
༄༅། །བསྒྱུར་བཅོས་ཉིད་དཀའ་ཚེགས་ཇི་ལྟར་ཆེ་ཡང་མདུན་དུ་སྐུལ་འདེད་གཏོང་དགོས།
( 2014ལོའི་ཟླ2ཚེས7ཉིན )
པུའུ་ལི་ལུའོ་ཧྥུ། ཀྲུང་གུང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་འཆམ་བྱུང་བ་དང་། ཁྱེད་ཀྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི་འགོ་གཙོའི་ཐུགས་འགན་བཞེས་ཡོད་པ་རེད། བཀའ་འདྲི་ཞུ་རྒྱུར། ཁྱེད་ཀྱི་སྲིད་སྐྱོང་གི་ལྟ་བ་གང་ཡིན་ནམ། ཀྲུང་གོའི་གོ་རིམ་རྗེས་མའི་བསྒྱུར་བཅོས་ཀྱི་གནད་ཆེའི་ཁྱབ་ཁོངས་གང་ཡིན་ནམ། ཁྱེད་ཀྱིས་ཀྲུང་གོའི་གོང་འཕེལ་གྱི་མདུན་ལམ་ལ་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ། །
ཞི་ཅིན་ཕིང་། དེ་ནི་ཀྲུང་གོའི་གོང་འཕེལ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཞིག་རེད། 1978ལོར། ཀྲུང་གུང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་གོའི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལམ་སྒོ་ཕྱེ་ནས་ད་ལྟའི་བར་དུ་ལོ་ངོ35ལྷག་ཕྱིན་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་བླངས་ཡོད་པ་རེད། འོན་ཀྱང་ང་ཚོ་ད་དུང་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་པ་རེད། ང་ཚོས “ ལོ་བརྒྱ་གཉིས ” ཀྱི་འབད་འཐབ་དམིགས་འབེན་བཏོན་ཡོད། མིག་སྔར། དཔལ་འབྱོར་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་མགྱོགས་པོ་འགྲོ་བ་དང་། ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་སྔར་བས་ཛ་དྲག་ཆེ་བ། རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བས། ང་ཚོའི་འདོད་ཚུལ་ལ་ཀྲུང་གོས་གོ་སྐབས་དམ་འཛིན་དང་འགྲན་སློང་གི་གདོང་བླངས་ཏེ། སྔར་ལས་ཆེ་བའི་གོང་འཕེལ་གསར་པ་མངོན་འགྱུར་བྱེད་དགོས་ན། རྩ་བའི་ཐོག་ནས་ད་དུང་བསྒྱུར་བཅོས་སྒོ་འབྱེད་ལ་རྟེན་དགོས། ཛ་དྲག་ཆེ་བའི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ནང་དུ་མདུན་དུ་སྐྱོད་པ་ནི། ཆུ་བོར་གྱེན་དུ་གྲུ་གཏོང་བ་བཞིན་གྱེན་དུ་མ་སྐྱོད་ན་ཕྱི་སྣུར་བྱེད་པ་རེད། །
