཏང་ན་འཆི་ལམ་དུ་འགྲོ་རྒྱུ་རེད་" ཅེས་གསུངས་མྱོང་ཡོད། ཕྱིར་མིག་བལྟས་ཚེ། ང་ཚོའི་བློ་མཐུན་ཏེང་ཞའོ་ཕིན་གྱི་བཀའ་མོལ་འདི་ལ་གོ་བ་སྔར་ལས་གཏིང་ཟབ་ལོན་རྒྱུ་ཡོད་པ་རེད། དེར་བརྟེན། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་པ་དང་། བསྒྱུར་བཅོས་སྒོ་འབྱེད་ཁོ་ནས་མ་གཏོགས་ཀྲུང་གོ་དང་སྤྱི་ཚོགས་རིང་ལུགས་དང་མར་ཁེ་སིའི་རིང་ལུགས་བཅས་གོང་སྤེལ་གཏོང་མི་ཐུབ་པ་ང་ཚོས་བཤད་པ་ཡིན།

ཏག་ཏག་ལོ་རྒྱུས་ཀྱི་ཉམས་མྱོང་དང་དགོས་མཁོ་དངོས་ཀྱི་མཐོ་ཚད་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་གིས་བསྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྱི་ཀྲུང་གོའི་ལས་དབང་ལ་ཐུག་པའི་གནད་འགག་གི་ཐབས་ཤེས་ཤིག་ཡིན་པ་དང་། "ལོ་བརྒྱ་གཉིས་"ཀྱི་འབད་འཐབ་དམིགས་འབེན་མངོན་གྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་གྱུར་བྱེད་ཐུབ་མིན་ལ་ཐུག་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་པ། ལག་ལེན་གྱི་གོང་འཕེལ་ལ་འཛད་མཐའ་མེད་པ་དང་། བསམ་བློ་བཅིངས་འགྲོལ་གཏོང་རྒྱུར་རྫོགས་མཐའ་མེད་ལ། བསྒྱུར་བཅོས་སྒོ་འབྱེད་བྱེད་རྒྱུར་རྫོགས་མཐའ་མེད་པ། མཚམས་འཇོག་པ་དང་ཕྱིར་སྣུར་བྱས་ན་ཐར་ལམ་མེད་པ། བསྒྱུར་བཅོས་སྒོ་འབྱེད་ལ་དུས་ད་ལྟ་བ་ལས་འདས་པ་མེད་པ་བཅས་ནན་བཤད་ཡང་ཡང་བྱས་ཡོད། གནས་བབ་གསར་པ་དང་ལས་འགན་གསར་པར་ཁ་ཕྱོགས་ཏེ། ང་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱས་ནས། རང་རྒྱལ་གྱི་གོང་འཕེལ་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་རབ་དང་རིམ་པ་ཤུགས་ཆེན་པོས་ཐག་གཅོད་ཧུར་ཐག་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རང་ངོས་ནས་འཐུས་ཚང་དང་འཕེལ་རྒྱས་ཡོང་བར་རྒྱུན་མི་ཆད་པར་སྐུལ་འདེད་གཏོང་དགོས།

དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་འགྱུར་ལྡོག་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པ་འབྱུང་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་མངོན་གསལ་དོད་པའི་འགལ་བ་དང་འགྲན་སློང་རབ་དང་རིམ་པ་འཕྲད་བཞིན་ཡོད་ལ། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་གནས་ཡོད། དཔེར་ན། གོང་འཕེལ་ཁྲོད་ཀྱི་དོ་མཉམ་མེད་པ་དང་། མཐུན་འབྱོར་མིན་པ། རྒྱུན་མཐུད་མེད་པ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པ་དང་། ཚན་རྩལ་གསར་སྐྲུན་བྱེད་ནུས་མི་ཆེ་བ། ཐོན་ལས་ཀྱི་གྲུབ་ཚུལ་ལུགས་མཐུན་མིན་པ། གོང་སྤེལ་གཏོང་སྟངས་སྔར་བཞིན་རགས་གཉེར་ཅན་ཡིན་པ། གྲོང་ཁྱེར་དང་གྲོང་གསེབ་བར་དང་ས་ཁོངས་དང་ས་ཁོངས་བར་གྱི་གོང་འཕེལ་གྱི་ཧེ་བག་དང་གྲོང་མིའི་ཡོང་འབབ་བགོ་བཤའི་ཧེ་བག་སྔར་བཞིན་ཅུང་ཆེ་བ། སྤྱི་ཚོགས་ཀྱི་འགལ་བ་མངོན་གསལ་ཆེན་པོས་ཇེ་མང་དུ་འགྲོ་བ། སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། སྐྱེ་ཁམས་ཁོར་ཡུག བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། ཐོན་སྐྱེད་ཀྱི་བདེ་འཇགས། སྤྱི་ཚོགས་བདེ་སྐྱོང་། ཁྲིམས་བསྟར་ཁྲིམས་འཛིན་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཅུང་མང་བ། མང་ཚོགས་ཁག་ཅིག་གི་འཚོ་བར་དཀའ་ངལ་ཡོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་ཀྱི་སྤྱོད་ངན་བཅས་ཀྱི་གནད་དོན་ཚབས་ཆེ་བ། ཁྱབ་ཁོངས་ཁ་ཤས་སུ་ངན་རེངས་རུལ་སུངས་ཀྱི་སྣང་ཚུལ་འབྱུང་སླ་ཞིང་འབྱུང་མང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་ཆེ་བ་སོགས་རེད། གནད་དོན་འདི་དག་ཐག་གཅོད་བྱེད་པའི་གནད་འགག་ནི་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དེ་རེད།

ད་ལོའི་ཟླ4པར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་བསམ་བློ་ཞིབ་མོ་བཏང་ཞིང་ཞིབ་འཇུག་ཟབ་མོ་བྱས་པ་དང་། ཏང་ཕྱི་ནང་གི་ཕྱོགས་གང་ཅིའི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་ནས། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་དང་ཆོད་དོན་འཇོག་རྒྱུ་ཐག་བཅད་པ་ཡིན།

ཟླ་4པའི་ཚེས་20ཉིན། ཀྲུང་དབྱང་གིས《ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གནད་དོན་ལ་ཞིབ་འཇུག་བྱེད་པར་བསམ་འཆར་བསྡུ་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སྤེལ་བ་ཡིན། ས་གནས་ཁག་དང་སྡེ་ཚན་ཁག་གི་དེའི་སྐོར་གྱི་གཅིག་མཐུན་གྱི་འདོད་ཚུལ་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གནད་དོན་སྐོར་གཙོ་གནད་དུ་ཞིབ་འཇུག་བྱེད་པ་དེ་ནི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་འདོད་ཚུལ་དང་མཐུན་པ་ཞིག་ཡིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་དོ་འཁུར་བྱེད་ཆེ་ཤོས་ཀྱི་གནད་དོན་ལ་བཟུང་ཡོད་པས། ཡོངས་ཁྱབ་ཏུ་རྗེས་སུ་ཡི་རང་ཐོབ་ཡོད། །

བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཐེངས་ཚང་མའི་ཐོག་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གནད་དོན་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཡོད། ཚང་མས་བརྡ་རྟགས་གལ་ཆེན་ཞིག་བཏང་ཡོད་པ་ནི། ང་ཚོའི་ཏང་གིས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚུན་ཆད་ཀྱི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། མཐར་གཏུགས་ནས་བཤད་ན། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏུ་དར་ཆ་ཅི་ཞིག་སྒྲེང་བ་དང་། བགྲོད་ལམ་གང་ཞིག་ལ་སྐྱོད་པའི་གནད་དོན་ལ་ལན་འདེབས་རྒྱུ་དེ་རེད། །

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དེ་གྲོས་གཞི་གཙོ་བོ་བྱས་པ་ནི། ང་ཚོའི་ཏང་གིས་ཏེང་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བྱེད་པ་དང་། གནས་བབ་གསར་པའི་འོག་ཏུ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་དང་། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་བླང་བྱ་བཅས་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བ་བཅས་ཀྱི་གསལ་བསྒྲགས་གལ་ཆེན་དང་མཚོན་ཚུལ་གལ་ཆེན་ཞིག་ཡིན། །

གྲོས་གཞི་གཏན་འཁེལ་བྱུང་རྗེས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཡིག་ཆའི་མ་ཟིན་འགོད་པའི་ཚོ་ཆུང་འཛུགས་རྒྱུ་ཐག་གཅོད་བྱས་པ་དང་། ངས་ཚོ་ཆུང་གི་འགོ་འཛིན་དང་། བློ་མཐུན་ལིའུ་ཡུན་ཧྲན་དང་ཀྲང་ཀའོ་ལི་ཡིས་ཚོ་ཆུང་གི་འགོ་འཛིན་གཞོན་པའི་འགན་ཁུར་ཞིང་། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་གི་འགོ་ཁྲིད་བློ་མཐུན་བཅས་ཚོ་ཆུང་དེར་ཞུགས་ཡོད་ལ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་འོག  ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་གྱི་མ་ཟིན་འབྲི་བའི་བྱ་བ་བསྒྲུབས་པ་ཡིན། 

ཡིག་ཆའི་མ་ཟིན་འགོད་པའི་ཚོ་ཆུང་བཙུགས་པ་ནས་བཟུང་། དུས་ཡུན་ཟླ་7ལ་ཉེ་བའི་ནང་དུ།  བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་དང་། ཆེད་དོན་རིགས་སྒྲུབ། བརྟག་དཔྱད་ཞིབ་འཇུག་བཅས་བྱས་ཤིང་། གྲོས་སྡུར་དང་བཟོ་བཅོས་ཡང་ཡང་བརྒྱབ་པ་ཡིན། དེའི་རིང་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་3དང་། ཀྲུང་དབྱང་ཆབ་སྲིད་ཅུས་གྲོས་ཚོགས་ཐེངས་2ཀྱིས་སོ་སོར་ཆོད་དོན་ལ་གྲོས་ཞིབ་བྱས་ལ། ཆོད་དོན་གྱི་བསམ་འཆར་བསྡུ་ལེན་མ་ཟིན་དེ་ད་དུང་ཏང་ནང་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་དུ་བཀྲམ་ནས་བསམ་འཆར་བསྡུ་ལེན་དང་། ཏང་ནང་གི་བློ་མཐུན་རྒན་པ་ཚོའི་བསམ་འཆར་བསྡུ་ལེན། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་འཁུར་མི་སྣ། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ཀྱི་བསམ་འཆར་ཆེད་དུ་ཉན་པ་ཡིན། ། 

ཕྱིར་ལན་བྱུང་བའི་གནས་ཚུལ་ལ་བལྟས་ན། ཕྱོགས་གང་ཅིའི་གཅིག་མཐུན་གྱི་འདོད་ཚུལ་ནི། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་དུ་རང་རྒྱལ་གྱི་བསྒྱུར་བཅོས་གོང་འཕེལ་བརྟན་ལྷིང་གསུམ་གྱི་མདུན་དུ་ལྷགས་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་དོན་སྙིང་གལ་ཆེན་དང་མ་འོངས་པའི་ཁ་ཕྱོགས་གསལ་སྟོན་བྱས་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སློབ་སྟོན་བསམ་བློ་དང་། དམིགས་འབེན་ལས་འགན། རྩ་དོན་གལ་ཆེན་བཅས་བཏོན་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཇུས་འགོད་གསར་པ་དང་། ཕུགས་འདུན་གསར་པ། དམིགས་འབེན་གསར་པ་བཅས་བཏོན་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་བསམ་བློ་གསར་པ་དང་། སྡོམ་ཚིག་གསར་པ། བྱེད་སྟངས་གསར་པ་བཅས་གཅིག་བསྡུས་བྱས་པ། སྤྱི་ཚོགས་ཀྱི་འབོད་སྒྲ་དང་། སྤྱི་ཚོགས་ཀྱི་འདོད་དོན། སྤྱི་ཚོགས་ཀྱི་རེ་སྨོན་བཅས་མཚོན་པ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་གྱི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་དང་བྱ་སྤྱོད་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ་བཅས་རེད། 

ཕྱོགས་གང་ཅིའི་གཅིག་མཐུན་གྱི་འདོད་ཚུལ་ནི། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་གཙོ་གནད་དང་། དམིགས་བསལ་གྱི་གོ་རིམ། གཙོ་རྒོལ་ཁ་ཕྱོགས། ལས་ཀའི་ལམ་སྲོལ། སྐུལ་འདེད་བྱེད་སྟངས། དུས་ཚོད་ཀྱི་རེའུ་མིག ལམ་ཐིག་གི་དཔེ་རིས་བཅས་བཀོད་སྒྲིག་ལུགས་མཐུན་བྱས་ཡོད་པ་དང་། བསྒྱུར་བཅོས་ཀྱི་གཞུང་ལུགས་དང་སྲིད་ཇུས་ཐད་ཀྱི་ཐོད་བརྒལ་གལ་ཆེན་གསར་པ་རབ་དང་རིམ་པ་ཞིག་ཆགས་ཡོད་ལ། དེ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྤྱིའི་བཀོད་སྒྲིག་དང་སྤྱིའི་སྐུལ་སློང་ཡང་བསྐྱར་བྱས་པ་ཞིག་ཡིན་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་གཏོང་ངེས་རེད།

