ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་བཅུ་དྲུག་པ། ༽ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྤྱད་དེ་རྒྱལ་ཁབ་ནུས་ལྡན་ངང་སྐྱོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཁུངས། ཀློག་གྲངས།

༄༅། །ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྤྱད་དེ་རྒྱལ་ཁབ་ནུས་ལྡན་ངང་སྐྱོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

(2014ལོའི་ཟླ་2ཚེས་17ཉིན།)

ངེས་པར་དུ་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་སྤྱིའི་འཕེལ་རིམ་དང་བསྟུན་ནས། ཏང་གི་ཚན་རིག་དང་མཐུན་པར་སྲིད་སྐྱོང་བ་དང་། དམངས་གཙོས་སྲིད་སྐྱོང་བ། བཅའ་ཁྲིམས་ལྟར་སྲིད་སྐྱོང་བ་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་འགན་འཁྲི་སྒྲུབ་པའི་ནུས་སྟོབས་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་ལས་དོན་དང་། དཔལ་འབྱོར་སྤྱི་ཚོགས་རིག་གནས་གསུམ་གྱི་ལས་དོན། རང་ཉིད་ཀྱི་ལས་དོན་བཅས་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་སྤྱི་ཚོགས་གསུམ་གྱི་ལས་དོན་ཁག་གི་བཅོས་སྐྱོང་ལམ་ལུགས་ཅན་དང་།  ཚད་ལྡན་ཅན། ལས་རིམ་ཅན་བཅས་སུ་འགྱུར་བར་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྤྱད་དེ་རྒྱལ་ཁབ་ནུས་ལྡན་ངང་སྐྱོང་བའི་ནུས་སྟོབས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྤྱིའི་དམིགས་འབེན་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཐུས་ཚང་དང་གོང་སྤེལ་གཏང་རྒྱུ་དང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་སྐུལ་སྤེལ་གཏང་རྒྱུ་དེ་ཡིན། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་གོང་སྤེལ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་བྱེད་པིའ་དགོས་ངེས་ཀྱི་དོན་བྱ་ཡང་རེད།།

བསྒྱུར་བཅོས་སྒོ་འབྱེད་བྱས་པ་ནས་བཟུང་། ང་ཚོའི་ཏང་གིས་ལྟ་ཕྱོགས་གསར་རྐྱང་གི་སྒོ་ནས་རྒྱལ་ཁབ་སྐྱོང་བའི་མ་ལག་སྐོར་གྱི་གནད་དོན་ལ་བསམ་གཞིགས་བྱེད་འགོ་བརྩམས་ཡོད་པ་དང་། འགོ་ཁྲིད་ལམ་ལུགས་དང་། རྩ་འཛུགས་ལམ་ལུགས་ཀྱི་གནད་དོན་ལ་དེ་བས་རྩ་བའི་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། བརྟན་ལྷིང་གི་རང་བཞིན། ཡུན་རིང་གི་རང་བཞིན་བཅས་ལྡན་ཡོད་པ་ནན་བཤད་བྱས་ཡོད། ད་ལྟ། ང་ཚོའི་མདུན་དུ་བཤམས་ཡོད་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དང་གཏན་འཁེལ་ཡོང་བར་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བཞག་གོང་འཕེལ་ཡོང་རྒྱུ་དང་། མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་རྒྱུ། སྤྱི་ཚོགས་བརྟན་བརླིང་ཞི་མཐུན་ཡོང་རྒྱུ། རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་རྒྱུ་བཅས་ལ་སྔར་བས་ཆ་ལག་ཚང་བ་དང་། སྔར་བས་བརྟན་པོ་ཡིན་པ། སྔར་བས་གོ་ཆོད་པ་བཅས་ཀྱི་ལམ་ལུགས་ཀྱི་མ་ལག་ཅིག་འདོན་སྤྲོད་བྱ་རྒྱུ་དེ་ཡིན། ལས་གཞི་འདི་ཉིད་ཧ་ཅང་རྒྱ་ཆེན་པོ་ཡོད་པས། ངེས་པར་དུ་ཆ་ཚང་ཅན་དང་རྒྱུད་ཁོངས་ཅན་གྱི་བསྒྱུར་བཅོས་དང་ལེགས་བཅོས་ཡིན་དགོས་པ་དང་། ངེས་པར་དུ་ཁྱབ་ཁོངས་ཁག་གི་བསྒྱུར་བཅོས་དང་ལེགས་བཅོས་ཀྱི་སྐུལ་རེས་དང་གཅིག་སྒྲིལ་ཡིན་དགོས་ཤིང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ཐད་དུ་སྤྱི་ཡོངས་ཀྱི་ནུས་པ་ཆགས་པ་དང་སྤྱི་ཡོངས་ཀྱི་འབྲས་བུ་ཐོན་པར་བྱེད་དགོས།།

རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་ནི་རྒྱལ་ཁབ་ཅིག་གི་ལམ་ལུགས་དང་ལམ་ལུགས་ལག་བསྟར་བྱེད་པའི་ནུས་སྟོབས་ཀྱི་གཅིག་བསྡུས་མཚོན་བྱེད་ཡིན་པ་དང་། དེ་གཉིས་གཅིག་རམ་གཅིག་འདེགས་ཡིན། ང་ཚོའི་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་། དེ་ལ་ཁྱད་འཕགས་ཀྱི་དགེ་མཚན་ལྡན་ཡོད་ཅིང་། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་གོང་འཕེལ་གྱི་བླང་བྱ་དང་མཐུན་པ་རེད། ཕྱོགས་མཚུངས་ང་ཚོར་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པའི་ཕྱོགས་སུ་ད་དུང་ལེགས་སྒྱུར་བྱེད་དགོས་ས་མང་པོ་ཞིག་གནས་ཡོད་པས། རྒྱལ་ཁབ་སྐྱོང་བའི་ནུས་པ་ཆེ་རུ་གཏོང་བའི་ཐད་ད་དུང་ཤུགས་སྔར་ལས་ཆེ་བ་རྒྱག་དགོས། དེ་ཡང་ཏང་གི་སྲིད་དབང་སྐྱོང་བའི་ནུས་སྟོབས་ཆེ་རུ་གཏོང་རྒྱུ་དེ་གཙོ་གནད་དུ་བཟུང་ནས། ང་ཚོའི་རིམ་པ་ཁག་གི་ལས་བྱེད་པ་དང་། ཕྱོགས་གང་ཐད་ཀྱི་དོ་དམ་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་དང་། ཚན་རིག་རིག་གནས་ཀྱི་བྱང་ཚད། ལས་ཀའི་འཇོན་ཐང་བཅས་ཚང་མ་ཆེ་རུ་གང་མགྱོགས་བཏང་བ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་དང་། ཁེ་ལས་དང་བྱ་བཞག་སྡེ་ཚན། མི་དམངས་ཚོགས་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་ལས་ཀའི་འཇོན་ཐང་ཚང་མ་ཆེ་རུ་གང་མགྱོགས་བཏང་བ་ཡིན་ན། རྒྱལ་ཁབ་སྐྱོང་བའི་མ་ལག་དེ་གཞི་ནས་སྔར་ལས་ནུས་ལྡན་ངང་འཁོར་སྐྱོད་བྱེད་ཐུབ།།

རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་ན་ངེས་པར་དུ་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུའི་སྤྱིའི་དམིགས་འབེན་ཆ་ཚང་བར་ཤེས་རྟོགས་དང་གདེང་ཚོད་ལོན་དགོས་པ་དང་། དེ་ནི་སྐད་ཆ་ཚིག་གཉིས་ཀྱིས་གྲུབ་པའི་ཆ་ཅན་ཞིག་ཡིན་པ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་གོང་སྤེལ་གཏོང་རྒྱུ་དང་། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུ་གཉིས་ཡིན། ང་ཚོའི་ཁ་ཕྱོགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིན།།

