ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་བཅུ་བཞི་བ།༽བསམ་བློ་ཉིད་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཏན་ཏིག་བྱེད་དགོས།

ཁུངས། ཀློག་གྲངས།

༄༅ ། །བསམ་བློ་ཉིད་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཐོག་ཏུ་གཅིག་གྱུར་ཏན་ཏིག་བྱེད་དགོས།

( 2013ལོའི་ཟླ11ཚེས12ཉིན། )

ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་བྱུང་བ་ཡིན་ན་ད་གཟོད་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བསམ་བློ་དང་བློ་སྟོབས་གཅིག་གྱུར་བྱེད་ཐུབ་པ་དང་། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་སྒྲིལ་ཤུགས་ཆེན་པོ་ཞིག་ཆགས་ཐུབ།

འདིར་ཁོ་བོས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་སློབ་སྟོན་བསམ་བློ་དང་སྤྱིའི་བསམ་ཕྱོགས། དམིགས་འབེན་ལས་འགན་བཅས་གཞིར་བཞག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་སྐོར་ལ་རེ་བ་འགའ་འདོན་རྒྱུ་ཡིན། །

དང་པོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏང་རྒྱུ་དེ་བསྒྱུར་བཅོས་སྒོ་འབྱེད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་སྤྱིའི་དམིགས་འབེན་ལ་འཛིན་དགོས། བློ་མཐུན་ཏེང་ཞའོ་ཕིན་གྱིས1992ལོར་ད་དུང་ལོ་ངོ30ཙམ་སོང་མཚམས་ང་ཚོར་ཕྱོགས་གང་ཅིའི་ཐད་ནས་སྔར་ལས་བྱང་ཆུབ་པ་དང་སྔར་ལས་གཏན་འཁེལ་བའི་ལམ་ལུགས་ཆ་ཚང་ཞིག་གཞི་ནས་ཆགས་ཐུབ་པ་འདྲ་ཞེས་བསྟན་དོན། ད་རེས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་བློ་མཐུན་ཏེང་ཞའོ་ཕིན་གྱི་འཐབ་ཇུས་ཀྱི་བསམ་བློའི་རྨང་གཞིའི་སྟེང་དུ་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏོང་དགོས་པ་བཏོན་ཡོད། འདི་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་སྤེལ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ཡོད་དགོས་པའི་ནང་དོན་ཡང་ཡིན། ང་ཚོས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གནད་དོན་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཐག་བཅད་པའི་རྒྱུ་མཚན་ནི། ཁྱབ་ཁོངས་གཅིག་གི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ཁོ་ན་ཡིན་པ་དང་། ཁྱབ་ཁོངས་འགའི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ཙམ་ཡང་མ་ཡིན་པར། ཁྱབ་ཁོངས་ཡོངས་ཀྱི་བསྒྱུར་བཅོས་སྐུལ་སྤེལ་གཏོང་རྒྱུ་སྟེ། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པའི་སྤྱི་ཁོག་གི་ཕྱོགས་ནས་བསམ་བློ་བཏང་བ་ཞིག་ཡིན། །

རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་ནི་རྒྱལ་ཁབ་ཅིག་གི་ལམ་ལུགས་དང་ལམ་ལུགས་དེ་ལག་བསྟར་བྱེད་པའི་ནུས་པའི་གཅིག་བསྡུས་ཀྱི་མཚོན་བྱེད་ཡིན། རྒྱལ་ཁབ་སྐྱོང་བའི་མ་ལག་ནི་ཏང་གིས་འགོ་ཁྲིད་འོག་ཏུ་རྒྱལ་ཁབ་བདག་སྐྱོང་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཡིན་པ་དང་། དེའི་ཁོངས་སུ་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། ཏང་གི་འཛུགས་སྐྲུན་བཅས་པའི་ཁྱབ་ཁོངས་ཁག་གི་ལམ་ལུགས་དང་ལམ་སྲོལ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་ཀྱི་བཀོད་སྒྲིག་ཚུད་ཡོད་པ་དང་། དེ་ཡང་ཕན་ཚུན་དམ་པོར་འབྲེལ་བ་དང་ཕན་ཚུན་མཐུན་སྦྱོར་ཡོད་པའི་རྒྱལ་ཁབ་ཀྱི་ལམ་ལུགས་ཆ་ཚང་ཞིག་ཡིན། རྒྱལ་ཁབ་སྐྱོང་བའི་ནུས་པ་ནི་རྒྱལ་ཁབ་ཀྱི་ལམ་ལུགས་སྤྱད་དེ་སྤྱི་ཚོགས་ཀྱི་ཕྱོགས་གང་ཅིའི་ལས་དོན་བདག་སྐྱོང་བྱེད་པའི་ནུས་སྟོབས་ཡིན་པ་དང་། དེའི་ཁོངས་སུ་བསྒྱུར་བཅོས་སྒོ་འབྱེད་བརྟན་ལྷིང་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་གསུམ་ལ་སོགས་པའི་ཕྱོགས་གང་ཅི་ཚུད་ཡོད། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་ནི་གཞི་མཐུན་པའི་ཆ་ཅན་ཞིག་ཡིན་ལ་ཆར་པ་ཆུ་གྲོགས་དང་ཕྱར་བ་གྲུ་འདེགས་ཡིན་ཙ་ན། རྒྱལ་ཁབ་སྐྱོང་བའི་མ་ལག་ཡག་པོ་ཞིག་ཡོད་ན་གཞི་ནས་རྒྱལ་ཁབ་སྐྱོང་བའི་ནུས་པ་ཆེ་རུ་གཏོང་ཐུབ་པ་དང་། རྒྱལ་ཁབ་སྐྱོང་བའི་ནུས་པ་ཆེ་རུ་བཏང་ན་གཞི་ནས་རྒྱལ་ཁབ་སྐྱོང་བའི་མ་ལག་གི་བྱེད་ལས་སྒོ་ཀུན་ནས་འདོན་སྤེལ་བྱེད་ཐུབ། །