བསམ་འཆར་བསྡུ་ལེན་བྱེད་པའི་གོ་རིམ་ནང་དུ། ཕྱོགས་སོ་སོ་ནས་བསམ་འཆར་དང་གྲོས་འགོ་ཡག་པོ་གང་མང་བཏོན་ཡོད། ཀྲུང་དབྱང་གིས་ཡིག་ཆའི་མ་ཟིན་འགོད་པའི་ཚོ་ཆུང་ལ་བསམ་འཆར་དང་གྲོས་འགོ་དེ་དག་ནན་ཏན་གྱིས་ལེགས་སྒྲིག་དང་དེར་ཞིབ་འཇུག་བྱེད་དུ་བཅུག་པ་དང་། ཡིག་ཆའི་མ་ཟིན་འགོད་པའི་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལ་བཟོ་བཅོས་གལ་ཆེན་བརྒྱབ་ཡོད།

གཉིས། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་གྱི་སྤྱིའི་སྒྲོམ་གཞི་དང་གནད་དོན་གཙོ་བོ།

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལྟ་ཚུལ་ནི། གནས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་མདུན་དུ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་ན། གནད་འགག་ནི་འདྲ་མཉམ་ཐོག་འགྲན་རྩོད་བྱེད་པའི་གོང་འཕེལ་གྱི་ཁོར་ཡུག་སྔར་ལས་ལྷག་པ་ཆགས་པར་བྱེད་དགོས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྐྱེ་སྟོབས་སྔར་ལས་ཆེ་རུ་གཏོང་དགོས་པ། སྲིད་གཞུང་གི་ལས་ཕྱོད་དང་ཕན་ནུས་སྔར་ལས་ཆེ་རུ་གཏོང་དགོས་པ། སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་སྔར་ལས་ལྷག་པར་མངོན་འགྱུར་བྱེད་དགོས་པ། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་སྔར་ལས་ཆེ་བ་གཏོང་དགོས་པ། ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས་པ་བཅས་རེད།

ཞིབ་འཇུག་བྱ་གཞི་གལ་ཆེན་འདི་དག་ལ་དམིགས་ཏེ། ང་ཚོས་ནན་བཤད་བྱ་རྒྱུར། གནད་དོན་དྲན་པའི་འདུ་ཤེས་ཆེན་པོ་ཡོད་པ་དང་། གནད་དོན་གལ་ཆེན་ཁྲིད་ཕྱོགས་ལ་འཛིན་པ། འགག་རྩའི་གནད་དོན་དམ་འཛིན་བྱས་ཏེ་སྔར་ལས་ལྷག་པར་ཞིབ་འཇུག་དང་བསམ་བློ་གཏོང་བ་བཅས་བྱས་ཏེ། རང་རྒྱལ་གྱི་གོང་འཕེལ་གྱི་མདུན་དུ་ལྷགས་པའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ང་ཚོ་ཀྲུང་གོའི་གུང་ཁྲན་ཏང་མིས་གསར་བརྗེ་དང་འཛུགས་སྐྲུན་དང་བསྒྱུར་བཅོས་བཅས་བྱེད་པ་ཐམས་ཅད་ཀྲུང་གོའི་གནད་དོན་དངོས་ཐག་གཅོད་བྱེད་པའི་ཆེད་དུ་ཡིན། བསྒྱུར་བཅོས་ནི་གནད་དོན་གྱིས་ལྡོག་སྐུལ་བྱས་པ་ལས་བྱུང་བ་ཡིན་ལ། གནད་དོན་རྒྱུན་མ་ཆད་པར་ཐག་གཅོད་བྱེད་རིམ་ཁྲོད་དུ་གཏིང་ཟབ་ཏུ་འགྲོ་བ་ཡང་ཡིན་ཞེས་བཤད་ཆོག ། 

ལོ་35རིང་ལ། ང་ཚོས་བསྒྱུར་བཅོས་ཀྱི་ཐབས་ལམ་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཁྲོད་ཀྱི་གནད་དོན་རབ་དང་རིམ་པ་ཐག་བཅད་ཡོད། དུས་མཚུངས། འཇིག་རྟེན་ལ་ངོས་འཛིན་དང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བརྒྱུད་རིམ་ནང་དུ། གནད་དོན་རྙིང་པ་ཐག་གཅོད་བྱས་ན་ཡང་། གནད་དོན་གསར་པ་ཐོན་ཡོང་ངེས་རེད་ལ། ལམ་ལུགས་ནི་རྒྱུན་དུ་འཐུས་ཚང་དུ་གཏོང་དགོས་ཀྱི་ཡོད་པས། བསྒྱུར་བཅོས་ནི་སྒྲུབ་ཐེངས་གཅིག་གིས་ཚེགས་མེད་དུ་ཡོངས་སུ་འགྲུབ་ཐུབ་པ་ཞིག་ཡིན་མི་སྲིད། 

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་གྱི་མ་ཟིན་འགོད་པར་ཕྱོགས་5ཡི་ཐད་ཀྱི་བསམ་གཞིགས་གཙིགས་ཆེ་སར་བཞག་ཡོད་པ་སྟེ། གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་བླང་བྱ་གསར་པ་དང་མཐུན་པར་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་དོན་འཁྱོལ་བྱ་རྒྱུ་དེ་ཡིན་པ་དང་། གཉིས་ནི་བསྒྱུར་བཅོས་གཙོ་བོར་བཟུང་སྟེ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་བྱེད་ཐབས་གསར་པ་མངོན་པར་བྱས་ཡོད་པ་ལས། སྤྱིར་བཏང་གི་བྱེད་ཐབས་མི་འབྲི་བ་དང་། བསྐྱར་ཟློས་ཀྱི་བྱེད་ཐབས་མི་འབྲི་བ། གོང་སྤེལ་རང་བཞིན་ཅན་གཅིག་རྐྱང་གི་བྱེད་ཐབས་མི་འབྲི་བ་བཅས་ཡིན། གསུམ་ནི་གཙོ་གནད་དམ་འཛིན་བྱེད་པ་དང་། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་དམིགས་ཏེ། མི་དམངས་མང་ཚོགས་ཀྱི་རེ་འབོད་དང་རེ་ལྟོས་ལ་ཨ་ལན་སྤྲོད་པ་དང་། གནད་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མངོན་པ་དང་། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣ་འདྲེན་ནུས་པ་མངོན་པར་བྱས་ཡོད། བཞི་ནི་བརྩོན་སེམས་ཆེ་ལ་གོམ་སྟབས་བརྟན་པོ་རྒྱུན་འཁྱོངས་བྱས་ནས། བསྒྱུར་བཅོས་ཀྱི་ལས་སྒོ་ཇུས་འགོད་བྱེད་སྐབས་བློ་སྟོབས་ཆེ་དགོས་པ་དང་། གོམ་སྟབས་བརྟན་དགོས་པ་དེ་ཡིན། ལྔ་ནི་དུས་ཆད་2020ལོའི་བར་དུ་ཇུས་འགོད་བྱས་ཡོད་པ་དང་། དུས་ཡུན་རིང་ཐུང་འདི་ལྟར་དུ་བསྒྱུར་བཅོས་ཀྱི་ལས་འགན་བཏོན་ཏེ། 2020ལོར་སླེབས་དུས་གནད་ཆེའི་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོན་དགོས་པ་དེ་ཡིན། །

སྒྲོམ་གཞིའི་གྲུབ་ཚུལ་ཐད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ཉིད་མིག་སྔར་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་གནད་ཅན་བསྒྲིགས་ནས་སྤྱི་ཁོག་ཕུབ་པ་དང་། དོན་ཚན་རེ་རེ་བཞིན་དུ་ས་བཅད་བཀོད་སྒྲིག་བྱས་ཡོད། འགོ་བརྗོད་དང་མཇུག་བསྡུ་བའི་གཏམ་ཕུད། ཁྱོན་བསྡོམས་དོན་ཚན་16དང་། དུམ་བུ་ཆེན་པོ་གསུམ་དུ་བགོས་ཡོད། དོན་ཚན་དང་པོས་དུམ་བུ་དང་པོ་གྲུབ་ཡོད་པ་དེ་ནི་སྤྱི་བཤད་ཡིན་པ་དང་། གཙོ་བོར་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་གྱི་དོན་སྙིང་གལ་ཆེན་དང་། མཛུབ་སྟོན་བསམ་བློ། སྤྱིའི་བསམ་ཕྱོགས་བཅས་བརྗོད་ཡོད། དོན་ཚན་གཉིས་པ་ནས་བཅོ་ལྔའི་བར་ནི་དུམ་བུ་གཉིས་པ་ཡིན་པ་དེ་ནི་རྒྱས་བཤད་ཡིན་པ་དང་། གཙོ་བོར་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། རྒྱལ་སྲུང་དང་དམག་དཔུང་བཅས་ཕྱོགས་6གི་ཐད་ནས། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་གྱི་ལས་འགན་གཙོ་བོ་དང་བྱེད་ཐབས་གལ་ཆེན་ཁག་བྱེ་བྲག་ཏུ་བཀོད་སྒྲིག་བྱས་ཡོད། དེ་ལས་དཔལ་འབྱོར་ཐད་ལ་དོན་ཚན་6ཕྱེ་ཡོད། (དོན་ཚན་གཉིས་པ་ནས་བདུན་པའི་བར།) པ་དང་། ཆབ་སྲིད་ཐད་ལ་དོན་ཚན་3ཕྱེ་ཡོད། (དོན་ཚན་བརྒྱད་པ་ནས་བཅུ་བའི་བར།) རིག་གནས་ཐད་ལ་དོན་ཚན་1ཕྱེ་ཡོད། (དོན་ཚན་བཅུ་གཅིག་པ།) སྤྱི་ཚོགས་ཐད་ལ་དོན་ཚན་2ཕྱེ་ཡོད། (དོན་ཚན་བཅུ་གཉིས་པ་ནས་བཅུ་གསུམ་པའི་བར།) སྐྱེ་ཁམས་ཀྱི་ཐད་ལ་དོན་ཚན་1ཕྱེ་ཡོད། (དོན་ཚན་བཅུ་བཞི་པ།) རྒྱལ་སྲུང་དང་དམག་དཔུང་གི་ཐད་ལ་དོན་ཚན་1ཕྱེ་ཡོད། (དོན་ཚན་བཅོ་ལྔ་པ།) དོན་ཚན་བཅུ་དྲུག་པས་དུམ་བུ་གསུམ་པ་གྲུབ་ཡོད་པ་དེས་རྩ་འཛུགས་དང་འགོ་ཁྲིད་བཤད་ཡོད་པ་སྟེ། གཙོ་བོར་ཏང་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་དེ་ལེགས་སྒྱུར་བྱེད་དགོས་པའི་སྐོར་བརྗོད་ཡོད། །

འདིར་ངས་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་འགའ་དང་བྱེད་ཐབས་གལ་ཆེན་འགའི་ཐད་ཀྱི་ཀྲུང་དབྱང་གི་བསམ་ཚུལ་མཚམས་སྦྱོར་བྱ་རྒྱུ་ཡིན།

དང་པོ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་རྒྱུ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱ་རྒྱུའི་སྐོར། འདི་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་བཏོན་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་གལ་ཆེན་ཞིག་ཡིན། རྒྱུ་མཚན་ཅི་ཡིན་ཞེ་ན། དཔལ་འབྱོར་སྒྲིག་སྲོལ་གྱི་བསྒྱུར་བཅོས་ནི་སྔར་བཞིན་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གཙོ་གནད་ཡིན་པ་དང་། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་སྲོག་ཤིང་དུ་གྱུར་པའི་གནད་དོན་ནི་སྔར་བཞིན་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་དགོས་པ་དེ་ཡིན་པས་རེད།

1992ལོར་ཏང་གི་ཚོགས་ཆེན་བཅུ་བཞི་པའི་ཐོག་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་དམིགས་འབེན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་རྒྱུ་དེ་ཡིན་ལུགས་བཏོན་པ་དང་། རྒྱལ་ཁབ་ཀྱིས་སྤྱི་ཁོག་སྙོམ་སྒྲིག་བྱེད་པའི་འོག་ཚོང་རས་ཐོན་ཁུངས་བགོ་སྒྲིག་ལ་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་དགོས་པ་བཏོན་ཡོད། རིགས་པའི་གཞུང་ལུགས་སྐོར་གྱི་ཐོད་བརྒལ་གལ་ཆེན་འདིས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ནུས་པ་ཧ་ཅང་གལ་ཆེན་ཐོན་ཡོད། དེའི་ཐོག་ནས་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་ལག་ལེན་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་ཐོན་པ་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་ན་ངེས་པར་དུ་རིགས་པའི་གཞུང་ལུགས་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་དགོས་པའང་གསལ་བཤད་བྱས་ཡོད།

ལོ་20ལྷག་རིང་གི་ལག་ལེན་ལས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་རགས་ཙམ་བཙུགས་ཟིན་ཡོད་མོད། ཡིན་ནའང་ད་དུང་གནད་དོན་མི་ཉུང་བ་ཞིག་གནས་ཡོད་པ་སྟེ། གཙོ་བོ་ནི་ཚོང་རའི་སྒྲིག་ལམ་ཚད་ལྡན་མིན་པས། ཚུལ་མིན་གྱི་བྱེད་ཐབས་ཀྱིས་དཔལ་འབྱོར་ཁེ་ཕན་ཐོབ་ཐབས་བྱེད་པའི་སྣང་ཚུལ་རྒྱ་ཁྱབ་ཏུ་གནས་ཡོད་པ་དང་། ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོའི་ཚོང་རའི་གོང་འཕེལ་རྗེས་ལུས་ཡིན་པས། རྒྱུ་རྐྱེན་གཙོ་བོ་བེད་མེད་དུ་བསྐྱུར་བ་དང་ནུས་པ་ཡོད་པའི་དགོས་མཁོ་འབོར་ཆེན་པོ་སྐོང་ཐུབ་ཀྱི་མེད་པ་གཉིས་མཉམ་དུ་གནས་ཡོད་པ། ཚོང་རའི་སྒྲིག་ལམ་གཅིག་གྱུར་མེད་པས། སྡེ་ཁག་སྲུང་སྐྱོབ་རིང་ལུགས་དང་ས་གནས་སྲུང་སྐྱོབ་རིང་ལུགས་འབོར་ཆེན་གནས་ཡོད་པ། ཚོང་རའི་འགྲན་རྩོད་མཐིལ་ཕྱིན་པ་ཞིག་བྱུང་མེད་པས། དྲག་རྒྱལ་ཞན་ཕམ་ཡོང་རྒྱུ་དང་གྲུབ་ཆ་སྙོམ་སྒྲིག་བྱ་རྒྱུར་བཀག་འགོག་བཟོས་ཡོད་པ་སོགས་རེད། གནད་དོན་འདི་དག་ཐག་གཅོད་ཡག་པོ་མ་བྱས་ན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ཆགས་དཀའ་བ་རེད།