མིག་སྔར། སྔོན་ཆད་དང་བསྡུར་ན་ཀྲུང་གོའི་བསྒྱུར་བཅོས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཆེས་ཆེར་རྒྱ་བསྐྱེད་བྱུང་ཡོད་པ་རེད། བསྒྱུར་བཅོས་ཉིད་མདུན་དུ་སྤེལ་བར་ངེས་པར་དུ་རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས། ན་ནིང་ཟླ11པར། ཀྲུང་གུང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་ཕྱོགས་ལ་སྤྱིའི་བཀོད་སྒྲིག་བྱས་ཐོག་བསྒྱུར་བཅོས་བྱ་རྒྱུའི་ལམ་ཐིག་དང་དུས་ཆད་བཏབ་ཡོད་པ་དང་། དེ་དག་ཁྱབ་ཁོངས15དང་ཅུང་ཆེ་བའི་བསྒྱུར་བཅོས་བྱེད་ཐབས330ལྷག་ལ་འབྲེལ་ཡོད་ལ། དེའི་ཁོངས་སུ་ཆབ་སྲིད་དང་། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན། ཏང་གི་འཛུགས་སྐྲུན་བཅས་ཀྱི་ཕྱོགས་ཚང་མ་ཚུད་ཡོད། བསྒྱུར་བཅོས་ཀྱི་དམག་བརྡ་བཏང་ཟིན་པ་རེད། ང་ཚོའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་སྤེལ་གཏང་རྒྱུ་དང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་སྤེལ་གཏང་རྒྱུ་དེ་ཡིན། །
སྟོབས་ཤུགས་གཅིག་བསྡུས་ཀྱིས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་ཆེད། ང་ཚོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། ངས་དེའི་འགོ་འཛིན་གྱི་འགན་འཁུར་ཡོད་ལ། ལས་འགན་ནི་གནད་དོན་གལ་ཆེན་ཁག་ཅིག་གཅིག་གྱུར་གྱིས་བཀོད་སྒྲིག་དང་མཐུན་སྦྱོར་བྱ་རྒྱུ་དང་། དེ་ནས་ལས་ཀའི་འགན་འཁྲི་གཤམ་འོག་ཏུ་བགོས་ཏེ་རེ་རེ་བཞིན་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ངས་བྱ་བ་འདི་ལ “ བཀོད་སྒྲིག་ཆ་གཅིག་དང་དོན་འཁྱོལ་ཆ་དགུ ” ཞེས་ཟེར་གྱི་ཡོད། །
ཀྲུང་གོ་འདི་བཞིན་མི་གྲངས་དུང་ཕྱུར13ལྷག་ཡོད་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བཅོས་ཟབ་སྤེལ་བྱེད་ན་ལས་སླ་པོ་ཞིག་གཏན་ནས་མིན། ཀྲུང་གོའི་བསྒྱུར་བཅོས་ལོ་ངོ30ལྷག་འདས་ཏེ་ཆུ་གཏིང་ཟབ་སར་སླེབས་ཡོད་པ་ལ། ལས་སླ་གྲས་དང་དགའ་ས་སྤྲོ་ས་ཚང་མ་བསྒྲུབས་ཚར་ཡོད་པ་དང་། ཤ་ཞིམ་པོ་ཚང་མ་ཟས་ཚར་ནས་ཤུལ་དུ་ལུས་ཡོད་པ་ནི་འཐོག་དཀའ་བའི་གཉའ་རུས་མཁྲེགས་པོ་རྐྱང་ཡིན་པ་རེད། དེས་ང་ཚོར་སྤོབས་པ་ཆེ་ཙམ་དང་གོམ་སྟབས་བརྟན་ཙམ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྤོབས་པ་ཆེ་དགོས་པ་ནི། བསྒྱུར་བཅོས་དཀའ་ཚེགས་ཇི་ལྟར་ཆེ་ཡང་མདུན་དུ་སྐུལ་འདེད་གཏོང་དགོས་པ་དང་། འགན་འཁྲི་འཁུར་ཕོད་པ་དང་གཉའ་རུས་མཁྲེགས་པོ་འཐོག་ཕོད་ཅིང་ཆུ་ཀློང་གཉན་པོ་བརྒལ་ཕོད་པ་བཅས་བྱེད་དགོས་པ་དེ་རེད། གོམ་སྟབས་བརྟན་དགོས་པ་ནི། ཁ་ཕྱོགས་ངེས་པར་དུ་འཕྱུགས་མེད་ཡིན་དགོས་པ་དང་། མདུན་སྐྱོད་ངེས་པར་དུ་བརྟན་པོ་ཡིན་དགོས་ཤིང་། ལྷག་པར་དུ་མགོ་རྟིང་གོ་སློག་གི་ནོར་འཁྲུལ་ནི་འབྱུང་མི་ཉན་པ་དེ་རེད། །
ང་རང་ཀྲུང་གོའི་གོང་འཕེལ་གྱི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་ཡོད། ཡིད་ཆེས་ཡོད་དོན་གང་ཡིན་ཞེ་ན། ཆེས་རྩ་བར་གྱུར་པའི་རྒྱུ་མཚན་ནི། དུས་ཡུན་རིང་པོར་འཚོལ་ཞིབ་བྱས་པ་བརྒྱུད་ང་ཚོས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་གོང་སྤེལ་གཏོང་བའི་བགྲོད་ལམ་ཡང་དག་པ་ཞིག་རྙེད་ཡོད་པས། ང་ཚོས་མི་གྲངས་དུང་ཕྱུར་13ལྷག་གི་ཀྲུང་གོའི་མི་དམངས་ལ་རྒྱབ་རྟེན་དམ་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བགྲོད་ལམ་དུ་སྐྱོད་པ་ཡིན་ན། ང་ཚོས་དཀའ་ངལ་དང་ཉེན་ཁ་ཐམས་ཅད་སེལ་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་མཐར་གཏན་འཁེལ་
བྱས་པའི་དམིགས་ཡུལ་འགྲུབ་ཐུབ་ངེས་རེད། །
ཀྲུང་གོའི་ཀྲུང་ཁྲན་ཏང་གིས་དམངས་ཀྱི་དོན་དུ་སྲིད་དབང་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་རེ་སྨོན་བྱེད་པའི་དགའ་སྐྱིད་ཀྱི་འཚོ་བ་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། ངའི་སྲིད་སྐྱོང་ལྟ་བ་ནི་མདོར་བསྡུས་ཏེ་བཤད་ན། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་། འཁུར་འོས་པའི་འགན་འཁྲི་འཁུར་རྒྱུ་དེ་ཡིན། །
པུའུ་ལི་ལུའོ་ཧྥུ། ཁྱེད་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གནང་ནས་ལོ་གཅིག་ལོན་ལ་ཉེ་བ་རེད། འདི་འདྲའི་རྒྱལ་ཁབ་ཆེན་པོ་ཞིག་ལ་འགོ་ཁྲིད་བྱེད་ན། ཁྱེད་ལ་མྱོང་ཚོར་གང་འདྲ་ཞིག་འདུག་གམ། ཁྱེད་རང་ཉིད་ལ་དགའ་ཕྱོགས་སྤྲོ་ཕྱོགས་གང་ཡོད་དམ། རྩེད་དགའ་ཤོས་ཀྱི་ལུས་རྩལ་གང་དང་གང་ཡོད་དམ། །