དོན་དམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཞེས་པའི་སྤྱི་ཚོགས་གསར་རྐྱང་འདི་ཇི་ལྟར་སྐྱོང་རྒྱུ་ནི་འདས་ཟིན་པའི་འཛམ་གླིང་སྤྱི་ཚོགས་རིང་ལུགས་ཀྱིས་ཐག་གཅོད་ཡག་པོ་དེ་ཙམ་བྱུང་མེད། མར་ཁེ་སི་དང་ཨན་ཀེ་སི་རྣམ་གཉིས་ལ་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཕྱོགས་ཡོངས་ནས་སྐྱོང་བའི་ལག་ལེན་འཕྲད་མེད་པ་དང་། ཁོང་གཉིས་ཀྱི་མ་འོངས་པའི་སྤྱི་ཚོགས་སྐོར་གྱི་རྩ་བའི་རིགས་པ་ནི་ཚོད་དཔག་གི་ཤས་ཆེ་བ་རེད། ལེ་ཉིན་ནི་ཨུ་རུ་སུའི་ཟླ་བ་བཅུ་བའི་གསར་བརྗེ་བྱུང་རྗེས་སུ་ཡུན་རིང་མ་འགོར་བར་ཚེ་ལས་འདས་པས་གནད་དོན་དེ་འཚོལ་ཞིབ་གཏིང་ཟབ་མོ་ཞིག་བྱེད་ལོང་བྱུང་མེད། སུའུ་ལེན་གྱིས་གནད་དོན་དེ་འཚོལ་ཞིབ་བྱས་ནས་ལག་ལེན་གྱི་ཉམས་མྱོང་ཁག་ཅིག་ཐོབ་ཡོད་མོད་ཀྱང་། ནོར་འཁྲུལ་ཚབས་ཆེན་པོ་བྱུང་ནས་གནད་དོན་དེ་ཐག་གཅོད་བྱེད་ཐུབ་མེད། ང་ཚོའི་ཏང་གིས་རྒྱལ་ཡོངས་སུ་སྲིད་དབང་བཟུང་རྗེས་གནད་དོན་དེ་བསྟུད་མར་འཚོལ་ཞིབ་བྱས་ཤིང་ཐག་ཐོགས་ཚབས་ཆེན་བྱུང་ཡོད་མོད། འོན་ཀྱང་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་བསགས་ཡོད་པ་དང་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་འཕེལ་རྒྱས་ནི་དེ་བས་ཀྱང་མངོན་གསལ་ཆེ་བ་ཡོད། རང་རྒྱལ་གྱི་ཆབ་སྲིད་བརྟན་བརླིང་དང་། དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ་བཅས་བྱུང་ཡོད་པ་ནི་འཛམ་གླིང་སྟེང་གི་ས་ཁུལ་དང་རྒྱལ་ཁབ་ཁག་ཅིག་ཏུ་རྒྱུན་ཆད་མེད་པར་ཟིང་ཆ་ལངས་ཚུལ་དང་བསྡུར་ན་ཁྱད་པར་མངོན་གསལ་ཡོད། དེའི་ཐོག་ནས་ང་ཚོའི་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་ནི་སྤྱིའི་ཆ་ནས་བཤད་ན་ཡག་པོ་ཡོད་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་གོང་འཕེལ་གྱི་བླང་བྱ་དང་མཐུན་པ་གསལ་བཤད་བྱས་ཡོད།

དེ་དང་ཆབས་ཅིག་ང་ཚོས་ཤེས་དགོས་པ་ཞིག་ནི། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་དགོས་མཁོ་དང་། མི་དམངས་མང་ཚོགས་ཀྱི་རེ་ལྟོས།  ད་ལྟའི་འཛམ་གླིང་སྟེང་གི་ཉིན་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་རྒྱལ་སྤྱིའི་འགྲན་རྩོད། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་རྒྱུ་བཅས་ལ་བལྟས་ན། ང་ཚོར་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པའི་ཐད་ད་དུང་མི་འདང་ས་མང་པོ་ཞིག་ཡོད་པ་དང་། འཕྲལ་མར་ལེགས་བཅོས་བྱེད་དགོས་ས་མང་པོ་ཞིག་ཡོད། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་རྣལ་མ་ཞིག་ཡོང་དགོས་ན། ད་དུང་ལམ་ལུགས་ལ་བརྟེན་དགོས་ཀྱི་ཡོད། རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཐད་ཀྱི་ང་ཚོའི་ནུས་སྟོབས་ཆེན་པོ་ལ་བརྟེན་དགོས་ཀྱི་ཡོད་ལ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་ལ་བརྟེན་དགོས་ཀྱི་ཡོད་པ་རེད། དེ་ལ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ། ངེས་པར་དུ་ཁྱབ་ཁོངས་ཁག་ཀུན་ནས་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས།

རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་ནི་དུས་རབས་ཀྱི་འགྱུར་ལྡོག་ལ་བསྟུན་ནས་ལག་ལེན་གོང་འཕེལ་ཡོང་བའི་བླང་བྱ་དང་མི་མཐུན་པའི་སྒྲིག་སྲོལ་དང་ལམ་སྲོལ། བཅའ་ཁྲིམས་དང་ཁྲིམས་སྲོལ་བསྒྱུར་བཅོས་བྱེད་དགོས་པར་མ་ཟད། སྒྲིག་སྲོལ་དང་ལམ་སྲོལ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གསར་པ་ཡང་རྒྱུན་ཆད་མེད་པར་བཙུགས་ནས་ཕྱོགས་གང་ཐད་ཀྱི་ལམ་ལུགས་སྔར་བས་ཚང་རིག་དང་མཐུན་པ་དང་། སྔར་བས་འཐུས་ཚང་ཡོང་བར་བྱས་ཏེ་ཏང་དང་རྒྱལ་ཁབ་དང་སྤྱི་ཚོགས་བཅས་ཀྱི་ལས་དོན་ཁག་སྐྱོང་ལུགས་དེ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་མངོན་འགྱུར་བྱེད་དགོས་པ་དེ་ཡིན། སྐྱོང་ནུས་འཛུགས་སྤེལ་བྱ་རྒྱུར་དེ་བས་ཀྱང་མཐོང་ཆེན་བྱས་ཏེ། ལམ་ལུགས་ལྟར་དོན་དག་སྒྲུབ་པ་དང་བཅའ་ཁྲིམས་ལྟར་དོན་དག་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ལམ་ལུགས་དང་བཅའ་ཁྲིམས་སྤྱད་དེ་རྒྱལ་ཁབ་སྐྱོང་མཁས་དགོས་ཐོག་ཕྱོགས་གང་ཅིའི་ཐད་ཀྱི་དགེ་མཚན་རྒྱལ་ཁབ་སྐྱོང་བའི་བྱེད་ལས་ལ་སྒྱུར་དགོས་པ་དང་། ཏང་གི་ཚན་རིག་དང་མཐུན་པར་སྲིད་དབང་སྐྱོང་བ་དང་། དམངས་གཙོའི་སྒོ་ནས་སྲིད་དབང་སྐྱོང་བ། བཅའ་ཁྲིམས་ལྟར་སྲིད་དབང་སྐྱོང་བ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