ཏང་གི་ཚོགས་ཆེན་བཅུ་བཞི་པ་འཚོགས་ཚུན་གྱི་ལོ་20ལྷག་གི་རིང་ལ། སྲིད་གཞུང་དང་ཚོང་རའི་འབྲེལ་བའི་སྐོར་ལ་ང་ཚོས་རྣམ་ཀུན་དུ་ལག་ལེན་གསར་སྤེལ་དང་ངོས་འཛིན་ཟབ་སྤེལ་གཞིར་བཞག་གིས་ཚན་རིག་དང་མཐུན་པའི་ངེས་ཤེས་འཚོལ་ཞིབ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་ལྔ་པའི་ཐོག “ རྒྱལ་ཁབ་ཀྱི་སྤྱི་ཁོག་སྙོམ་སྒྲིག་འོག་ཏུ་ཚོང་རས་ཐོན་ཁུངས་བགོ་སྒྲིག་ཁྲོད་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་དགོས ”ཞེས་བཏོན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅུ་དྲུག་པའི་ཐོག “ ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་དགོས་ཞེས་བཏོན་ཡོད་པ། ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག “ལམ་ལུགས་ཀྱི་སྟེང་ནས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་” ཞེས་བཏོན་ཡོད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག “ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐོན་པའི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་ལས་ཚད་ཆེ་བ་དང་ཁྱབ་ཆེ་བའི་སྒོ་ནས་འདོན་སྤེལ་བྱེད་དགོས་”ཞེས་བཏོན་ཡོད་པ་རེད། དེ་དག་ལས་ང་ཚོས་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བའི་སྐོར་གྱི་ངོས་འཛིན་ནི་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད་པ་ཤེས་ཐུབ།

ཐེངས་འདིའི་གྲོས་སྡུར་དང་བསམ་འཆར་བསྡུ་ལེན་བྱེད་རིམ་ཁྲོད་དུ། ཕྱོགས་མང་པོས་བསམ་འཆར་བཏོན་ནས་རིགས་པའི་གཞུང་ལུགས་སྟེང་ནས་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བའི་སྐོར་གཏན་འབེབས་བྱེད་དགོས་པ་དང་། དེ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་ནུས་པ་ཧ་ཅང་གལ་ཆེན་ལྡན་ཡོད་ཟེར། ཕྱོགས་སོ་སོའི་བསམ་འཆར་དང་དངོས་ཡོད་གོང་འཕེལ་ཡོང་བའི་བླང་བྱར་གཞིགས་ཏེ། གྲོས་སྡུར་དང་ཞིབ་འཇུག་ཡང་ཡང་བྱས་པ་བརྒྱུད། ཀྲུང་དབྱང་གི་ལྟ་ཚུལ་ལ། གནད་དོན་འདིར་རིགས་པའི་གཞུང་ལུགས་སྟེང་ནས་འགྲེལ་བཤད་གསར་པ་རྒྱག་པའི་ཆ་རྐྱེན་འཛོམས་ཡོད་པ་དང་། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ “རྨང་གཞིའི་རང་བཞིན་གྱི་ནུས་པ་” ཞེས་པ་དེ་ “ཐག་གཅོད་རང་བཞིན་གྱི་ནུས་པ་” ཞེས་སུ་བཟོ་བཅོས་རྒྱག་འོས་པ་རེད།

ད་ལྟ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རགས་ཙམ་བཙུགས་ཟིན་པ་དང་། ཚོང་ར་ཅན་གྱི་ཚུ་ཚད་ཆེས་ཆེར་མཐོར་འདེགས་བྱུང་བ། ང་ཚོའི་ཚོང་རའི་ཆོས་ཉིད་ལ་ངོས་འཛིན་དང་ཁ་ལོ་སྒྱུར་བའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བ། སྤྱི་ཁོག་སྙོམ་སྒྲིག་གི་མ་ལག་སྔར་ལས་འཐུས་ཚང་དུ་འགྱུར་བ་བཅས་ཕྱི་ནང་གི་མཐུན་རྐྱེན་འཛོམས་ཡོད་པར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་ཐད་ང་ཚོས་གོམ་སྟབས་གསར་པ་སྤོ་འོས། །

སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་སྔར་ལས་ལེགས་པོ་བྱེད་པ་ནི། དོན་དམ་དུ་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་དུ་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ་ཞེས་པའི་གནད་དོན་འདི་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཡིན། དཔལ་འབྱོར་གོང་སྤེལ་གཏོང་བ་ནི་ཐོན་ཁུངས་སྤྱི་དང་བྱེ་བྲག་ཏུ་ཐོན་ཁུངས་དཀོན་རིགས་བགོ་སྒྲིག་བྱེད་པའི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་སྟེ། ཐོན་ཁུངས་ཉུང་ཙམ་བཀོལ་ནས་ཐོན་རྫས་མང་པོ་ཐོན་སྐྱེད་བྱེད་གང་ཐུབ་དང་ཁེ་ཕན་ཆེན་པོ་ཐོབ་གང་ཐུབ་བྱ་རྒྱུ་དེ་ཡིན། རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀའི་ཕྱོགས་ནས་ར་སྤྲོད་བྱས་དོན། ཚོང་རས་ཐོན་ཁུངས་བགོ་སྒྲིག་བྱ་རྒྱུ་ནི་ལས་ཕྱོད་ཆེ་ཤོས་ཅན་གྱི་རྣམ་པ་ཞིག་རེད། ཚོང་རས་ཐོན་ཁུངས་བགོ་སྒྲིག་ཐག་གཅོད་བྱ་རྒྱུ་ནི་ཚོང་རའི་དཔལ་འབྱོར་གྱི་སྤྱིར་བཏང་གི་ཆོས་ཉིད་ཅིག་ཡིན་པ་དང་། ཚོང་རའི་དཔལ་འབྱོར་ནི་ངོ་བོའི་སྟེང་ནས་བཤད་ན་ཚོང་རས་ཐོན་ཁུངས་བགོ་སྒྲིག་བྱ་རྒྱུ་ཐག་གཅོད་པའི་དཔལ་འབྱོར་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་བར་འཛུགས་དགོས་ན་ངེས་པར་དུ་ཆོས་ཉིད་འདི་བརྩི་སྲུང་བྱས་ཏེ། ཚོང་རའི་མ་ལག་ཆ་ཚང་མིན་པ་དང་། སྲིད་གཞུང་གིས་ཇུས་གཏོགས་ཐལ་དྲགས་པ། ལྟ་སྐུལ་དོ་དམ་མི་འདང་བ་བཅས་ཀྱི་གནད་དོན་ཐག་གཅོད་པར་ཤུགས་རྒྱག་དགོས་པ་རེད། “ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་རྒྱུ་”གཏན་འབེབས་བྱས་པ་དེ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ནས་སྲིད་གཞུང་དང་ཚོང་རའི་འབྲེལ་བའི་སྐོར་ལ་འདུ་ཤེས་ཡང་དག་སྐྱེད་པར་ཕན་ཐོགས་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྤོ་སྒྱུར་བྱེད་པར་ཕན་ཐོགས་ཡོད་པ། སྲིད་གཞུང་གི་འགན་ནུས་སྒྱུར་བར་ཕན་ཐོགས་ཡོད་པ། ངན་རེངས་དང་རུལ་སུངས་སུ་འགྱུར་བའི་སྣང་ཚུལ་བཀག་སྡོམ་བྱེད་པར་ཕན་ཐོགས་ཡོད་པ་བཅས་རེད།

རང་རྒྱལ་གྱིས་ལག་བསྟར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ཡིན་པ་སྨོས་མེད་ཡིན་པས། ང་ཚོས་སྔར་བཞིན་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་། ཏང་དང་སྲིད་གཞུང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་སྔར་བཞིན་རྒྱུན་འཁྱོངས་བྱེད་དགོས། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་པ་ལས་ནུས་པ་ཡོད་ཚད་འདོན་སྤེལ་བྱེད་པ་མ་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར། ཚོང་རའི་ནུས་པ་འདོན་སྤེལ་བྱེད་དགོས་པར་མ་ཟད། སྲིད་གཞུང་གི་ནུས་པའང་འདོན་སྤེལ་བྱེད་དགོས། ཡིན་ནའང་ཚོང་རའི་ནུས་པ་དང་སྲིད་གཞུང་གི་ནུས་པའི་འགན་ནུས་མི་གཅིག་པ་རེད། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་དེ། ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམ་སྒྲིག་དང་སྲིད་གཞུང་གི་བཅོས་སྐྱོང་ནུས་ལྡན་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་དགེ་མཚན་འདོན་སྤེལ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་ཚུལ་ནན་བཤད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་སྤྱི་ཁོག་སྙོམ་སྒྲིག་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། སྲིད་གཞུང་གི་འགན་ནུས་ཆ་ཚང་བ་དང་ཡང་དག་པར་སྤྱོད་དགོས་པ། སྲིད་གཞུང་གི་རྩ་འཛུགས་སྒྲིག་གཞི་ལེགས་སྒྱུར་གཏོང་དགོས་པ་བཅས་བཀོད་སྒྲིག་བྱས་ཡོད་པ་དང་། སྲིད་གཞུང་གི་འགན་འཁྲི་དང་ནུས་པ་གཙོ་བོ་ནི་སྤྱི་ཁོག་དཔལ་འབྱོར་གྱི་བརྟན་ལྷིང་འཛིན་སྐྱོང་དང་། སྤྱི་པའི་ཞབས་ཞུ་ལ་ཤུགས་སྣོན་དང་དེ་ལེགས་བཅོས་བྱེད་པ། དྲང་སྙོམ་གྱི་འགྲན་རྩོད་འགན་སྲུང་བྱེད་པ། ཚོང་རའི་ལྟ་སྐུལ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་བྱེད་པ། ཚོང་རའི་འཐུས་ཤོར་བྱུང་ས་ཁ་གསབ་བྱེད་པ་བཅས་ཡིན་ཚུལ་ནན་བཤད་བྱས་ཡོད།

གཉིས་པ། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་བྱ་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར། སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གཙོ་བོ་བྱེད་པ་དང་། དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་དུ་གོང་འཕེལ་ཡོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་སྲ་བརྟན་དང་གོང་སྤེལ་གཏོང་རྒྱུར་ཐུག་པའི་རྟེན་གཞི་གལ་ཆེན་ཡིན།

བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། རང་རྒྱལ་གྱི་དབང་བའི་ལམ་ལུགས་ཀྱི་གྲུབ་ཚུལ་རིམ་བཞིན་སྙོམ་སྒྲིག་བྱས་ཏེ། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉིས་ཀྱི་དཔལ་འབྱོར་གོང་སྤེལ་དང་། ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བསྡུར་གྲངས་ལ་འགྱུར་ལྡོག་བསྟུད་མར་བྱུང་བས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྐྱེ་སྟོབས་ཆེ་རུ་ཕྱིན་ཡོད། གནས་ཚུལ་འདི་འདྲའི་འོག ཇི་ལྟར་བྱས་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གཙོ་བོའི་གོ་གནས་སྔར་ལས་ལྷག་པར་མཚོན་པ་རྒྱུན་འཁྱོངས་བྱ་རྒྱུ་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱི་མངོན་འགྱུར་བྱེད་སྟངས་ནུས་ལྡན་འཚོལ་ཞིབ་སྔར་ལས་ལྷག་པ་བྱ་རྒྱུ་ནི་ང་ཚོར་འཕྲད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད།

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གཙོ་བོའི་གོ་གནས་རྒྱུན་འཁྱོངས། གཞུང་དབང་དཔལ་འབྱོར་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱས་ཏེ། གཞུང་དབང་དཔལ་འབྱོར་གྱི་སྐྱེ་སྟོབས་དང་། ཚོད་འཛིན་བྱེད་ནུས། ཤུགས་རྐྱེན་གཏོང་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཚུལ་ནན་བཤད་བྱས་ཡོད།