ཞི་ཅིན་ཕིང་། ཀྲུང་གོར་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ960ཡི་མངའ་ཁོངས་ཡོད་པ་དང་། མི་རིགས56དང་མི་གྲངས་དུང་ཕྱུར13ལྷག་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་ཆུ་ཚད་ད་དུང་མཐོན་པོ་མེད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མཐོན་པོ་མེད་ལ། རྒྱལ་ཁབ་འདི་འདྲ་ཞིག་བཅོས་སྐྱོང་བྱ་རྒྱུ་ཧ་ཅང་ལས་སླ་པོ་མེད་ཙ་ན། ངེས་པར་དུ་མཐོ་སར་ལངས་ནས་རྒྱང་རིང་སར་ལྟ་དགོས་པ་དང་། ཕྱོགས་མཚུངས་ངེས་པར་དུ་ཏན་ཏན་ཏིག་ཏིག་བྱེད་དགོས། ངས་ཀྲུང་གོའི་ས་གནས་མི་འདྲ་བ་ཁག་ཏུ་ལས་ཀ་དུས་ཡུན་རིང་པོར་བྱས་མྱོང་ཡོད་པས། ཀྲུང་གོའི་ཤར་རྒྱུད་ནས་ནུབ་རྒྱུད་བར་དང་། ས་གནས་ནས་ཀྲུང་དབྱང་བར་དང་། ས་གནས་ཁག་དང་ཕྱོགས་གང་ཅིའི་ཐད་བར་དུ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པར་རྒྱུས་མངའ་ཟབ་མོ་ཡོད། དེར་བརྟེན། ཀྲུང་གོ་རུ་འགོ་ཁྲིད་པ་བྱེད་ན་ངེས་པར་དུ་གནས་ཚུལ་རྒྱུས་ལོན་བྱས་པའི་རྨང་གཞི་ཐོག་སྡེབ་འཛིན་ཀུན་ལྟ་དང་། ཕྱོགས་བསྡུས་སྙོམ་སྒྲིག གཙོ་གནད་གཙིགས་འདོན། སྤྱི་ཡོངས་སྐུལ་ཁྲིད་བཅས་བྱེད་དགོས་པ་དང་། སྐབས་འགར་ཆེན་པོ་བཟུང་ནས་ཆུང་བ་བཏང་སྙོམས་སུ་འཇོག་དགོས་པ་དང་ཆེན་པོས་ཆུང་བ་ལྕོགས་དགོས་ལ། སྐབས་འགར་ཆུང་བས་ཆེན་པོ་སྐུལ་དགོས་པ་དང་ཆུང་བའི་ཐོག་ནས་ཆེན་པོ་ཤེས་དགོས་པ་རེད། དཔེ་བཞག་ནས་བཤད་ན་མཛུབ་མོ་བཅུ་པོས་རྣོ་སྦྲེང་དཀྲོལ་བ་ལྟར་བྱེད་དགོས། །
རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཡིན་པའི་ངོས་ནས། མི་དམངས་ཀྱིས་ང་རང་ལས་གནས་འདི་འདྲར་བསྐོས་ཡོད་པས། ངས་ཐོག་མཐའ་བར་གསུམ་དུ་མི་དམངས་ཉིད་སྙིང་དབུས་སུ་འཇོག་དགོས་པ་དང་། འགན་འཁྲི་ཐའེ་ཧྲན་རི་བོ་ལས་ལྗིད་པ་དེ་མི་བརྗེད་སེམས་ལ་བཟུང་ནས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཛིན་དགོས་པ་དང་། ཧུར་ཐག་རྦད་ཐག་དང་ཉིན་མཚན་ལྟོས་མེད་དུ་སྤྱི་དོན་ལ་གཞོལ་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་གཅིག་སེམས་གཅིག་གཏད་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་། མི་དམངས་དང་མཐུན་སྒྲིལ་འབད་འཐབ་བཅས་བྱེད་དགོས་པ་རེད། །