གཉིས་པ། བསམ་བློ་བཅིངས་འགྲོལ་དེ་བས་ཆེ་ཙམ་གཏོང་དགོས་པ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་དེ་བས་ཆེ་ཙམ་གཏོང་དགོས་ལ། སྤྱི་ཚོགས་ཀྱི་སྐྱེ་སྟོབས་བཅིངས་འགྲོལ་དང་འཕེལ་རྒྱས་དེ་བས་ཆེ་ཙམ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི “བཅིངས་འགྲོལ་དེ་བས་ཆེ་ཙམ་གཏོང་དགོས་པ་གསུམ་པོ་” འདི་ནི་བསྒྱུར་བཅོས་ཀྱི་དམིགས་འབེན་ཡིན་ལ་བསྒྱུར་བཅོས་ཀྱི་ཆ་རྐྱེན་ཡང་རེད། བསམ་བློ་བཅིངས་འགྲོལ་གཏོང་བ་ནི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་གཏོང་བ་དང་སྤྱི་ཚོགས་ཀྱི་སྐྱེ་སྟོབས་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་ནི་སྤྱི་ཁྱབ་གློག་སྒོ་ལྟ་བུ་རེད། བསམ་བློ་བཅིངས་འགྲོལ་མ་བཏང་བ་ཡིན་ན་ང་ཚོའི་ཏང་གིས་ལོ་བཅུའི་ཟིང་ཆ་མཇུག་བསྒྲིལ་བའི་རྗེས་ལ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་གྱི་ཕྱོགས་སུ་བསྒྱུར་བ་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་ཅན་གྱི་བཀོད་ཇུས་བཤམས་ཐོག རང་རྒྱལ་གོང་འཕེལ་ཡོང་བའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པ་འབྱེད་ཐུབ་མི་སྲིད་པ་དང་། བསམ་བློ་བཅིངས་འགྲོལ་མ་བཏང་བ་ཡིན་ན་ང་ཚོའི་ཏང་གིས་ལག་ལེན་གྱི་ཁྲོད་དུ་རྒྱུན་ཆད་མེད་པར་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་བྱས་ཏེ། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་དུ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཁྱད་དུ་བསད་ཐོག བསྒྱུར་བཅོས་སྒོ་འབྱེད་མདུན་དུ་སྐུལ་འདེད་བཏང་ནས་ནམ་ཡིན་ཡང་དུས་རབས་ཀྱི་སྔོན་གྲལ་དུ་སྐྱོད་ཐུབ་མི་སྲིད། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་གཏོང་བ་དང་སྤྱི་ཚོགས་ཀྱི་སྐྱེ་སྟོབས་བཅིངས་འགྲོལ་དང་ཆེ་རུ་གཏོང་བ་ནི་བསམ་བློ་བཅིངས་འགྲོལ་བཏང་བའི་ལྡོག་ཏུ་མེད་པའི་འབྲས་བུ་ཡིན་ལ། བསམ་བློ་བཅིངས་འགྲོལ་གཏོང་བའི་རྨང་གཞི་གལ་ཆེན་ཡང་ཡིན།

འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བཅས་བྱེད་པའི་ཆེས་གཞི་རྩར་གྱུར་པ་དང་ཆེས་དགོས་གཏུགས་ཆེ་བའི་ལས་འགན་ནི་སྔར་བཞིན་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་སྔར་ལས་ལྷག་པ་གཏོང་རྒྱུ་དེ་རེད། བསམ་བློ་བཅིངས་འགྲོལ་གཏོང་བ་དང་སྤྱི་ཚོགས་ཀྱི་སྐྱེ་སྟོབས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ་ནི་སྔར་ལས་ལྷག་པར་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་སྤེལ་སྔར་ལས་ལྷག་པ་གཏོང་བའི་ཆེད་དུ་རེད། བློ་མཐུན་ཏེང་ཞའོ་ཕིན་གྱིས་གསུངས་དོན། གསར་བརྗེ་ནི་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་ཡིན་པ་དང་། བསྒྱུར་བཅོས་དེ་ཡང་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་དེ་ཡིན། “སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་རྗེས། ད་དུང་རྩ་བའི་ཐོག་ནས་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་འཆིང་ཞགས་སུ་གྱུར་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་བསྒྱུར་ཏེ་སྐྱེ་སྟོབས་དང་འཕེལ་ཤུགས་ཀྱིས་ཁེངས་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་སྒྲིག་སྲོལ་བཙུགས་ནས་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བར་སྐུལ་མ་གཏོང་དགོས།” ཞེས་སོ། ། ང་ཚོས་བསྒྱུར་བཅོས་ཟབ་སྤེལ་བྱས་པ་བརྒྱུད་དེ་ངལ་རྩོལ་དང་། ཤེས་བྱ། ལག་རྩལ། དོ་དམ། མ་རྩ་སོགས་པའི་རྒྱུ་རྐྱེན་གཙོ་བོ་ཡོད་ཚད་རླབས་ཕྲེང་ལྟར་འཕྱུར་དུ་འཇུག་དགོས་པ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་གསར་སྐྲུན་བྱེད་པའི་འབྱུང་ཁུངས་ཡོད་ཚད་ཆུ་མིག་བརྡོལ་བ་ལྟར་རྒྱུག་ཏུ་འཇུག་དགོས། དེ་དང་ལྷན་དུ་སྐྱེ་སྟོབས་འབར་བ་དང་གོ་རིམ་ལྡན་པ་གཉིས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ། སྤྱི་ཚོགས་གོང་འཕེལ་ལ་སྐྱེ་སྟོབས་རྒྱས་དགོས་མོད་ཀྱང་། སྐྱེ་སྟོབས་དེ་བཞིན་ངེས་པར་གོ་རིམ་ལྡན་པར་འཁོར་རྒྱུག་ཡོང་བ་བྱེད་དགོས། འཁྱིལ་ཆུ་རུལ་པ་ལྟ་བུ་ཞིག་ཡིན་མི་རུང་ལ་རྦ་ཀློང་འཁོར་བ་ལྟ་བུ་ཞིག་ཀྱང་ཡིན་མི་རུང་།

ང་ཚོས་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་པོར་སྐྱེད་དགོས་པ་དང་། མི་འགྱུར་རྡོ་རྗེ་བྲག་ལྟ་བུའི་སྙིང་སྟོབས་དང་གདེང་ཚོད་དགོས་ལ། སྙིང་སྟོབས་དང་དད་མོས་ལ་འདེགས་སྐྱོར་བྱས་པའི་དངོས་པོའི་སྟོབས་ཤུགས་ཀྱང་དགོས་ཞེས་བཤད་ཀྱི་ཡོད། དེས་ན་རྒྱུན་ཆད་མེད་པར་བསྒྱུར་བཅོས་དང་གསར་གཏོད་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འདི་ཉིད་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་ཡོང་བ་དང་། སྤྱི་ཚོགས་ཀྱི་སྐྱེ་སྟོབས་བཅིངས་འགྲོལ་དང་གོང་འཕེལ་ཡོང་བ། མི་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བ་བཅས་ཀྱི་ཕྱོགས་སུ་མ་རྩའི་རིང་ལུགས་ཀྱི་ལམ་ལུགས་ལས་ཕན་འབྲས་ཆེ་བ་དང་། མི་དམངས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་དེ་བས་སྐུལ་སློང་བྱེད་ཐུབ་པ། སྤྱི་ཚོགས་གོང་འཕེལ་ཡོང་བར་དེ་བས་མཐུན་རྐྱེན་སྦྱོར་ཐུབ་པ། འགྲན་རྩོད་ཀྱི་ཁྲོད་དུ་དེ་བས་བལྟོས་བཅས་ཀྱི་དགེ་མཚན་ལོན་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་སྒོ་ཀུན་ནས་འདོན་སྤེལ་བྱེད་དགོས།

གསུམ་པ། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དེ་གཙོ་གནད་དུ་བཟུང་ནས་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས“རྩེ་གཅིག་ཏུ་དམིགས་པ་དྲུག” ཅེས་པས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ལམ་ཐིག་བཏབ་ཡོད་པ་དང་། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ཚུལ་ནན་བཤད་བྱས་ཡོད། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་ཡོད་པ་དང་། ད་དུང་དུས་ཡུན་རིང་པོར་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་རྗེས་སུ་ལུས་ཡོད་པའི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བར་གྱི་འགལ་བ་ཞེས་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་འདི་ལ་འགྱུར་ལྡོག་བྱུང་མེད་ལ། རང་རྒྱལ་ཉིད་འཛམ་གླིང་སྟེང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་ལྡོག་བྱུང་མེད། དེས་དཔལ་འབྱོར་འཛུགས་སྐྲུན་ནི་སྔར་བཞིན་ཏང་ཡོངས་ཀྱི་ལྟེ་གནད་ལས་ཀ་ཡིན་པ་ཐག་གཅོད་བྱས་ཡོད།

མིག་སྔར་ཚན་རིག་དང་མཐུན་པར་གོང་འཕེལ་ཡོང་རྒྱུར་འགོག་རྐྱེན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་རྒྱ་མི་ཉུང་བ་ཞིག་གཙོ་བོར་དཔལ་འབྱོར་གྱི་ཁྱབ་ཁོངས་སུ་གཅིག་འདུ་བྱུང་ཡོད་པ་དང་། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་ལས་འགན་ད་དུང་རིང་ནས་འགྲུབ་མེད་ལ། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་མི་བག་ཉལ་སྟོབས་ཤུགས་དེ་ད་དུང་སྒོ་ཀུན་ནས་འདོན་ཐུབ་མེད། དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་འཛིན་རྒྱུ་རྒྱུན་འཁྱོངས་གཡོ་མེད་བྱེད་ན་ངེས་པར་དུ་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ་རྒྱུན་འཁྱོངས་གཡོ་མེད་བྱེད་དགོས།

དཔལ་འབྱོར་རྨང་གཞི་ཡིས་སྟེང་གི་བཀོད་པ་ཐག་གཅོད་བྱེད། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ་དེས་ཕྱོགས་གཞན་དག་གི་བསྒྱུར་བཅོས་ལ་ཤུགས་རྐྱེན་གལ་ཆེན་པོ་དང་སྐུལ་ཁྲིད་ཀྱི་ནུས་པ་ཐོན་གྱི་ཡོད་པ་དང་། དཔལ་འབྱོར་སྒྲིག་སྲོལ་གྱི་བསྒྱུར་བཅོས་གལ་ཆེན་པོའི་འཕེལ་ཚད་ཀྱིས་ཕྱོགས་གཞན་དག་གི་སྒྲིག་སྲོལ་བསྒྱུར་བཅོས་མང་པོ་ཞིག་གི་འཕེལ་ཚད་ཐག་གཅོད་བྱེད་པས། སྐྲ་རྩེ་གཅིག་འཐེན་ན་ལུས་ཕུང་ཧྲིལ་པོ་སྒུལ་ཐུབ་པའི་ནུས་པ་ལྡན་ཡོད། མར་ཁེ་སི་ཡིས《ཆབ་སྲིད་དཔལ་འབྱོར་རིག་པའི་མཐའ་དཔྱོད〉ཀྱི་གླེང་གཞི་དང་འགོ་བརྗོད》ལས་གསུངས་དོན། “མི་རྣམས་རང་ཉིད་འཚོ་བ་སྐྱེལ་སའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནང་དུ་ངེས་ཅན་ཡིན་ཞིང་ལྡོག་ཐབས་མེད་ལ་ཁོ་ཚོའི་འདོད་བློར་རག་མི་ལས་པའི་འབྲེལ་བ་ཞིག་སྟེ། ཁོ་ཚོའི་དངོས་པོའི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རིམ་ངེས་ཅན་ཞིག་དང་མཐུན་པའི་ཐོན་སྐྱེད་ཀྱི་འབྲེལ་བ་ཞིག་ཆགས་ཀྱི་ཡོད། ཐོན་སྐྱེད་ཀྱི་འབྲེལ་བ་དེ་དག་གི་ཕྱོགས་བསྡོམས་དེ་ལས་སྤྱི་ཚོགས་ཀྱི་དཔལ་འབྱོར་སྒྲིག་གཞི་འགྲུབ་ཀྱི་ཡོད། དེ་ནི་དེ་ཉིད་ཀྱི་ཐོག་ཏུ་བཅའ་ཁྲིམས་དང་ཆབ་སྲིད་ཚུད་པའི་སྟེང་གི་བཀོད་པ་གནས་ཡོད་པར་མ་ཟད་དེ་ཉིད་དང་མཐུན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ངེས་ཅན་ཞིག་ཀྱང་ཡོད་པའི་དངོས་ཡོད་ཀྱི་རྨང་གཞི་རེད།” ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་ཁྲོད་དུ། ང་ཚོས་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ་དེ་གཙོ་བོར་གཟུང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་བསྒྱུར་བཅོས་ཕྱོགས་སུ་འབད་བརྩོན་གྱིས་ཐོད་བརྒལ་གསར་པ་ཡོང་བར་བྱེད་དགོས་པ་དང་། དེས་ཁྱབ་ཁོངས་གཞན་དག་གི་བསྒྱུར་བཅོས་སྣེ་ཁྲིད་དང་སྐུལ་སྤེལ་བྱས་ཏེ། ཕྱོགས་གང་ཐད་ཀྱི་བསྒྱུར་བཅོས་མཉམ་སྡེབ་ཀྱིས་སྐུལ་འདེད་བྱེད་དགོས་པ་དང་སྒྲིལ་ཤུགས་ཆགས་པར་བྱེད་དགོས་པ་ལས། རང་མགོ་རང་རྒྱལ་དང་རང་ཤེད་ཁེར་འདོན་བྱེད་མི་རུང་།