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་ཏང་གི་ཚོགས་ཆེན་བཅོ་ལྔ་པ་འཚོགས་ཚུན་གྱི་འབྲེལ་ཡོད་རྣམ་བཤད་རྒྱུན་འཁྱོངས་དང་གོང་སྤེལ་བཏང་སྟེ། དབང་བའི་ལམ་ལུགས་བསྲེས་མའི་དཔལ་འབྱོར་གོང་སྤེལ་ཧུར་ཐག་གཏོང་དགོས་ཚུལ་བཏོན་ཡོད་པ་དང་། གཞུང་དབང་མ་རྩ་དང་། ཐུན་མོང་ལ་དབང་བའི་མ་རྩ། སྤྱི་ལ་དབང་བ་མ་ཡིན་པའི་མ་རྩ་སོགས་ནས་མ་རྐང་སྣོལ་མར་འཛིན་པ་དང་། ཕན་ཚུན་མཉམ་འདྲེས་ཀྱི་དབང་བའི་ལམ་ལུགས་བསྲེས་མའི་དཔལ་འབྱོར་ནི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཀྱི་མངོན་འགྱུར་བྱེད་སྟངས་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་གཞུང་དབང་རྒྱུ་ནོར་གྱི་བྱེད་ལས་ཆེ་རུ་སྐྱེད་རྒྱུ་དང་། གནས་ཐང་སྲུང་སྤོར་བྱ་རྒྱུ། འགྲན་རྩོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཡོད་པ་ནན་བཤད་བྱས་ཡོད། འདི་ནི་གནས་བབ་གསར་པའི་འོག་ཏུ་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གཙོ་བོའི་གོ་གནས་རྒྱུན་འཁྱོངས་དང་། གཞུང་དབང་དཔལ་འབྱོར་གྱི་སྐྱེ་སྟོབས་དང་ཚོད་འཛིན་བྱེད་ནུས། ཤུགས་རྐྱེན་གཏོང་ནུས་བཅས་ཆེ་རུ་གཏོང་བའི་ནུས་པ་ལྡན་པའི་འཇུག་སྒོ་དང་ལྡོག་མེད་ཀྱི་གདམ་ག་ཡིན། ། 

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་བཏོན་དོན། གཞུང་དབང་རྒྱུ་ནོར་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མ་རྩ་དོ་དམ་གཙོ་བོར་གྱུར་པའི་གཞུང་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དང་། གཞུང་དབང་མ་རྩའི་དབང་བསྐུར་ཏེ་ཚོང་གཉེར་བྱེད་པའི་ལམ་ལུགས་བསྒྱུར་བཅོས་བྱེད་དགོས་པ་དང་གཅིག གཞུང་དབང་མ་རྩའི་མ་རྩར་འཇོག་པའི་ཚོང་གཉེར་བྱེད་སྒོས་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་འབེན་ལ་ཞབས་འདེགས་ཞུ་དགོས་པས། སྔར་ལས་མང་བའི་སྒོ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་ལ་ཐུག་པའི་ལས་རིགས་གལ་ཆེན་དང་ཁྱབ་ཁོངས་གནད་ཆེན་ཕྱོགས་སུ་མ་རྩ་འཇོག་པ། གཙོ་བོར་སྤྱི་པའི་ཞབས་ཞུ་འདོན་སྤྲོད་དང་། སྔོན་ཚོད་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་ཐོན་ལས་གལ་ཆེན་གོང་སྤེལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཚན་རྩལ་ཡར་ཐོན་ལ་རྒྱབ་སྐྱོར། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བཅས་བྱེད་དགོས་པ་དང་གཉིས། གཞུང་དབང་རྒྱུ་ནོར་ཁག་གཅིག་འཐེན་སྒྱུར་བྱས་ནས་སྤྱི་ཚོགས་འགན་སྲུང་ཐེབས་རྩར་སྣོན་དགོས་པ་དང་གསུམ། གཞུང་དབང་མ་རྩའི་ཁེ་སྐྱེད་སྤྱི་པའི་ནོར་སྲིད་ལ་རྩིས་འབུལ་བྱེད་པའི་བསྡུར་ཚད་མཐོ་རུ་བཏང་ནས། སྔར་བས་མང་བ་ཞིག་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ཕྱོགས་ལ་སྤྱོད་དགོས་པ་དང་བཞི་བཅས་ཡིན། །

གཞུང་དབང་ཁེ་ལས་ནི་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་དང་། མི་དམངས་ཀྱི་ཐུན་མོང་ཁེ་ཕན་འགན་སྲུང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཡིན། ལོ་མང་པོའི་རིང་བསྒྱུར་བཅོས་བྱས་པ་བརྒྱུད་གཞུང་དབང་ཁེ་ལས་སྤྱིའི་ཆ་ནས་ཚོང་རའི་དཔལ་འབྱོར་དང་མཉམ་དུ་འདྲེས་ཡོད་པ་དང་ཆབས་ཅིག གཞུང་དབང་ཁེ་ལས་ལ་ཡང་གནད་དོན་ཁག་ཅིག་བྱུང་ཡོད་པ་དང་ཞན་ཆ་ཁག་ཅིག་གནས་ཡོད་སྟབས། བསྒྱུར་བཅོས་ལ་སྐུལ་འདེད་སྔར་ལས་ལྷག་པར་བྱེད་དགོས་ཀྱི་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་དམིགས་གཏད་ཡོད་པའི་སྒོ་ནས་བསྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་སྟེ། དེའི་ཁོངས་སུ་གཞུང་དབང་རྒྱུ་ནོར་གྱིས་སྤྱི་ཕན་རང་བཞིན་གྱི་ཁེ་ལས་ལ་མ་རྩ་འཇོག་སྒོ་ཆེ་རུ་གཏོང་རྒྱུ་དང་གཅིག གཞུང་དབང་མ་རྩས་མུ་མཐུད་ནས་མ་རྐང་ཚོད་འཛིན་དང་ཚོང་གཉེར་བྱེད་པའི་རང་བྱུང་སྒེར་སྡེམ་ལས་རིགས་སུ་སྲིད་ཁེ་ལོགས་དགར་དང་། སྲིད་དངུལ་ལོགས་དགར། དམིགས་བསལ་ཆོག་འཐུས་ཡོད་པར་ཚོང་གཉེར། སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བཅས་ནང་དོན་གཙོ་བོ་བྱས་པའི་བསྒྱུར་བཅོས་ལག་བསྟར་བྱ་རྒྱུ་དང་། ལས་རིགས་མི་འདྲ་བ་ཁག་གི་ཁྱད་ཆོས་དང་བསྟུན་ནས་དྲ་བ་དང་ཚོང་གཉེར་ལོགས་དགར་བྱེད་པ་དང་འགྲན་རྩོད་རང་བཞིན་གྱི་ལས་རིགས་སྒོ་འབྱེད་བྱ་རྒྱུ་བཅས་དང་གཉིས། འཁོར་སྐྱོད་མཐུན་སྦྱོར་དང་ཚོད་འཛིན་གོ་ཆོད་ཡོང་བའི་ཀུང་སིའི་ཁྲིམས་མིའི་བདག་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་རྒྱུ་དང་གསུམ། ཆེད་ལས་སྤྱི་གཉེར་བའི་ལམ་ལུགས་བཙུགས་ནས་ཁེ་ལས་པའི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱ་རྒྱུ་དང་བཞི། ཡུན་རིང་གོ་ཆོད་ཅན་གྱི་སྐུལ་མ་དང་གཅུན་སྡོམ་གྱི་ལམ་སྲོལ་འཛུགས་རྒྱུ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཚོང་གཉེར་དང་མ་རྩ་འཇོག་པའི་ཐད་ཀྱི་ཁག་འགན་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ལྔ། གཞུང་ཁོངས་ཁེ་ལས་ཀྱི་ནོར་དོན་སྔོན་རྩིས་སོགས་ཀྱི་ཆ་འཕྲིན་གནད་ཆེའི་གྲས་ཡོངས་བསྒྲགས་བྱེད་སྲོལ་འཚོལ་ཞིབ་དང་སྐུལ་འདེད་བྱ་རྒྱུ་དང་དྲུག གཞུང་ཁོངས་ཁེ་ལས་ཀྱིས་ཚོང་ར་ཅན་གྱི་སྒོ་ནས་ལས་མི་གདམ་གསེས་གདན་ཞུའི་སྡུར་ཚད་ལུགས་དང་མཐུན་པར་མང་དུ་གཏང་རྒྱུ་དང་། གཞུང་ཁོངས་ཁེ་ལས་ཀྱི་དོ་དམ་མི་སྣའི་གླ་ཕོགས་ཀྱི་ཚད་དང་གོ་གནས་ཀྱི་ཐོབ་ཐང་། གོ་གནས་ཀྱི་འཛད་སྤྱོད། ལས་སྒོའི་འཛད་སྤྱོད་བཅས་གཏན་འཁེལ་ལུགས་མཐུན་དང་ཚད་ལྡན་ནན་མོ་བཟོ་རྒྱུ་དང་བདུན་བཅས་ཚུད་ཡོད། བྱེད་ཐབས་འདི་དག་གིས་གཞུང་ཁོངས་ཁེ་ལས་ཀྱིས་དེང་རབས་ཀྱི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚོང་གཉེར་གྱི་ལས་ཕྱོད་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་ལུགས་མཐུན་དུ་འཁུར་ལེན་བྱེད་པ། ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ་བཅས་ལ་སྐུལ་འདེད་བྱེད་ངེས་རེད།

གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས་ན་ངེས་པར་དུ་“བློ་བརྟན་འགྱུར་མེད་གཉིས་”རྒྱུན་འཁྱོངས་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་ཕྱོགས་དང་རིམ་པ་མང་པོ་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་གོང་འཕེལ་ལ་སྐུལ་མ་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱས་ཏེ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་སྐྱེ་སྟོབས་དང་གསར་གཏོད་ནུས་ཤུགས་སྐུལ་སློང་བྱེད་པའི་བསྒྱུར་བཅོས་ཀྱི་བྱེད་ཐབས་བཏོན་ཡོད། བྱེད་ལས་གཏན་འཁེལ་བྱེད་པའི་ཐད་དུ། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་དང་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཚང་མ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཚང་མ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བའི་རྨང་གཞི་ཡིན་པ་གཏན་འབེབས་ཁ་གསལ་བྱས་ཡོད། རྒྱུ་དབང་སྲུང་སྐྱོང་བྱེད་པའི་ཐད། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རྒྱུ་དབང་ལ་བཙན་གནོད་བྱེད་མི་རུང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རྒྱུ་དབང་ལ་ཡང་དེ་བཞིན་དུ་བཙན་གནོད་བྱེད་མི་རུང་ཚད་གསལ་པོར་བཏོན་ཡོད། སྲིད་ཇུས་ཀྱི་གཟིགས་སྐྱོང་ཐད། དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་ལམ་འདྲ་མཉམ་བཅས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཅིག་གྱུར་ཅན་གྱི་ཚོང་རར་ཞུགས་འཐུས་ལམ་ལུགས་ལག་བསྟར་བྱ་རྒྱུ་ནན་བཤད་བྱས་ཡོད། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་གཞུང་ཁོངས་ཁེ་ལས་ཀྱི་བསྒྱུར་བཅོས་ནང་ཞུགས་པར་སྐུལ་མ་གཏོང་དགོས་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་མ་རྩས་མ་རྐང་འཛིན་པའི་དབང་བའི་ལམ་ལུགས་བསྲེས་མའི་ཁེ་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་ལ། ཆ་རྐྱེན་འཛོམས་པའི་སྒེར་གཉེར་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པར་སྐུལ་མ་གཏོང་དགོས། དེས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་ཐེབས་ངེས་རེད། 

གསུམ་པ། ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྐོར། ནོར་སྲིད་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་གཞི་དང་རྒྱབ་རྟེན་གལ་ཆེན་ཞིག་ཡིན། ཚན་རིག་དང་མཐུན་པའི་ནོར་ཁྲལ་སྒྲིག་སྲོལ་ནི་ཐོན་ཁུངས་བགོ་སྒྲིག་ལེགས་སྒྱུར་དང་། ཚོང་རའི་གཅིག་གྱུར་སྲུང་སྐྱོང་། སྤྱི་ཚོགས་དྲང་སྙོམ་ལ་སྐུལ་འདེད། རྒྱལ་ཁབ་ཡུན་རིང་བདེ་འགོད་བཅས་ཡོང་བའི་ལམ་ལུགས་ཀྱི་འགན་སྲུང་ཡིན། ད་ལྟའི་ནོར་ཁྲལ་སྒྲིག་སྲོལ་ནི་1994ལོར་ཁྲལ་དབྱེའི་ལམ་ལུགས་བསྒྱུར་བཅོས་བྱས་པའི་རྨང་གཞིའི་ཐོག་རིམ་བཞིན་འཐུས་ཚང་དུ་བཏང་ནས་བྱུང་བས། སྲིད་གཞུང་གི་ནོར་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་མགྱོགས་པོར་གོང་དུ་འཕེལ་བའི་གཉིས་ཁེའི་དམིགས་འབེན་མངོན་འགྱུར་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད། 

གནས་བབ་གོང་འཕེལ་དང་འགྱུར་ལྡོག་བྱུང་བ་དང་སྦྲགས། ད་ལྟའི་ནོར་ཁྲལ་སྒྲིག་སྲོལ་འདི་ཀྲུང་དབྱང་དང་ས་གནས་ཀྱི་དོན་གཅོད་དབང་ཆ་ལུགས་དང་མཐུན་པར་དབྱེ་འབྱེད་དང་། རྒྱལ་ཁབ་བཅོས་སྐྱོང་བྱེད་སྲོལ་ལེགས་སུ་གཏོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་ཅུང་མི་འཚམ་པ། དཔལ་འབྱོར་གོང་སྤེལ་གཏོང་སྟངས་སྤོ་སྒྱུར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བྱེད་པའི་དགོས་མཁོ་དངོས་དང་ཅུང་མི་འཚམ་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རིམ་ནང་དུ་བྱུང་བའི་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཁག་ཅིག་ཀྱང་ནོར་ཁྲལ་སྒྲིག་སྲོལ་འཐུས་སྒོ་མི་ཚང་བ་དང་འབྲེལ་བ་ཡོད། ། 