དགའ་ཕྱོགས་ངོས་ནས་བཤད་ན། ང་རང་དཔེ་ཆ་བལྟ་རྒྱུ་དང་། གློག་བརྙན་བལྟ་རྒྱུ། ཡུལ་སྐོར་ལ་འགྲོ་རྒྱུ། འཆམ་འཆམ་ལ་འགྲོ་རྒྱུ་བཅས་ལ་དགའ་པོ་ཡོད། ཁྱེད་ཀྱིས་ཤེས་གསལ་ལྟར། ངའི་ལས་ཀ་འདི་བཞིན་ཕྲག་ཏུ་བླངས་པ་ཡིན་ཕྱིན། ཕལ་ཆེར་རང་ཉིད་ལ་དབང་བའི་དུས་ཚོད་མེད། ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་ལ། ཀྲུང་གོར་གླུ་དབྱངས་ཤིག་དར་བ་དེའི་མིང་ལ《དུས་ཚོད་ག་པར་ཕྱིན་སོང་》ཟེར། ང་ལ་ཆ་བཞག་ན། གནད་དོན་ནི་ང་རང་མི་སྒེར་གྱི་དུས་ཚོད་ཚང་མ་ག་པར་ཕྱིན་པ་རེད་ཟེར་ན། ཚང་མ་ལས་ཀར་བཟུང་བ་སྨོས་མེད་རེད། ད་ལྟ། ངས་རྒྱུན་གཏན་བྱེད་ཐུབ་པ་ནི་དཔེ་ཆ་བལྟ་རྒྱུ་དེ་ཡིན་ལ། དཔེ་ཆ་བལྟ་རྒྱུ་ནི་ངའི་འཚོ་བའི་སྐྱེལ་སྟངས་ཤིག་ཏུ་ཆགས་ཡོད། དཔེ་ཆ་བཀླགས་པ་དེས་མི་ལ་བསམ་པའི་སྐྱེ་སྟོབས་རྒྱས་སུ་འཇུག་པ་དང་། མི་ལ་རིག་པའི་བློ་སྒོ་འབྱེད་ཅིང་། མི་ལ་རྣམ་དག་གི་ཉམས་བག་སྐྱེ་རུ་འཇུག་གི་འདུག དཔེར་ན། ངས་ཨུ་རུ་སུའི་རྩོམ་པ་པོའི་དཔེ་ཆ་མང་པོ་ཞིག་བཀླགས་མྱོང་ཡོད། དཔེར་ན་ཁོ་ལེ་ལོ་ཧྥུ་དང་། ཕུའུ་ཞི་ཅིན། ཀོ་ཀེ་ལི། ལའེ་མོང་ཐོ་ཧྥུ། ཐུའུ་ཀེ་ཉི་ཧྥུ། ཐོ་སི་ཐོ་ཡེ་ཧྥུ་སི་ཅི། ཉེ་ཁོ་ལ་སོ་ཧྥུ། ཁྲེང་ཉི་ཞུའེ་ཧྥུ་སི་ཅི། ཐོའར་སི་ཐའེ། ཆེ་ཁོ་ཧྥུ། ཞའོ་ལུ་ཧོ་ཧྥུ་སོགས་ཡིན། ཁོང་རྣམ་པའི་དཔེ་ཆའི་ནང་དུ་ཡིད་དབང་འགུག་པའི་ལེའུ་དང་བྱུང་བ་མང་པོ་ཞིག་ཡོད་པ་དེ་ཚོ་ཚང་མ་ངའི་སེམས་ལ་གསལ་པོར་འཇགས་ཡོད། །
ལུས་རྩལ་རྩེད་མོའི་ངོས་ནས་བཤད་ན། ང་རང་ཆུ་རྐྱལ་དང་། རི་འཛེག་སོགས་ལ་དགའ་པོ་ཡོད། ཆུ་རྐྱལ་ནི་ང་རང་ལོ་བཞི་ལྔ་ཡིན་དུས་ནས་རྒྱག་ཤེས་ཀྱི་ཡོད། ང་རང་ད་དུང་རྐང་རྩེད་སྤོ་ལོ་དང་། སོར་རྩེད་སྤོ་ལོ། གཟིབ་དྲ་སྤོ་ལོ། དྲ་བ་སྤོ་ལོ། དྲག་རྩལ་སོགས་ལ་ཡང་དགའ་པོ་ཡོད། གངས་འཁྱགས་ལུས་རྩལ་གྱི་ཁྲོད་ནས་ང་རང་འཁྱགས་ཐོག་སྤོ་ལོ་དང་། མགྱོགས་ཤུད། གར་ཤུད། གངས་ཐོག་རྩལ་འགྱུར་བཅས་ལ་ལྟ་དགའ་པོ་ཡོད། ལྷག་པར་དུ་འཁྱགས་ཐོག་སྤོ་ལོ་ལ་དགའ་པོ་ཡོད། ལུས་རྩལ་འདི་ལ་མི་སྒེར་གྱི་སྟོབས་དང་རྩལ་དགོས་པས་མི་ཚད། དཔུང་སྦྲེལ་དང་རོགས་རེས་ཀྱང་དགོས་པས། ལུས་རྩལ་ཡག་པོ་ཞིག་རེད། །