བཞི་པ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་དགོས་པའི་དམིགས་འབེན་བཏོན་པ་ནི་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་། དེས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་གཞན་དག་གིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་མ་ཐུབ་པའི་གནད་དོན་ཆེན་པོ་ཞིག་ཐག་གཅོད་བྱས་ཡོད།

ལོ་ངོ20ལྷག་གི་རིང་ལ། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་རྒྱུའི་དམིགས་འབེན་འདི་གཞིར་བཟུང་། དཔལ་འབྱོར་སྒྲིག་སྲོལ་གྱི་བསྒྱུར་བཅོས་དང་ཕྱོགས་གཞན་དག་གི་སྒྲིག་སྲོལ་བསྒྱུར་བཅོས་བྱས་ཏེ། རང་རྒྱལ་གྱིས་གཅིག་སྡུད་ཚད་མཐོན་པོ་ཡིན་པའི་འཆར་གཞིའི་དཔལ་འབྱོར་གྱི་སྒྲིག་སྲོལ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་དང་། བཀག་སྡོམ་དང་བཀག་སྡོམ་ཕྱེད་ཙམ་ནས་ཕྱོགས་ཡོངས་ནས་སྒོ་མོ་ཕྱེ་བའི་ལོ་རྒྱུས་ཀྱི་ཁ་སྒྱུར་རླབས་ཆེན་པོ་མངོན་འགྱུར་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལྟོ་གོས་འཛོམས་ཙམ་ནས་འབྱོར་བ་འབྲིང་ཙམ་ལ་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། དཔལ་འབྱོར་གྱི་བསྡོམས་འབོར་དེ་འཛམ་གླིང་གི་ཨང་གཉིས་པར་བསྙེགས་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་བཅས་ཀྱི་ཐོག་ནས། མི་དམངས་དུང་ཕྱུར་མང་པོའི་བརྩོན་སེམས་སྐུལ་སློང་ཆེན་པོ་བྱས་ཡོད་པ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ལ་སྐུལ་འདེད་ཆེན་པོ་བཏང་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་སྐྱེ་སྟོབས་ཆེས་ཆེར་རྒྱས་ཡོད།

དེ་དང་ལྷན་དུ་ང་ཚོས་ཤེས་དགོས་པ་ཞིག་ནི། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རགས་ཙམ་བཙུགས་ཟིན་མོད་ཀྱང་། ཚོང་རའི་མ་ལག་ད་དུང་འཐུས་ཚང་བྱུང་མེད་པ་དང་། ཚོང་ར་གསོ་སྐྱོང་བྱས་པ་ད་དུང་ཆ་ལག་རྫོགས་མེད་ལ། ལྷག་པར་དུ་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ད་དུང་འཐུས་ཚང་བྱུང་མེད་པ་དང་། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐོན་པའི་ནུས་པ་ཕན་འབྲས་ལྡན་པར་འདོན་སྤེལ་བྱེད་པར་ད་དུང་འགོག་རྐྱེན་མང་པོ་གནས་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས་པའི་འཐབ་ཇུས་ཀྱི་ལས་འགན་འགྲུབ་པར་ད་དུང་དཀའ་བ་ཆེན་པོ་སྤྱོད་དགོས་ཀྱི་ཡོད།

སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་སྙིང་པོ་ནི་སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་དགོས་པ་དང་སྲིད་གཞུང་གིས་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་པ་དེ་ཡིན། དེ་ནི་ང་ཚོའི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་སྐུལ་སྤེལ་གལ་ཆེན་པོ་གཞན་ཞིག་ཡིན།

སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དེ་ནི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་གཞི་རྩའི་བསྲུང་བྱ་ཡིན་པས་མི་ཚད། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་རྟེན་གཞི་གལ་ཆེན་ཡང་ཡིན། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་དགོས་པ་དེ་གཙོ་བོར་དཔལ་འབྱོར་སྒྲིག་སྲོལ་གྱི་བསྒྱུར་བཅོས་ལ་ཐུག་ཡོད་མོད། འོན་ཀྱང་ཆབ་སྲིད་དང་། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། ཏང་གི་འཛུགས་སྐྲུན་བཅས་པའི་ཕྱོགས་གང་ཅིའི་ཁྱབ་ཁོངས་ལ་ཤུགས་རྐྱེན་ཐེབས་ངེས་རེད། ཕྱོགས་གང་ཅིའི་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་བར་འཛུགས་རྒྱུའི་ཁ་ཕྱོགས་དེད་དེ་མཉམ་དུ་སྐུལ་འདེད་གཏོང་དགོས་པ་དང་། དེ་དང་ཆབས་ཅིག་ཕྱོགས་གང་ཅིའི་རང་ངོས་ཀྱི་འབྲེལ་ཡོད་ལྷུ་ཚིགས་ཁག་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གོང་སྤེལ་གཏང་རྒྱུའི་བླང་བྱ་གསར་པ་ལ་ཡང་སྔར་ལས་ལྷག་པའི་སྒོ་ནས་མཐུན་པར་བྱེད་དགོས།