ཐེངས་འདིའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ནང་དུ་ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ་ནི་གལ་གནད་ཆེ་བའི་གྲས་ཤིག་ཡིན་པ་དང་། གཙོ་བོར་སྔོན་རྩིས་དོ་དམ་གྱི་ལམ་ལུགས་ལེགས་བཅོས་བྱ་རྒྱུ་དང་། དཔྱ་ཁྲལ་བསྡུ་ལེན་གྱི་ལམ་ལུགས་འཐུས་ཚང་བཟོ་རྒྱུ།  དོན་གཅོད་དབང་ཆ་དང་གཏོང་སྤྲོད་འགན་འཁྲི་ཆ་མཐུན་ཡོང་བའི་ལམ་ལུགས་འཛུགས་རྒྱུ་བཅས་ཚུད་ཡོད། །

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་བཏོན་དོན། ཆ་ཚང་ཚད་ལྡན་དང་། ཡོངས་གྲགས་མངོན་གསལ་ཡིན་པའི་སྔོན་རྩིས་ལམ་ལུགས་ལག་བསྟར་བྱེད་དགོས། ཀྲུང་དབྱང་གི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ཆེ་རུ་འོས་འཚམ་བཏང་སྟེ། རྒྱལ་སྲུང་དང་། ཕྱི་འབྲེལ། རྒྱལ་ཁབ་ཀྱི་བདེ་འཇགས། རྒྱལ་ཡོངས་གཅིག་གྱུར་ཅན་གྱི་ཚོང་རའི་སྒྲིག་ལམ་དང་དོ་དམ་ལ་འབྲེལ་བ་ཡོད་པ་བཅས་ནི་ཀྲུང་དབྱང་གི་དོན་གཅོད་དབང་ཆར་བརྩི་དགོས་པ་དང་། སྤྱི་ཚོགས་འགན་སྲུང་དང་། ས་ཁོངས་ལས་བརྒལ་བའི་ལས་གཞི་གནད་ཆེན་གྱི་འཛུགས་སྐྲུན་དང་སྲུང་སྐྱོང་བཅས་ནི་ཀྲུང་དབྱང་དང་ས་གནས་ཐུན་མོང་གི་དོན་གཅོད་དབང་ཆར་རྩིས་ནས། རིམ་བཞིན་དོན་གཅོད་དབང་ཆའི་འབྲེལ་བ་མཐུན་འགྲིག་ཡོང་བར་བྱེད་དགོས། ཀྲུང་དབྱང་གིས་གཏོང་སྤྲོད་སྤོ་སྒྱུར་བཀོད་སྒྲིག་བྱེད་པ་བརྒྱུད། དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ཁག་ཅིག་ས་གནས་ཀྱི་འཁུར་རྒྱུར་མངག་བཅོལ་བྱས་ཆོག ས་ཁོངས་ལས་བརྒལ་ཞིང་ས་ཁུལ་གཞན་དག་ལ་ཤུགས་རྐྱེན་ཅུང་ཆེ་བའི་སྤྱི་པའི་ཞབས་ཞུ་ཡིན་ན། ཀྲུང་དབྱང་གིས་གཏོང་སྤྲོད་སྤོ་སྒྱུར་བྱས་པ་བརྒྱུད། ས་གནས་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་ཁག་ཅིག་འཁུར་དགོས། །

བསྒྱུར་བཅོས་བྱེད་ཐབས་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་དོན་གཅོད་དབང་ཆ་ཁ་གསལ་དང་། ཁྲལ་བསྡུའི་ལམ་ལུགས་བསྒྱུར་བཅོས། ཁྲལ་འཁུར་གཏན་འཇགས། སྔོན་རྩིས་མངོན་གསལ། ལས་ཕྱོད་ཆེར་སྐྱེད་བཅས་ཡོང་བ་དང་། དཔལ་འབྱོར་གོང་སྤེལ་གཏོང་སྟངས་སྤོ་སྒྱུར་བྱེད་པར་ཕན་པ་དང་། དྲང་སྙོམ་དང་གཅིག་གྱུར་གྱི་ཚོང་ར་འཛུགས་པར་ཕན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་དྲང་སྙོམ་ཅན་ཡོང་བར་ཕན་པ་བཅས་ཀྱི་དེང་རབས་ནོར་སྲིད་ལམ་ལུགས་གང་མགྱོགས་ཆགས་པར་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་ཀྱི་ནོར་ཤུགས་དང་དོན་གཅོད་དབང་ཆ་ཕན་ཚུན་ཆ་མཐུན་གྱི་ནོར་ཁྲལ་གྱི་སྒྲིག་སྲོལ་ཆགས་པར་བྱེད་པ། ཀྲུང་དབྱང་དང་ས་གནས་གཉིས་ཀའི་ཧུར་སེམས་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ་བཅས་ཡིན།

ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུར་བརྒྱུད་རིམ་ཞིག་དགོས་པ་དང་རིམ་གྱིས་དོན་ཐོག་ལ་འཁྱོལ་བར་བྱེད་དགོས། ཀྲུང་དབྱང་གིས་ད་ཡོད་ཀྲུང་དབྱང་དང་ས་གནས་ཀྱི་ནོར་ཤུགས་གནས་སྟངས་སྤྱི་ཡོངས་ནས་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་ས་གནས་ཀྱི་ཡོང་འབབ་བགོ་འགྲེམ་སྔར་ལས་མཐུན་སྦྱོར་བྱེད་དགོས་པ་ཁ་གསལ་བཟོས་ཡོད། །

བཞི་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཏུ་གྱུར་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་འཛུགས་རྒྱུའི་སྐོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དོ་མཉམ་མིན་པ་དང་མཐུན་འབྱོར་མེད་པ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ནང་དུ་གནས་པའི་འགལ་བ་མངོན་གསལ་དོད་པོ་ཞིག་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་མགྱོགས་སུ་གཏོང་བར་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གལ་ཆེན་ཞིག་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ་རང་རྒྱལ་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་མོད། ཡིན་ན་ཡང་གྲོང་ཁྱེར་དང་གྲོང་གསེབ་ལུགས་གཉིས་ཅན་གྱི་གྲུབ་ཚུལ་རྩ་བའི་ཆ་ནས་བསྒྱུར་མེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་རྒྱུན་མི་ཆད་པར་ཆེ་རུ་འགྲོ་ནུས་ཡིན་པའི་གནས་ཚུལ་རྩ་བའི་ཆ་ནས་སྒྱུར་ཐུབ་མེད། གནད་དོན་དེ་དག་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་བཏོན་དོན། ངེས་པར་དུ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་བཟོ་ལས་ཀྱིས་ཞིང་ལས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་བྱེད་པ། བཟོ་ཞིང་གཉིས་ཕན་ཚུན་ཕན་འདོགས་རེས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བ་བཅས་ཀྱི་བཟོ་ཞིང་གི་འབྲེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་གསར་པ་ཆགས་པར་བྱེད་དགོས་པ་དང་། རྒྱ་ཆེའི་ཞིང་པ་རྣམས་འདྲ་མཉམ་ངང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་ཞུགས་སུ་འཇུག་པ་དང་། དེང་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་དུ་འཇུག་དགོས།

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ནང་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་དུ་གྱུར་པའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་བྱེད་པའི་ཐབས་ལམ་བཏོན་ཡོད་པ་སྟེ། གཅིག་ནི་ཞིང་ལས་ཀྱི་གཉེར་སྐྱོང་མ་ལག་དཔེ་གསར་ཅན་མགྱོགས་པོར་འཛུགས་དགོས་པ་དེ་ཡིན། གཙོ་བོ་ནི་ཁྱིམ་ཚང་གིས་གཉེར་སྐྱོང་བྱེད་པ་དེས་ཞིང་ལས་ཀྱི་ནང་དུ་ཟིན་པའི་རྨང་གཞིའི་རང་བཞིན་གྱི་གོ་གནས་རྒྱུན་འཁྱོངས་བྱ་རྒྱུ་དང་། ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་དབང་དེ་ཡོངས་གྲགས་ཚོང་རའི་ནང་དུ་ཆེད་ལས་དུད་ཆེན་དང་། ཁྱིམ་ཚང་གི་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཀྱི་ཁེ་ལས་བཅས་སུ་འཁོར་རྒྱུག་བྱེད་པར་སྐུལ་མ་གཏོང་རྒྱུ། གྲོང་གསེབ་ཏུ་མཉམ་ལས་དཔལ་འབྱོར་གོང་སྤེལ་གཏོང་བར་སྐུལ་མ་གཏོང་རྒྱུ། བཟོ་ཚོང་གི་མ་རྩས་གྲོང་གསེབ་ཏུ་ཁེ་ལས་ཅན་གྱི་གཉེར་སྐྱོང་དང་འཚམ་པའི་དེང་རབས་ཀྱི་འདེབས་འཛུགས་སམ་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་དང་སྣེ་ཁྲིད་བྱ་རྒྱུ། ཞིང་པ་ཚོས་ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་དབང་དེ་མ་རྐང་ལ་བཞག་ནས་ཞིང་ལས་ཉིད་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་པ་སོགས་གོང་སྤེལ་བཏང་ཆོག་པ་བྱ་རྒྱུ་བཅས་ཡིན། གཉིས་ནི་ཞིང་པ་རྣམས་ལ་རྒྱུ་ནོར་གྱི་བདག་དབང་སྔར་བས་མང་བ་སྤྲོད་དགོས་པ་དེ་ཡིན། གཙོ་བོ་ནི་ཞིང་པའི་ས་ཞིང་འགན་གཙང་ལེན་གྱིས་གཉེར་སྐྱོང་བྱེད་པའི་དབང་ཆ་ཁྲིམས་ལྟར་སྲུང་སྐྱོང་བྱ་རྒྱུ་དང་། ཞིང་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མི་ཡིན་པའི་ཁེ་དབང་འགན་སྲུང་བྱ་རྒྱུ། ཞིང་དུད་ཀྱི་ཁང་སའི་ཁེ་ཕན་སྤྱོད་དབང་འགན་སྲུང་བྱ་རྒྱུ། ཞིང་པའི་སྡོད་ཁང་གི་རྒྱུ་དབང་གཏའ་མར་འཇོག་པ་དང་། ནང་བཤུག་གཏོང་བའི་ཆོད་ལྟ་བྱེད་གནས་གཟབ་བརླིང་ངང་སྐུལ་འདེད་གཏོང་རྒྱུ་བཅས་ཡིན། གསུམ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ངང་བརྗེ་རེས་དང་སྤྱི་པའི་ཐོན་ཁུངས་ཆ་སྙོམ་དང་བགོ་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས་པ་དེ་ཡིན། གཙོ་བོ་ནི་ཞིང་པ་ལས་མིའི་ལས་ཀ་འདྲ་བར་ཐོབ་ཆ་འདྲ་བ་འགན་སྲུང་བྱ་རྒྱུ་དང་། ཞིང་པས་ས་ཞིང་གི་གནས་ཐང་འཕར་བའི་ཁེ་འབབ་འདྲ་མཉམ་ཐོག་ལོངས་སུ་སྤྱོད་པར་འགན་སྲུང་བྱ་རྒྱུ་དང་གཅིག ཞིང་ལས་སྐོར་གྱི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་དང་གཉིས། སྤྱི་ཚོགས་ཀྱི་མ་རྩ་གྲོང་གསེབ་འཛུགས་སྐྲུན་ཐད་ལ་གཏོང་བར་སྐུལ་མ་གཏོང་རྒྱུ་དང་། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱིས་གྲོང་གསེབ་ཏུ་བྱ་གཞག་སྣ་ཚོགས་དར་སྤེལ་བཏང་ཆོག་པ་བཟོ་རྒྱུ་དང་གསུམ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཐོན་ཁུངས་ཆ་སྙོམས་སུ་བགོ་སྒྲིག་ལ་གཅིག་གྱུར་གྱིས་འཆར་འགོད་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་སྡེབ་སྒྲིག་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་གཅིག་གྱུར་གྱིས་གོང་སྤེལ་གཏོང་བར་སྐུལ་འདེད་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་གཏན་སྡོད་མི་འབོར་ཡོངས་ལ་ཁེབས་པར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དུ་ཁྱིམ་གཞིས་ཆགས་པའི་ཞིང་པ་རྣམས་གྲོང་ཁྱེར་དང་གྲོང་བརྡལ་གྱི་སྡོད་ཁང་དང་སྤྱི་ཚོགས་འགན་སྲུང་མ་ལག་ནང་འཇུག་རྒྱུ་དང་བཞི་བཅས་ཡིན། །

ལྔ་པ། གྲོས་མོལ་དམངས་གཙོ་རྒྱ་ཆེན་པོ་དང་བང་རིམ་མང་པོར་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར། གྲོས་མོལ་དམངས་གཙོ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་དམིགས་བསལ་དུ་ཡོད་པའི་རྣམ་པ་ཞིག་དང་ཐུན་མོང་མིན་པའི་བཟང་ཆ་ཞིག་ཡིན་པ་དང་། ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་གི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཡིན། གྲོས་མོལ་དམངས་གཙོར་སྐུལ་འདེད་བྱེད་པ་དེ་ནི་མི་དམངས་ཀྱིས་གོ་རིམ་ལྡན་པའི་ངང་སྲིད་ཞུགས་སྲིད་མོལ་བྱ་རྒྱུ་དང་། ཏང་དང་མི་དམངས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དམ་དུ་གཏང་རྒྱུ། ཇུས་ཐག་གཅོད་རྒྱུ་དེ་ཚན་རིག་ཅན་དང་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏང་རྒྱུ་བཅས་ལ་ཕན་ཐོགས་ཡོད། །