ལྔ་པ། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་སྐུལ་འདེད་དང་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་འཛིན་དགོས། བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་རྒྱུར་དངོས་པོའི་རྨང་གཞིར་བརྟན་པོ་དང་མཐུན་རྐྱེན་བཟང་པོ་འདོན་སྤྲོད་བྱས་ཡོད། དེ་དང་ལྷན་དུ་རང་རྒྱལ་གྱི་ད་ལྟའི་གོང་འཕེལ་ཆུ་ཚད་ཀྱི་ངོས་ནས་སྤྱི་ཚོགས་ཐོག་ད་དུང་དྲང་སྙོམ་དང་དྲང་བདེན་ལས་འགལ་བའི་སྣང་ཚུལ་མང་པོ་བྱུང་ཡོད། ལྷག་པར་དུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་བསྟུད་མར་མཐོ་རུ་སོང་བ་དང་སྦྲགས། མི་དམངས་མང་ཚོགས་ཀྱི་དྲང་སྙོམ་འདུ་ཤེས་དང་། དམངས་གཙོའི་འདུ་ཤེས། ཁེ་དབང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། སྤྱི་ཚོགས་དྲང་སྙོམ་མིན་པའི་གནད་དོན་ཐད་ལ་བསམ་འཆར་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།

ཀྲུང་དབྱང་གིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་དངོས་དང་འཕེལ་ཕྱོགས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་དང་ཚན་རིག་དང་མཐུན་པར་དབྱེ་ཞིབ་བྱས་ཏེ། གནད་དོན་འདི་དམ་འཛིན་བྱས་ནས་ཐག་གཅོད་མ་བྱས་ན་མི་དམངས་མང་ཚོགས་ཀྱི་བསྒྱུར་བཅོས་སྒོ་འབྱེད་ལ་བཅངས་པའི་ཡིད་ཆེས་ལ་གནོད་འཚེ་ཐེབས་འགྲོ་བས་མི་ཚད། སྤྱི་ཚོགས་ཀྱི་ཞི་མཐུན་དང་བརྟན་བརླིང་ལ་ཡང་གནོད་འཚེ་ཐེབས་འགྲོ་བའི་འདོད་ཚུལ་འཛིན་གྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་གསལ་པོར་བཏོན་དོན། དྲང་སྙོམ་དྲང་བདེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ཉིད་ཀྱི་བླང་བྱ་ཡིན་པ་དང་། མི་དམངས་ཡོངས་ཀྱིས་ཐུན་མོང་འབད་འཐབ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བའི་རྨང་གཞིའི་སྟེང་དུ་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུ་འགན་སྲུང་བྱེད་པར་ནུས་པ་གལ་ཆེན་ལྡན་པའི་ལམ་ལུགས་དམ་འཛིན་བྱས་ནས་འཛུགས་དགོས་པ་དང་། ཁེ་དབང་དྲང་སྙོམ་དང་། གོ་སྐབས་དྲང་སྙོམ། སྒྲིག་ལམ་དྲང་སྙོམ་བཅས་ཀྱིས་ནང་དོན་གཙོ་བོ་བྱས་པའི་སྤྱི་ཚོགས་ཀྱི་དྲང་སྙོམ་འགན་སྲུང་བྱེད་པའི་མ་ལག་གོ་རིམ་བཞིན་དུ་འཛུགས་དགོས་པ་དང་། དྲང་སྙོམ་ཡོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཧུར་ཐག་གིས་བསྐྲུན་ནས་མི་དམངས་འདྲ་མཉམ་ངང་ཐེ་ཞུགས་དང་འདྲ་མཉམ་ངང་གོང་འཕེལ་ཡོང་བའི་ཁེ་དབང་འགན་སྲུང་བྱེད་དགོས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་ན་ངེས་པར་དུ་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུ་དང་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་འཛིན་དགོས་ཞེས་ནན་བཤད་བྱས་ཡོད།

འདི་ནི་ང་ཚོའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་གཞི་རྩའི་དམིགས་འབེན་གྱི་ལྡོག་མེད་བླང་བྱ་རེད། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་ན་ངེས་པར་དུ་སྔར་ལས་དྲང་སྙོམ་དྲང་བདེན་ཡོང་བའི་སྤྱི་ཚོགས་ཁོར་ཡུག་བསྐྲུན་རྒྱུར་དམིགས་ནས། དྲང་སྙོམ་དྲང་བདེན་དང་འགལ་བའི་སྣང་ཚུལ་རྒྱུན་ཆད་མེད་པར་ཁྱད་གསོད་བྱས་ཏེ་བསྒྱུར་བཅོས་ཀྱི་གྲུབ་འབྲས་དེ་སྔར་ལས་དྲང་སྙོམ་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པའི་གསོས་སུ་འགྱུར་བར་བྱེད་དགོས། གལ་སྲིད་མི་སེར་རྣམས་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་སྐྲུན་མ་ཐུབ་པ་དང་། སྔར་ལས་དྲང་སྙོམ་གྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་མ་ཐུབ་པ། ཐ་ན་དྲང་སྙོམ་མེད་པ་དེ་བས་མང་བ་བཟོས་པ་ཡིན་ན་བསྒྱུར་བཅོས་དོན་མེད་དུ་གྱུར་བ་དང་མཐའ་འཁྱོངས་ཀྱང་བྱེད་ཐུབ་མི་སྲིད། །

སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུ་ནི་རྒྱུ་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད། གཙོ་ཆེ་ཤོས་ནི་སྔར་བཞིན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་ཆུ་ཚད་ལ་རག་ལས་ཡོད། གོང་འཕེལ་གྱི་ཆུ་ཚད་མི་གཅིག་པའི་སྟེང་དང་། ལོ་རྒྱུས་ཀྱི་དུས་སྐབས་མི་གཅིག་པའི་ནང་། བསམ་བློའི་ངོས་འཛིན་མི་གཅིག་པའི་མི་དང་། རིམ་གྲས་མི་གཅིག་པའི་མི་བཅས་ཀྱིས་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ལ་ངོས་འཛིན་བྱེད་ཚུལ་དང་འདོད་དོན་ཡང་མི་གཅིག ང་ཚོས་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་ནི་ཆེས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ལ་དམིགས་ནས་སྤྱི་ཚོགས་གོང་འཕེལ་གྱི་ཆུ་ཚད་དང་། སྤྱི་ཚོགས་ཀྱི་སྤྱི་ཁོག་གནས་བབ། མི་དམངས་ཡོངས་བཅས་ཀྱི་ཕྱོགས་ནས་གནད་དོན་འདི་ལ་ལྟ་དགོས་པ་དང་ཐག་གཅོད་བྱེད་དགོས་པ་དེ་ཡིན། རང་རྒྱལ་གྱི་ད་ལྟའི་དུས་རིམ་དུ་དྲང་སྙོམ་དྲང་བདེན་ལས་འགལ་བའི་སྣང་ཚུལ་གནས་ཡོད་པ་ལས་མང་པོ་ཞིག་གོང་འཕེལ་འགྲོ་བའི་ཁྲོད་ཀྱི་གནད་དོན་ཡིན་པས། བསྟུད་མར་གོང་སྤེལ་གཏོང་བ་དང་། ལམ་ལུགས་བཀོད་སྒྲིག་བྱེད་པ་དང་། བཅའ་ཁྲིམས་ཚད་ལྡན་བཟོ་བ། སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་ཐག་གཅོད་བྱེད་ཐུབ་པ་རེད། ང་ཚོས་ངེས་པར་དུ་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ལྟེ་གནད་འདི་དམ་པོར་བཟུང་ནས་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། བགོ་བྱའི“བག་ལེབ་”ཆེན་པོ་བཟོ་དགོས་ལ། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོ་ཞིག་འདིང་དགོས། །

དེ་ལྟར་བཤད་དོན་ནི་དཔལ་འབྱོར་གོང་འཕེལ་བྱུང་བའི་རྗེས་ལ་གཞི་ནས་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུའི་སྐོར་གྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར་བ་གཏན་ནས་མ་ཡིན། དུས་སྐབས་རེ་ལ་དུས་སྐབས་རེའི་གནད་དོན་ཡོད་པ་དང་། གོང་འཕེལ་གྱི་ཆུ་ཚད་མཐོ་བའི་སྤྱི་ཚོགས་ལ་དེར་མཐུན་གྱི་གནད་དོན་ཡོད་ལ་གོང་འཕེལ་གྱི་ཆུ་ཚད་མི་མཐོ་བའི་སྤྱི་ཚོགས་ལ་དེར་མཐུན་གྱི་གནད་དོན་ཡོད། “བག་ལེབ་”བསྟུད་མར་ཆེན་པོ་བཟོས་པའི་རྗེས་ལ་ད་དུང“བག་ལེབ་”ཡག་པོར་བགོ་བཤའ་རྒྱག་དགོས། རང་རྒྱལ་གྱི་སྤྱི་ཚོགས་ལ་མ་གཞི་ནས“ཉུང་བ་མི་སྐྱོན་མ་སྙོམས་པ་སྐྱོན” ཞེས་པའི་ལྟ་བ་ཡོད་པས། ང་ཚོས་རྒྱུན་ཆད་མེད་པར་གོང་སྤེལ་གཏོང་བའི་རྨང་གཞིའི་སྟེང་དུ་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུའི་སྐོར་གྱི་དོན་དག་ཡག་པོར་སྒྲུབ་གང་ཐུབ་བྱེད་དགོས་པ་དང་། དེ་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་སྒྲུབ་དགོས་ལ་རང་ནུས་གང་ལྕོགས་ཀྱིས་སྒྲུབ་ཀྱང་དགོས་པའི་ཐོག་ནས་མི་དམངས་ཡོངས་ལ་སྦྱོང་དུས་འཁྲིད་མཁན་ཡོད་པ་དང་། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཡོད་པ། རྒན་དུས་གསོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཕྱོགས་སུ་འཕེལ་སྐྱེད་གསར་པ་བསྟུད་མར་ཡོང་བར་བྱེད་དགོས།

གོང་འཕེལ་གྱི་ཆུ་ཚད་རིམ་པ་གང་དུ་གནས་ཀྱང་ལམ་ལུགས་ནི་སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུའི་གལ་ཆེའི་འགན་ལེན་རེད། ང་ཚོས་ལམ་ལུགས་ཀྱི་བཀོད་སྒྲིག་བྱེད་ཚུལ་གསར་གཏོད་བྱས་ཏེ། མིའི་དབང་གིས་བཟོས་པའི་དྲང་སྙོམ་དང་དྲང་བདེན་ལས་འགལ་བའི་སྣང་ཚུལ་ཁྱད་གསོད་ཧུར་ཐག་བྱས་ཏེ། མི་དམངས་འདྲ་མཉམ་ངང་ཐེ་ཞུགས་བྱེད་པ་དང་འདྲ་མཉམ་ངང་གོང་འཕེལ་ཡོང་བའི་ཁེ་དབང་འགན་སྲུང་བྱེད་དགོས། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་རྒྱུ་དང་མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་རྒྱུ་དེ་མེ་ལོང་ཞིག་ལ་བརྩིས་ཏེ་ང་ཚོའི་ཕྱོགས་གང་ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་སྲིད་ཇུས་གཏན་འཁེལ་བྱས་ཚུལ་ལ་ལྟ་ཞིབ་བྱེད་དགོས། སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་ལས་འགལ་བའི་གནད་དོན་གང་ཡོད་ན་དེ་བསྒྱུར་བཅོས་བྱེད་དགོས་པ་དང་། ཁྱབ་ཁོངས་གང་དང་ལྷུ་ཚིགས་གང་ཚབས་ཆེ་ན་དེ་བསྒྱུར་བཅོས་བྱེད་པའི་གནད་ཀར་འཛིན་དགོས། ལམ་ལུགས་ཀྱི་བཀོད་སྒྲིག་འཐུས་ཚང་མ་བྱུང་བའི་དབང་གིས་བཟོས་པའི་དྲང་སྙོམ་དང་དྲང་བདེན་ལས་འགལ་བའི་གནད་དོན་ནི་དམ་འཛིན་བྱས་ནས་ཐག་གཅོད་བྱེད་དགོས་ལ། ང་ཚོའི་ལམ་ལུགས་ཀྱི་བཀོད་སྒྲིག་དེས་སྤྱི་ཚོགས་རིང་ལུགས་ཀྱི་དྲང་སྙོམ་དྲང་བདེན་གྱི་རྩ་དོན་སྔར་ལས་ལྷག་པར་མཚོན་དགོས་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་སྔར་ལས་ལྷག་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་སྤེལ་ཡག་པོ་བཅས་བྱེད་དགོས།

དྲུག་པ། མི་དམངས་ལ་རྩ་གཅིག་ཏུ་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། མི་དམངས་ནི་ལོ་རྒྱུས་གསར་གཏོད་མཁན་ཡིན་པ་དང་། ང་ཚོའི་སྟོབས་ཤུགས་ཀྱི་འབྱུང་གནས་ཡིན། བསྒྱུར་བཅོས་སྒོ་འབྱེད་ལ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བློ་གཅིག་སེམས་གཅིག་གིས་རྒྱབ་སྐྱོར་བྱེད་པ་དང་ཧུར་བརྩོན་གྱིས་ཐེ་ཞུགས་བྱེད་པའི་ཆེས་གཞི་རྩར་གྱུར་པའི་རྒྱུ་མཚན་ནི། ང་ཚོས་ཐོག་མ་ཉིད་ནས་བསྒྱུར་བཅོས་སྒོ་འབྱེད་ཀྱི་བྱ་བཞག་དེ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་གཞི་ཟབ་མོར་བཙུགས་ཡོད་པས་རེད། ཚང་འཛོམས་གྲོས་ཚོགས་ཀྱི་ཆོད་དོན་ལས་བསྒྱུར་བཅོས་སྒོ་འབྱེད་ཀྱི་ཉམས་མྱོང་རྩ་ཆེན་མདོར་བསྡུས་ཡོད་པ་དང་། དེ་དག་ལས་གལ་ཆེ་ཤོས་ཤིག་ནི་མི་གཙོ་བོར་འཛིན་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་བྱེད་པོའི་གོ་གནས་ལ་བརྩི་འཇོག་བྱེད་དགོས་པ་དང་། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱེད་དགོས་པ། མི་དམངས་ལ་རྩེ་གཅིག་ཏུ་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད། མི་དམངས་ཀྱི་རྒྱབ་སྐྱོར་དང་ཐེ་ཞུགས་མེད་པ་ཡིན་ན་བསྒྱུར་བཅོས་གང་ཞིག་ཡིན་ཡང་འགྲུབ་ཐབས་མེད། དཀའ་ངལ་དང་འགྲན་རྩོད་གང་འདྲ་ཞིག་ལ་ཐུག་ཀྱང་མི་དམངས་ཀྱི་རྒྱབ་སྐྱོར་དང་ཐེ་ཞུགས་ཡོད་ཕྱིན། སེལ་མི་ཐུབ་པའི་དཀའ་ངལ་གང་ཡང་མེད་པ་དང་བརྒལ་མི་ཐུབ་པའི་འགག་སྒོ་གང་ཡང་མེད། ང་ཚོས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཏེ། མི་དམངས་དང་གཅིག་སེམས་གཅིག་འབྲེལ་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱེད་དགོས།

བསྒྱུར་བཅོས་གལ་ཆེན་པོ་གང་ཞིག་སྐུལ་འདེད་བཏང་ཡང་། མི་དམངས་ཀྱི་ལངས་ཕྱོགས་སུ་ལངས་ནས་བསྒྱུར་བཅོས་ལ་ཐུག་པའི་གནད་དོན་གལ་ཆེན་ཤེས་རྟོགས་དང་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། མི་དམངས་ཀྱི་ཁེ་ཕན་ལ་དམིགས་ནས་བསྒྱུར་བཅོས་ཀྱི་བསམ་བཀོད་དང་བསྒྱུར་བཅོས་ཀྱི་ཐབས་ཇུས་འགོད་དགོས། ཧན་རྒྱལ་རབས་ཀྱི་ཝང་ཧྥུ་ཡིས“ཁྱུང་ཆེན་མཁའ་ལ་ལྡིང་བ་ནི་གཤོག་སྒྲོ་གཅིག་བརྟེན་པ་མིན་པ་དང་། གྱི་ལིང་འགྲོས་ཁ་མྱུར་བ་ནི་སུག་པ་གཅིག་ལ་བརྟེན་པ་མིན”ཞེས་གསུངས་པ་ལྟར། ཀྲུང་གོས་ནམ་འཕང་གཅོད་པ་དང་བང་ཁ་མྱུར་དགོས་ན་མི་དམངས་དུང་ཕྱུར13གྱི་སྟོབས་ཤུགས་ལ་བརྟེན་དགོས།

ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་འཕེལ་རིམ་ནང་དུ་འབྲེལ་བ་རྙོག་འཛིང་ཡིན་པ་དང་བརྡར་ཤ་གཅོད་དཀའ་བའི་གནད་དོན་ཐུག་ཚེ། མང་ཚོགས་ཀྱི་གནས་ཚུལ་དངོས་གང་འདྲ་ཞིག་ཡིན་པ་དང་། མང་ཚོགས་ཀྱིས་ཡང་སྙིང་གང་ཞིག་ལ་རེ་ལྟོས་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་ཇི་ལྟར་བྱས་ནས་འགན་སྲུང་བྱེད་དགོས་པ། མང་ཚོགས་ཀྱིས་ང་ཚོའི་བསྒྱུར་བཅོས་བློ་ལ་འབབ་ཀྱི་ཡོད་མེད་བཅས་ལ་བསམ་བློ་ནན་ཏན་གཏོང་དགོས་པ་དང་། བསྒྱུར་བཅོས་བཀོད་ཇུས་ཀྱི་ཚན་རིག་དང་མཐུན་པའི་རང་བཞིན་ཆེ་རུ་གཏོང་དགོས་ན་ཆེས་གལ་ཆེ་བ་ཞིག་ནི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཆེར་ཉན་རྒྱུ་དང་། མང་ཚོགས་ཀྱིས་གསར་གཏོད་བྱས་པའི་ཉམས་མྱོང་གསར་པ་དུས་ཐོག་ཏུ་ཕྱོགས་བསྡོམས་བྱ་རྒྱུ་དང་། བསྒྱུར་བཅོས་སྐུལ་འདེད་གཏོང་བའི་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྒོ་ཀུན་ནས་སྐུལ་སློང་བྱ་རྒྱུ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་བློ་གྲོས་དང་ནུས་སྟོབས་དེ་བསྒྱུར་བཅོས་ཀྱི་སྟེང་དུ་བསྒྲིལ་རྒྱུ། མི་དམངས་དང་མཉམ་དུ་བསྒྱུར་བཅོས་མདུན་དུ་སྐུལ་སྤེལ་གཏང་རྒྱུ་བཅས་རེད།