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་གྲོས་མོལ་དམངས་གཙོ་རྒྱ་ཆེན་པོ་དང་བང་རིམ་མང་པོར་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་རྒྱུ་དེ་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ནན་བཤད་བྱས་དོན། ཏང་གི་འགོ་ཁྲིད་འོག་ཏུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་གནད་དོན་གལ་ཆེན་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་དངོས་བརྗོད་གཞི་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁྱབ་རྒྱ་ཆེ་བའི་གྲོས་མོལ་བྱེད་པ་དང་། ཐབས་ཇུས་མ་བཏོན་གོང་དང་ཐབས་ཇུས་ལག་ལེན་བྱེད་རིང་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གོ་རིམ་ལུགས་མཐུན་ཡིན་ལ་ལས་རིམ་འཐུས་སྒོ་ཚང་བའི་གྲོས་མོལ་དམངས་གཙོའི་མ་ལག་བཙུགས་ཏེ། རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་དང་། སྲིད་གྲོས་རྩ་འཛུགས། ཏང་ཤོག་ཚོགས་པ། གཞི་རིམ་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་གྲོས་མོལ་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། ཁྲིམས་འཛུགས་གྲོས་མོལ་དང་། སྲིད་འཛིན་གྲོས་མོལ། དམངས་གཙོའི་གྲོས་མོལ། སྲིད་ཞུགས་གྲོས་མོལ། སྤྱི་ཚོགས་ཀྱི་གྲོས་མོལ་བཅས་གཏིང་ཟབ་ཏུ་སྤེལ་དགོས། འཐབ་ཕྱོགས་གཅིག་གྱུར་གྱིས་གྲོས་མོལ་དམངས་གཙོའི་ཁྲོད་དུ་ཐོན་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པ་དང་། གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དང་མ་ལག་འཐུས་ཚང་དུ་གཏོང་དགོས་པ། གྲོས་མོལ་བྱ་གཞི་དང་གྲོས་མོལ་གོ་རིམ་ཚད་ལྡན་དུ་གཏོང་དགོས་པ། གྲོས་མོལ་དམངས་གཙོའི་རྣམ་པ་རྒྱ་སྐྱེད་གཏོང་དགོས་པ། སྔར་བས་འཁྲུག་ཆ་དོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཆེད་དོན་གྲོས་མོལ་དང་། རིགས་མཐུན་གྲོས་མོལ། རིགས་ཁོངས་གྲོས་མོལ། གྲོས་གཞི་ཐག་གཅོད་ཀྱི་གྲོས་མོལ་བཅས་སྒྲིག་འཛུགས་བྱས་ཏེ། གྲོས་མོལ་བྱེད་ཚད་མང་དུ་གཏོང་དགོས་པ་དང་། གྲོས་མོལ་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་དགོས།

དྲུག་པ། ཁྲིམས་འཛིན་སྒྲིག་སྲོལ་དང་དེའི་འཁོར་སྐྱོད་ལམ་སྲོལ་བསྒྱུར་བཅོས་བྱ་རྒྱུའི་སྐོར།

ཁྲིམས་འཛིན་སྒྲིག་སྲོལ་ནི་ཆབ་སྲིད་སྒྲིག་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་ཁྲིམས་འཛིན་དྲང་སྙོམ་མིན་པའི་ཐད་ལ་མང་ཚོགས་བསམ་འཆར་ཅུང་མང་ལ་འདུ་ཆེ་བ་དང་། ཁྲིམས་འཛིན་ལ་སྤྱི་པའི་ཡིད་རྟོན་ཐོབ་ཚད་ཞན་པའི་རྒྱུ་མཚན་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན། ཁྲིམས་འཛིན་སྒྲིག་སྲོལ་དང་དེའི་ལས་ཀའི་ལམ་སྲོལ་ལུགས་མཐུན་མིན་པ་དང་འབྲེལ་བ་ཡོད།

ཁྲིམས་འཛིན་སྐོར་གྱི་བསྒྱུར་བཅོས་ནི་ཐེངས་འདིའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གཙོ་གནད་གྲས་ཤིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་ཕན་ཚུན་འབྲེལ་བ་ཡོད་པའི་ལས་སྒོ་རབ་དང་རིམ་པ་ཞིག་བཏོན་ཡོད་པ་སྟེ། དེའི་ནང་དུ་ཁྲིམས་འཛིན་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་བྱས་ཏེ། ཞིང་ཆེན་མན་གྱི་ས་གནས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་མི་རྒྱུ་དངོས་གསུམ་གཅིག་གྱུར་གྱིས་དོ་དམ་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་། སྲིད་འཛིན་ས་ཁོངས་བགོས་ཚུལ་དང་ལོགས་དགར་འོས་འཚམ་བྱེད་པའི་ཁྲིམས་འཛིན་བདག་ཁོངས་ལམ་ལུགས་འཚོལ་ཞིབ་ཀྱིས་འཛུགས་རྒྱུ་བཅས་དང་གཅིག ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གཙོ་འདྲི་ཁྲིམས་དཔོན་དང་མཉམ་གྲོས་ཁྲིམས་རས་གྱོད་གཞི་ཞིབ་གཅོད་བྱེད་པའི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། འདྲི་གཅོད་པར་ཁྲིམས་གཅོད་བྱེད་དུ་འཇུག་པ་དང་ཤན་འབྱེད་པས་ཁག་འགན་འཁུར་རྒྱུ་དང་གཉིས། ཉེས་ཆད་ཆག་ཡང་གཏོང་བ་དང་། ཚོད་བགམ་གློད་གྲོལ་གཏོང་བ། ཁག་ཐེག་ལྟར་བཙོན་ཁང་ཕྱིར་སྨན་བཅོས་བྱེད་དུ་འཇུག་པ་བཅས་ཀྱི་གོ་རིམ་ཚད་ལྡན་ནན་པོ་བཟོ་རྒྱུ་དང་གསུམ། གྱོད་གཞི་ནོར་འཁྲུལ་ཅན་མི་ཡོང་སྔོན་འགོག་དང་བྱུང་བ་ཡོ་བསྲང་། ཁག་འགན་བདའ་འདེད་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་དང་། ཁྲིམས་དང་མི་མཐུན་པའི་དཔང་རྟགས་རྩིས་འགྲོ་མེད་པའི་སྒྲིག་སྲོལ་ལག་བསྟར་ནན་པོ་བྱ་རྒྱུ་དང་བཞི། བཅའ་ཁྲིམས་དང་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་གཏུགས་ཀྱི་རིགས་བཅའ་ཁྲིམས་ལྟར་མཇུག་སྒྲིལ་རྒྱུའི་ལམ་ལུགས་འཛུགས་རྒྱུ་དང་ལྔ། ངལ་རྩོལ་སློབ་གཅུན་ལམ་ལུགས་རྩིས་མེད་དུ་གཏོང་རྒྱུ་དང་། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཉེས་ཆད་གཅོད་པ་དང་ཡོ་བསྲང་བྱེད་པའི་སྐོར་གྱི་བཅའ་ཁྲིམས་འཐུས་ཚང་བཟོ་རྒྱུ་དང་དྲུག་བཅས་ཚུད་ཡོད། །

བསྒྱུར་བཅོས་བྱེད་ཐབས་དེ་དག་ནི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་ཀྱིས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྤྱོད་རྒྱུ་ཁག་ཐེག་ཡོང་རྒྱུ་དང་། དབང་འགན་གཉིས་གསལ་གྱི་ཁྲིམས་འཛིན་དབང་ཆའི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏང་རྒྱུ། ཁྲིམས་འཛིན་གསལ་ཚད་དང་སྤྱི་པའི་ཡིད་རྟོན་ཐོབ་ཚད་ཆེ་རུ་གཏང་རྒྱུ། འགྲོ་བ་མིའི་ཐོབ་ཐང་འགན་སྲུང་སྔར་ལས་ལྷག་པར་བྱ་རྒྱུ་བཅས་གང་ཅིའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཡོད། །

བདུན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་འཛུགས་རྒྱུའི་སྐོར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཏང་ཕྱི་ནང་ཀུན་ཏུ་གླེང་རྒྱུ་རྩོད་རྒྱུ་ཅུང་མང་བའི་གནད་དོན་ཞིག་ཡིན། ད་ལྟའི་གནད་དོན་གཙོ་བོ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཁུངས་ཀྱི་འགན་ནུས་ཐར་ཐོར་དུ་གྱུར་པ་དང་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆགས་མེད་པས། གྱོད་དོན་ལ་ལ་ཞིབ་གཅོད་མཐར་ཕྱིན་བྱེད་དཀའ་བ་དང་། རུལ་སུངས་ཀྱི་གྱོད་དོན་འབྱུང་མང་ཡང་ཁག་འགན་བདའ་འདེད་བྱེད་ཤུགས་ཞན་པ་བཅས་ཡིན། །

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་སྒྲིག་ཕྱོགས་དང་ལམ་སྲོལ་གསར་གཏོད་བྱ་རྒྱུ་དང་ལམ་ལུགས་ཀྱིས་འགན་སྲུང་བྱ་རྒྱུར་ཤུགས་སྣོན་རྒྱག་ཕྱོགས་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད་དེ། གཙོ་བོ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཏང་གིས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ཏང་ཨུ་ཡིས་བྱེད་པོའི་འགན་འཁྲི་འཁུར་རྒྱུ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ལྟ་སྐུལ་བྱེད་འགན་འཁུར་རྒྱུ། ལག་ལེན་དུ་འཁྱོལ་ཐུབ་པའི་ཁག་འགན་བདའ་འདེད་ལམ་ལུགས་གཏན་འབེབས་བཟོས་ཏེ་ལག་བསྟར་བྱ་རྒྱུ་བཅས་དང་གཅིག རུལ་རྒོལ་གྱི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དང་། རུལ་རྒོལ་མཐུན་སྦྱོར་ཚོ་ཆུང་རིམ་པ་ཁག་གི་འགན་ནུས་བསྒྱུར་བཅོས་དང་འཐུས་ཚང་དུ་གཏང་རྒྱུ། རུལ་སུངས་ཀྱི་གྱོད་དོན་ཞིབ་གཅོད་བྱེད་སྐབས་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་འཛིན་དགོས་པའི་གཏན་འཁེལ་བྱས་པ་བཅས་དང་གཉིས། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་འོག་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་མཚོན་པར་བྱས་ཏེ། ཁུངས་སྣེ་རྩད་གཅོད་དང་གྱོད་དོན་ཞིབ་གཅོད་བྱེད་སྐབས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུ་ལ་སྙན་སེང་ཞུ་བ་དང་ཆབས་ཅིག་ངེས་པར་དུ་གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ལ་སྙན་སེང་ཞུ་དགོས་པའི་གཏན་འཁེལ་བྱས་པ་དང་གསུམ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཀྲུང་དབྱང་རིམ་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ལ་སྒྲིག་ཁྲིམས་ཞིབ་བཤེར་ཚན་པ་མངགས་གཏོང་བྱ་རྒྱུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དང་། ཀྲུང་དབྱང་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཅས་ཀྱི་སྐོར་ཞིབ་ལམ་ལུགས་ལེགས་བཅོས་བྱ་རྒྱུ། ས་གནས་དང་སྡེ་ཁག ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཡོངས་ལ་ཁྱབ་པར་བྱ་རྒྱུ་དང་བཞི་བཅས་ཡིན། །

བྱེད་ཐབས་དེ་དག་ཚང་མ་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་། ཕྱོགས་གང་ཅིའི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞི་ཐོག་བཏོན་པ་ཡིན། །

བརྒྱད་པ། འཕྲིན་སྦྲེལ་དྲ་བར་དོ་དམ་དང་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་མགྱོགས་པོར་འཐུས་ཚང་དུ་གཏོང་རྒྱུའི་སྐོར། འཕྲིན་སྦྲེལ་དྲ་བ་དང་ཆ་འཕྲིན་གྱི་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་མིན་ལ་ཐུག་ཡོད་པ་དང་། ང་ཚོར་འཕྲད་པའི་ཕྱོགས་བསྡུས་ཅན་གྱི་འགྲན་སློང་ཞིག་ཡིན། །

ལག་ལེན་གྱི་ཐོག་ནས་བལྟས་ན། འཕྲིན་སྦྲེལ་དྲ་བའི་ལག་རྩལ་དང་བཀོལ་སྤྱོད་འཕེལ་རྒྱས་ཤིན་ཏུ་མྱུར་བར་ལྟོས་ན། ད་ལྟ་ལག་བསྟར་བྱེད་པའི་སྒྲིག་སྲོལ་ལ་ཞན་ཆ་མངོན་གསལ་ལྡན་ཡོད་པ་སྟེ། གཙོ་བོ་ནི་ཕྱོགས་མང་པོས་དོ་དམ་བྱེད་པ་དང་། འགན་ནུས་བསྣོལ་ཅིང་འཛིང་བ། དབང་ཆ་དང་ཁག་འགན་འདྲ་མཚུངས་མིན་པ། ལས་ཕྱོད་ཞན་པ་བཅས་རེད། དུས་མཚུངས་འཕྲིན་སྦྲེལ་དྲ་བའི་སྨྱན་སྦྱོར་གྱི་ངོ་བོ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བ་དང་བསྟུན་ནས། དྲ་ཐོག་སྨྱན་སྦྱོར་གྱི་དོ་དམ་དང་ཐོན་ལས་ཀྱི་དོ་དམ་གཉིས་ཀྱིས་གནས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་རྗེས་རིང་ནས་ཟིན་ཐུབ་ཀྱི་མེད་པ་དང་། ལྷག་པར་དུ་ཁྱབ་སྤེལ་མྱུར་བ་དང་། ཤུགས་རྐྱེན་ཆེ་བ། ཁྱབ་རྒྱ་ཆེ་བ། སྤྱི་ཚོགས་སྐུལ་སློང་བྱེད་ནུས་ཆེ་བ་བཅས་ཀྱི་པོད་ཕྲན་དང་འཕྲིན་ཕྲན་སོགས་སྤྱི་ཚོགས་ཀྱི་འབྲེལ་གཏུག་དྲ་བ་དང་འཕྲལ་མྱུར་འཕྲིན་སྐྱེལ་ཡོ་བྱད་སྤྱོད་མཁན་མགྱོགས་པོར་འཕར་བར་ཁ་གཏད་དེ། ཇི་ལྟར་བྱས་ནས་འཕྲིན་སྦྲེལ་དྲ་བའི་སྐོར་གྱི་ཁྲིམས་ལུགས་འཛུགས་སྐྱོང་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕྲིན་སྦྲེལ་དྲ་བའི་བརྡ་འཕྲིན་སྒྲོག་སྤེལ་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་བརྟན་ལྷིང་བཅས་འགན་ལེན་བྱ་རྒྱུ་དེ་ནི་ང་ཚོའི་མདུན་དུ་ལྷགས་པའི་དངོས་ཡོད་གནད་དོན་ཆེན་པོ་ཞིག་རེད།

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་བསྟན་དོན། བེད་སྤྱོད་ཧུར་ཐག་བྱ་རྒྱུ་དང་། ཚན་རིག་དང་མཐུན་པར་གོང་སྤེལ་གཏང་རྒྱུ། བཅའ་ཁྲིམས་ལྟར་དོ་དམ་བྱ་རྒྱུ། བདེ་འཇགས་འགན་སྲུང་བྱ་རྒྱུ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་ལྟར་དྲ་བར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འཕྲིན་སྦྲེལ་དྲ་བར་དོ་དམ་དང་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་མགྱོགས་པོར་འཐུས་ཚང་དུ་གཏོང་དགོས་ཚུལ་བཏོན་ཡོད། དེའི་དམིགས་ཡུལ་ནི་འབྲེལ་ཡོད་ལས་ཁུངས་ཁག་གི་འགན་ནུས་སྡེབ་སྒྲིག་བྱས་ཏེ་ལག་རྩལ་ནས་ནང་དོན་གྱི་བར་དང་། རྒྱུན་གཏན་གྱི་བདེ་འཇགས་ནས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་བར་གྱི་འཕྲིན་སྦྲེལ་དྲ་བར་དོ་དམ་བྱེད་པའི་སྒྲིལ་ཤུགས་ཆགས་པར་བྱས་ཏེ། འཕྲིན་སྦྲེལ་དྲ་བ་བཀོལ་སྤྱོད་ཡང་དག་པ་དང་བདེ་འཇགས་ཡོང་རྒྱུ་ཁག་ཐེག་བྱེད་པའི་ཆེད་དུ་ཡིན།

དགུ་པ། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུ་ནི་བསྒྱུར་བཅོས་དང་གོང་སྤེལ་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན། རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་བྱུང་ན་གཞི་ནས་བསྒྱུར་བཅོས་དང་གོང་སྤེལ་མུ་མཐུད་སྐུལ་འདེད་གཏོང་ཐུབ། མིག་སྔར་རང་རྒྱལ་གྱི་མདུན་དུ་ཕྱི་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་པ་དང་། ནང་དུ་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་སྐྱོབ་བྱེད་པའི་གནོན་ཤུགས་ཉིས་བརྩེགས་ལྷགས་ཡོད་པ་དང་། སྔོན་དཔག་ཐུབ་པ་དང་སྔོན་དཔག་མི་ཐུབ་པའི་ཉམས་ཉེན་གྱི་རྒྱུ་རྐྱེན་སྣ་ཚོགས་མངོན་གསལ་གྱིས་མང་དུ་འགྲོ་བཞིན་ཡོད། འོན་ཀྱང་ང་ཚོའི་བདེ་འཇགས་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་དགོས་མཁོ་དང་འཕྲོད་མི་ཐུབ་པར་བརྟེན། ལས་སྟེགས་སྟོབས་ལྡན་ཞིག་བཙུགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཀ་སྡེབ་གཅིག་ཏུ་འཛིན་དགོས། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་བཙུགས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཀར་གཅིག་སྡུད་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ནི་དགོས་གཏུགས་ཆེ་བར་གྱུར་ཡོད།

རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་གཙོ་བོ་ནི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་འཐབ་ཇུས་གཏན་འབེབས་དང་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་བདེ་འཇགས་སྐོར་གྱི་ཁྲིམས་སྐྱོང་འཛུགས་སྤེལ་ལ་སྐུལ་འདེད་གཏང་རྒྱུ། རྒྱལ་ཁབ་བདེ་འཇགས་སྐོར་གྱི་ལས་ཀའི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་བྱ་རྒྱུ། རྒྱལ་ཁབ་བདེ་འཇགས་ལས་ཀའི་ནང་གི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་བྱ་རྒྱུ་བཅས་ཡིན།

བཅུ་པ། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་འཛུགས་རྒྱུ་དང་རང་བྱུང་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏང་རྒྱུའི་སྐོར། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་བར་འཛུགས་རྒྱུ་དེ་ནི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བསྒྱུར་བཅོས་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་མ་ལག་ཆ་ཚང་བ་ཞིག་འཛུགས་པའི་ནང་གནས་ཀྱི་བླང་བྱའང་རེད།

རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་གནད་དོན་མངོན་གསལ་དོད་པོ་ཁ་ཤས་གནས་ཡོད་པ་ནི་ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་སྒྲིག་སྲོལ་འཐུས་སྒོ་མི་ཚང་བ་ལ་ཐུག་ཡོད། དེའི་རྒྱུ་རྐྱེན་གྲས་ཤིག་ནི་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་ཡོད་མཁན་གཏན་འཁེལ་མེད་པ་དང་། བདག་དབང་ཡོད་མཁན་གྱི་ཁེ་དབང་དོན་ཐོག་ལ་འཁྱོལ་མི་ཐུབ་པ་དེ་རེད། གནད་དོན་འདིར་དམིགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། སྤྱིའི་བསམ་ཕྱོགས་ནི། བདག་པོ་དང་དོ་དམ་པ་ལོགས་དགར་བྱེད་དགོས་པ་དང་། དོན་རྩ་རེ་རེ་བཞིན་སྡེ་ཚན་རེ་རེས་དོ་དམ་བྱེད་དགོས་པའི་རྩ་དོན་ལྟར། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་བདག་དབང་དོན་འཁྱོལ་བྱེད་དགོས་པ་དང་། དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གྱི་བདག་དབང་ཡོད་མཁན་གྱི་འགན་འཁྲི་གཅིག་གྱུར་གྱིས་སྤྱོད་པའི་སྒྲིག་སྲོལ་འཛུགས་དགོས་པ་དེ་ཡིན།

རྒྱལ་ཁབ་ཀྱིས་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་བདག་དབང་སྤྲོད་རྒྱུ་མ་ཟད་དོ་དམ་ཡང་བྱ་རྒྱུ་དེ་ནི། རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་རང་བྱུང་ཐོན་ཁུངས་ལ་ལྟ་སྐུལ་དང་དོ་དམ་བྱེད་དབང་སྤྱོད་པ་དང་མི་འདྲ་བ་ཡིན་ཏེ། སྔ་མ་ནི་བདག་དབང་ཡོད་མཁན་ངོས་ཀྱི་ཁེ་དབང་ཡིན་པ་དང་། ཕྱི་མ་ནི་དོ་དམ་པའི་ངོས་ཀྱི་ཁེ་དབང་རེད། དེར་བརྟེན་རང་བྱུང་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོ་དོ་དམ་བྱེད་པའི་འགན་འཁྲི་གཅིག་གྱུར་གྱིས་བསྒྲུབས་ནས། གཞུང་དབང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གྱི་རྒྱུ་བདག་དང་རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་པ་གཉིས་ཕན་ཚུན་རང་རྐྱ་འཕེར་བ་དང་། ཕན་ཚུན་གཞོགས་འདེགས། ཕན་ཚུན་ལྟ་སྐུལ་བཅས་ཡོང་བར་བྱེད་དགོས། །

ང་ཚོས་ཤེས་དགོས་པ་ཞིག་ལ། རི་ཆུ་ནགས་གསུམ་དང་ས་ཞིང་མཚེའུ་བཅས་པ་ནི་ཆེ་སྲོག་གི་རྟེན་འབྲེལ་ཞིག་ཡིན་པ་སྟེ། མི་གྲོགས་ཞིང་དང་། ཞིང་གྲོགས་ཆུ། ཆུ་གྲོགས་རི། རི་གྲོགས་ས། ས་གྲོགས་ཤིང་རེད། སྤྱོད་སྒོ་དོ་དམ་དང་སྐྱེ་ཁམས་ཉམས་གསོ་བྱེད་ན་ངེས་པར་དུ་རང་བྱུང་ཆོས་ཉིད་བསྲུང་བརྩི་བྱེད་དགོས་པ་དང་། གལ་ཏེ་ཤིང་འཛུགས་མཁན་གྱིས་ཤིང་ལས་ཁོ་ན་འཛིན་པ་དང་། ཆུ་བཅོས་མཁན་གྱིས་ཆུ་ལས་ཁོ་ན་འཛིན་པ། ཞིང་སྲུང་མཁན་གྱིས་ཞིང་ཁོ་ན་འཛིན་པ་ཡིན་ན། ཐང་གི་རྡོ་བླངས་རུམ་གྱི་བྲོ་བོར་བ་ཟེར་བའི་དཔེ་ལྟར། མཐའ་མཇུག་ཏུ་སྐྱེ་ཁམས་ལ་རྩ་ལག་རང་བཞིན་ཅན་གྱི་གཏོར་སྐྱོན་ཐེབས་ཀྱི་ཡོད། དེ་ལ་ལས་ཁུངས་གཅིག་གིས་རྒྱལ་ཁབ་ཀྱི་མངའ་ཁོངས་བར་སྟོང་གི་སྤྱོད་སྒོར་དོ་དམ་བྱེད་པའི་འགན་འཁྲི་ཡོད་ཚད་བསྒྲུབས་ཏེ། རི་ཆུ་ནགས་གསུམ་དང་ས་ཞིང་མཚེའུ་བཅས་པར་གཅིག་གྱུར་གྱིས་སྲུང་སྐྱོབ་དང་། གཅིག་གྱུར་གྱིས་ཉམས་གསོ་བྱ་རྒྱུ་ནི་དགོས་གལ་ཆེན་པོ་ཞིག་རེད།

བཅུ་གཅིག་པ། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚོ་ཆུང་འཛུགས་རྒྱུའི་སྐོར། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་ནི་མ་ལག་ཆ་ཚང་གི་ལས་གཞི་རྙོག་འཛིང་ཅན་ཞིག་ཡིན་པས། སྡེ་ཚན་གཅིག་གམ་ལས་ཁུངས་འགའ་ཞིག་ཙམ་ལ་བརྟེན་ནས་འགྲུབ་ཐུབ་པ་ཞིག་མ་ཡིན་པར་བརྟེན། རིམ་པ་སྔར་ལས་མཐོ་བའི་འགོ་ཁྲིད་ལམ་སྲོལ་འཛུགས་དགོས།

ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་བཏོན་དོན། ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་འགོ་ཁྲིད་ཚོ་ཆུང་བཙུགས་ཏེ། བསྒྱུར་བཅོས་ལ་སྤྱི་ཁོག་ཇུས་གཞི་འགོད་པ་དང་། གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པ། ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ། དོན་འཁྱོལ་ཡོང་རྒྱུར་ལྟ་སྐུལ་བྱེད་པ་བཅས་ཀྱི་འགན་འཁྲི་འཁུར་དགོས། དེ་ནི་ཏང་གིས་སྤྱི་ཡོངས་ལ་བཀོད་པ་གཏོང་བ་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཏེ། བསྒྱུར་བཅོས་བདེ་བླག་ངང་སྤེལ་ཐུབ་རྒྱུ་དང་བསྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱེད་པའི་ཆེད་དུ་ཡིན། འགོ་ཁྲིད་ཚོ་ཆུང་གི་འགན་འཁྲི་གཙོ་བོ་ནི། རྒྱལ་ཡོངས་རང་བཞིན་ཅན་གྱི་བསྒྱུར་བཅོས་གལ་ཆེན་སྡེབ་གཅིག་ཏུ་བཀོད་སྒྲིག་བྱེད་པ་དང་། ཁྱབ་ཁོངས་ཁག་གི་བསྒྱུར་བཅོས་སྡེབ་གཅིག་ཏུ་སྐུལ་སྤེལ་གཏོང་བ། ཕྱོགས་གང་ཅིའི་སྟོབས་ཤུགས་མཐུན་སྦྱོར་བཅས་བྱས་ནས་བསྒྱུར་བཅོས་ཀྱི་སྒྲིལ་ཤུགས་ཆགས་པར་བྱེད་པ། ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བསྒྱུར་བཅོས་ཀྱི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དེ་ཡིན།

གསུམ། གྲོས་བསྡུར་བྱེད་རིང་དོ་སྣང་བྱེད་དགོས་པའི་གནད་དོན་གལ་ཆེན་འགའ་ཞིག་སྐོར།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་ནི་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་བཏོན་པའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་བསམ་ཕྱོགས་དང་འཆར་བཀོད་གྲོས་སྡུར་བྱ་རྒྱུ་དེ་ཡིན། འདིར་ངས་ལྷན་རྒྱས་ལ་བླང་བྱ་འགའ་འདོན་རྒྱུ་ཡིན། །

དང་པོ། བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་བའི་ཡིད་ཆེས་དང་བློ་སྟོབས་ཆེ་རུ་གཏོང་དགོས། བསྒྱུར་བཅོས་སྒོ་འབྱེད་ནི་དུས་རབས་གསར་པའི་ཆ་རྐྱེན་འོག་ང་ཚོའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་སྤེལ་བའི་རླབས་ཆེ་བའི་གསར་བརྗེ་གསར་པ་ཞིག་ཡིན་པ་དང་། དེང་རབས་ཀྱི་ཀྲུང་གོའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཡིན་ལ། ང་ཚོའི་ཏང་གི་དར་ཆ་མངོན་གསལ་དོད་ཤོས་ཀྱང་རེད། ལོ35རིང་ལ། ང་ཚོའི་ཏང་གིས་གང་ལ་བརྟེན་ནས་མི་སེམས་སྐུལ་སློང་དང་། བསམ་བློ་གཅིག་གྱུར། སྟོབས་ཤུགས་ཆིག་སྒྲིལ་བྱས་པ་དང་། གང་ལ་བརྟེན་ནས་མི་དམངས་ཡོངས་ཀྱི་གསར་གཏོད་ཀྱི་སྙིང་སྟོབས་དང་སྐྱེ་སྟོབས་རྒྱས་སུ་བཅུག་པ། གང་ལ་བརྟེན་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་མགྱོགས་པོ་ཡོང་བར་བྱས་ཏེ་མ་རྩའི་རིང་ལུགས་དང་འགྲན་རྩོད་བྱེད་པའི་ནང་དུ་བལྟོས་བཅོས་ཀྱི་བཟང་ཆ་ཆེ་ཙམ་ཐོབ་པ་རེད་དམ་ཞེ་ན། བསྒྱུར་བཅོས་སྒོ་འབྱེད་ཉིད་ལ་བརྟེན་ནས་བྱུང་བ་རེད། །

མ་འོངས་པར་ཁ་ཕྱོགས་ཏེ། གོང་འཕེལ་ལ་ཐུག་པའི་དཀའ་གནད་སྣ་ཚོགས་སེལ་དགོས་པ་དང་། ཕྱོགས་གང་ཅིའི་ཉམས་ཉེན་དང་འགྲན་སློང་ཁྱད་དུ་གསོད་དགོས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་དགོས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་མཐུད་དང་སྐྱོན་བྲལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ལ། བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་ལས་ཐབས་གཞན་པ་མེད། །

དེང་སྐབས། བསྒྱུར་བཅོས་སྒོ་འབྱེད་ཀྱི་གནད་དོན་ལ་ཏང་ཕྱི་ནང་དང་། རྒྱལ་ཁབ་ཕྱི་ནང་ཚང་མས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ཏང་ཡོངས་ཀྱི་གོང་འོག་དང་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིས་རེ་ལྟོས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། བསྒྱུར་བཅོས་སྒོ་འབྱེད་ཀྱི་དར་ཆ་ནི་ངེས་པར་དུ་མུ་མཐུད་མཐོན་པོར་སྒྲེང་དགོས་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡང་དག་པ་ནི་ངེས་པར་དུ་མི་འགྱུར་མཐའ་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་བསྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་པོར་བཅངས་ཏེ། ཆབ་སྲིད་ཀྱི་བློ་སྟོབས་དང་བློ་གྲོས་སྔར་ལས་ཆེ་བ་དང་། བྱེད་ཐབས་དང་ཐབས་ཤེས་སྔར་ལས་ནུས་པ་ལྡན་པ་སྤྱད་དེ་བསྒྱུར་བཅོས་ལ་སྐུལ་སྤེལ་གཏོང་དགོས།

གཉིས་པ། བསམ་བློ་བཅིངས་འགྲོལ་གཏང་རྒྱུ་དང་དངོས་ཐོག་བདེན་འཚོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བསྒྱུར་བཅོས་སྒོ་འབྱེད་ཀྱི་དར་ཆ་མཐོན་པོར་སྒྲེང་བ་ལ། ལངས་ཕྱོགས་དང་རྣམ་འགྱུར་ཁོ་ན་ཡོད་པ་ཙམ་གྱིས་མི་ཆོག་པར། ངེས་པར་དུ་བྱེད་ཐབས་ཏན་ཏན་ཏིག་ཏིག་ལྡན་དགོས། བྱ་སྤྱོད་ལ་གོ་སྐོན་གྱི་ནུས་པ་ཆེ་ཤོས་ལྡན་ཡོད། ཀྲུང་དབྱང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གོ་སྐབས་བཟང་པོ་འདི་སྤྱད་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་བཀོད་སྒྲིག་བྱས་པ་འདི་ནི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན། ང་ཚོས་གོ་སྐབས་འདི་མི་འཆོར་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཕྱོགས་སུ་ཐོད་བརྒལ་གསར་པ་བྱེད་དགོས། ཐོད་བརྒལ་གསར་པ་བྱེད་དགོས་ན་ངེས་པར་དུ་བསམ་བློ་བཅིངས་འགྲོལ་སྔར་ལས་ལྷག་པར་གཏོང་དགོས།

བསམ་བློ་ལྟ་བའི་བཀག་རྒྱ་སེལ་བ་དང་ཁེ་ཕན་གཏན་ཆགས་སུ་གྱུར་པའི་སྒོ་ར་གཏོར་དགོས་ན། བསམ་བློ་བཅིངས་འགྲོལ་གཏང་རྒྱུ་ནི་གལ་ཆེ་ཤོས་རེད། བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གནད་དོན་གྱི་སྟེང་ནས་བཤད་ན། བསམ་བློ་ལྟ་བའི་འགོག་རྐྱེན་འགའ་ཞིག་ནི་སྒྲིག་སྲོལ་གྱི་ཕྱི་རོལ་ནས་བྱུང་བ་མ་ཡིན་པར་སྒྲིག་སྲོལ་གྱི་ནང་ནས་བྱུང་བ་རེད། བསམ་བློ་བཅིངས་འགྲོལ་མ་བཏང་ན། ཁེ་ཕན་སྣ་ཚོགས་གཏན་ཆགས་སུ་གྱུར་པའི་གཞི་རྩ་གང་ལ་ཐུག་པ་ང་ཚོས་གསལ་པོར་ཤེས་དཀའ་བ་དང་། ཐོད་བརྒལ་བྱེད་པའི་ཁ་ཕྱོགས་དང་ཤུགས་རྒྱག་ས་གནད་དུ་ཟིན་དཀའ་ལ། གསར་སྐྲུན་རང་བཞིན་ཅན་གྱི་བསྒྱུར་བཅོས་བྱེད་ཐབས་འདོན་དཀའ་བ་རེད། དེར་བརྟེན་རང་གིས་རང་ཉིད་གསར་བརྗེ་བྱེད་ཕོད་པའི་བློ་སྟོབས་དང་བློ་རྒྱ་ངེས་པར་དུ་ལྡན་དགོས་པ་དང་། ངེས་སྲོལ་སྣ་ཚོགས་ཀྱི་འཆིང་རྒྱ་ལས་འགྲོལ་དགོས་ཤིང་། སྡེ་ཚན་གྱི་ཁེ་ཕན་གྱི་འགལ་རྐྱེན་སེལ་དགོས་ཐོག ཧུར་བརྩོན་རང་འགུལ་གྱི་སྙིང་སྟོབས་ཆེན་པོས་བསྒྱུར་བཅོས་ཀྱི་བྱེད་ཐབས་ཞིབ་འཇུག་དང་གསར་འདོན་བྱེད་དགོས།

བསྒྱུར་བཅོས་ཀྱི་བྱེད་ཐབས་འདོན་སྐབས་གཟབ་ནན་ཆེ་དགོས་པ་ལོས་ཀྱང་ཡིན་པས། ཞིབ་འཇུག་ཡང་ཡང་དང་། རིགས་པས་ཁུངས་སྐྱེལ་ཡང་ཡང་བྱེད་དགོས་མོད་ཀྱང་། དེའི་དབང་གིས་གུ་དོག་བག་འཁུམས་ཀྱི་དབང་དུ་གྱུར་ནས་གང་ཡང་བྱེད་མི་ཕོད་པ་དང་ཚོད་ལྟ་བྱེད་མི་ཕོད་པ་བྱེད་མི་རུང་། བསྒྱུར་བཅོས་བྱེད་ན། ད་ལྟའི་ལས་ཀའི་སྤེལ་སྟངས་དང་སྒྲིག་སྲོལ་འཁོར་རྒྱུག་བྱེད་སྟངས་དེ་ཕྲན་ཙམ་ཡང་མི་གཏོར་བ་མི་སྲིད་པ་དང་། གཡོ་མེད་བརྟན་འཇགས་ཤིག་ཡོང་མི་སྲིད་ལ། ཉེན་ཁ་གང་ཡང་མི་འབྱུང་བ་གཏན་ནས་མི་སྲིད། རིགས་པས་ཁུངས་སྐྱེལ་དང་དཔྱད་དཔག་གང་ལེགས་བྱུང་བ་དང་། དོན་དངོས་དང་མཐུན་པ་དང་སྒྲུབ་དགོས་ངེས་ཀྱང་ཡིན་ཕྱིན། སྒྲུབ་དགོས་རིགས་ཚང་མ་བློ་ཁོག་ཆེན་པོས་སྒྲུབ་དགོས། །

གསུམ་པ། སྤྱི་ཁོག་གནས་བབ་ལ་དམིགས་ནས་གནད་དོན་ལ་བསམ་གཞིགས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གྱི་སྤྱི་ཁོག་གནས་བབ་ལ་ཐུག་པའི་འཐབ་ཇུས་ཀྱི་བཀོད་པ་ཆེན་པོ་ཡིན་པ་ལས། ཁྱབ་ཁོངས་གཅིག་གམ་ཕྱོགས་ག་གེ་མོའི་བསྒྱུར་བཅོས་ཁེར་རྐྱང་ཞིག་མ་ཡིན། “སྤྱི་ཁོག་ལས་སྒོ་མ་ཟིན་པས། བྱེ་བྲག་ལས་ཀྱང་འཇོན་མི་ནུས” ཟེར་སྲོལ་ཡོད། ལྷན་རྒྱས་ཚང་མ་སྡེ་ཚན་དང་ལས་ཁུངས་མི་འདྲ་བ་ནས་ཡོང་བ་ཡིན་པས། ཚང་མས་སྤྱི་ཁོག་གནས་བབ་ལ་དམིགས་ནས་བསམ་གཞིགས་བྱེད་དགོས་པ་དང་། ཐོག་མར་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་བཏོན་རིགས་སྤྱི་ཁོག་གི་དགོས་མཁོ་དང་མཐུན་མིན་ལ་ལྟ་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཡོད་མེད་ལ་ལྟ་དགོས། དངོས་གནས་དྲང་གནས་མདུན་ཕྱོགས་ལ་རྒྱང་ལྟ་དང་། སྔོན་ཚོད་ཀྱི་བསམ་གཞིགས་དང་སྔོན་ཚུད་ནས་ཇུས་འགོད་བཅས་བྱེད་དགོས། དེ་འདྲ་བྱས་ན་གཞི་ནས་མཇུག་མཐར་བྱུང་བའི་ཡིག་ཆ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་གོང་འཕེལ་ཡོང་བའི་བླང་བྱ་དང་མཐུན་ཐུབ།

ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་རྩེ་རིམ་གྱི་ཇུས་འགོད་དང་སྤྱི་ཡོངས་ཀྱི་ཇུས་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། བསྒྱུར་བཅོས་ཀྱི་རྣམ་གྲངས་ཁག་དཀྱུས་གཅིག་ཏུ་འབྲེལ་བའི་རང་བཞིན་དང་། ཆ་ལག་ཚང་བའི་རང་བཞིན། སྒྲུབ་འཐུས་པའི་རང་བཞིན་བཅས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་སྙིང་སྟོབས་ཆེ་དགོས་པ་དང་གོམ་སྟབས་བརྟན་དགོས་ཞེས་བཤད་པར། གོམ་སྟབས་བརྟན་དགོས་ཟེར་བ་ནི་སྡེབ་གཅིག་ཏུ་བསམ་བློ་གཏོང་དགོས་པ་དང་། ཁྱོན་ཡོངས་ནས་རིགས་པས་ཁུངས་སྐྱེལ་དགོས་པ། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་དགོས་པར་ཟེར་བ་ཡིན། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས། དཔལ་ཡོན་བཅས་ཀྱི་ཁྱབ་ཁོངས་ཁག་བསྒྱུར་བཅོས་བྱ་རྒྱུ་ནི་ཏང་གི་འཛུགས་སྐྲུན་སྐོར་གྱི་བསྒྱུར་བཅོས་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་ཡོད་པ་དང་གཅིག་ལ་གཅིག་འདྲེས་ཡིན་པས། ཁྱབ་ཁོངས་གང་ཞིག་གི་བསྒྱུར་བཅོས་ཡིན་རུང་དེས་ཁྱབ་ཁོངས་གཞན་པའི་བསྒྱུར་བཅོས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པ་དང་དུས་མཚུངས། ཁྱབ་ཁོངས་གཞན་དག་གི་བསྒྱུར་བཅོས་ཀྱིས་ཀྱང་དེ་ལ་རམ་འདེགས་དམ་ཚགས་བྱེད་དགོས། ཁྱབ་ཁོངས་ཁག་གི་བསྒྱུར་བཅོས་ཆ་ཡ་མི་འགྲིག་པར་ཕྱོགས་གང་ཅིའི་བསྒྱུར་བཅོས་བྱེད་ཐབས་ཕན་ཚུན་འགལ་རྐྱེན་དུ་གྱུར་པ་ཡིན་ན། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དེ་སྐུལ་འདེད་གཏོང་དཀའ་བ་དང་། སྐུལ་འདེད་གཏོང་ཐུབ་ཙམ་བྱུང་བའི་དབང་དུ་བཏང་ཡང་ཕན་འབྲས་ཧ་ཅང་ཆུང་བ་རེད།