རྒྱལ་ཁབ་ཅིག་གིས་བཅོས་སྐྱོང་མ་ལག་གང་འདྲ་ཞིག་གདམ་གསེས་བྱེད་མིན་ནི་རྒྱལ་ཁབ་དེའི་ལོ་རྒྱུས་སྲོལ་རྒྱུན་དང་། རིག་གནས་སྲོལ་རྒྱུན། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཆུ་ཚད་བཅས་ཀྱིས་ཐག་གཅོད་ཀྱི་ཡོད་པ་དང་། རྒྱལ་ཁབ་དེའི་མི་དམངས་ཀྱིས་ཐག་གཅོད་ཀྱི་ཡོད་པ་རེད། རང་རྒྱལ་གྱི་ད་ལྟའི་རྒྱལ་ཁབ་སྐྱོང་བའི་མ་ལག་ནི་རང་རྒྱལ་གྱི་ལོ་རྒྱུས་སྲོལ་རྒྱུན་དང་། རིག་གནས་སྲོལ་རྒྱུན། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་བཅས་ཀྱི་རྨང་གཞིའི་ཐོག་དུས་ཡུན་རིང་པོར་གོང་འཕེལ་བྱུང་བ་དང་། རིམ་པས་ལེགས་སྒྱུར་བྱས་པ། ནང་སྐྱེའི་རང་བཞིན་གྱི་འཕོ་འགྱུར་བྱུང་བ་བཅས་ཀྱི་འབྲས་བུ་ཡིན། རང་རྒྱལ་གྱི་རྒྱལ་ཁབ་སྐྱོང་བའི་མ་ལག་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་དགོས་ཀྱི་ཡོད་མོད། འོན་ཀྱང་ཇི་ལྟར་ལེགས་སྒྱུར་དང་། ཇི་ལྟར་འཐུས་ཚང་གཏང་རྒྱུའི་ཐད་ལ་ང་ཚོར་ལྟ་ཕྱོགས་ཡོད་དགོས་པ་དང་ཚུགས་ཤུགས་ཡོད་དགོས། ཀྲུང་ཧྭ་མི་རིགས་ནི་ཆུ་བོ་ཐམས་ཅད་རྒྱ་མཚོ་འབབ་པ་ལྟར་གྱི་ཀུན་འདུ་མཉམ་གནས་ཀྱི་མི་རིགས་ཤིག་ཡིན་པ་དང་། ལོ་རྒྱུས་ཀྱི་འཕེལ་རྒྱུན་རིང་མོའི་ནང་དུ་རྒྱུན་ཆད་མེད་པར་གཞན་གྱི་ལེགས་ཆ་སློབ་སྦྱོང་བྱས་ཏེ་རང་ཆོས་སུ་བསྒྱུར་བས་གཞི་ནས་རང་རིགས་ཀྱི་ཁྱད་ཆོས་གྲུབ་ཡོད་པ་རེད། རབ་ཏུ་བརྟན་པའི་ལམ་ལུགས་ཀྱི་གདེང་ཚོད་མེད་ན་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་བློ་སྟོབས་ཡོད་མི་སྲིད་པ་དང་། དེ་དང་འདྲ་བར་རྒྱུན་ཆད་མེད་པའི་བསྒྱུར་བཅོས་དང་བྲལ་བ་ཡིན་ན་ལམ་ལུགས་ཀྱི་གདེང་ཚོད་ཀྱང་མཐའ་མི་འཁྱོལ་པ་དང་རྒྱུན་མི་འཁྱོངས་པ་རེད། ང་ཚོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་བས་ཇེ་ལེགས་ཇེ་བཟང་དུ་གཏོང་རྒྱུ་དེ་ཡིན་པ་དང་། ང་ཚོས་ལམ་ལུགས་ཀྱི་གདེང་ཚོད་བརྟན་དགོས་ཟེར་བ་ནི་རང་སྒོ་རང་འདོམས་བྱེད་དགོས་ཟེར་བ་མ་ཡིན་པར་རྒྱུན་ཆད་མེད་པར་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་སེལ་ནས་ང་ཚོའི་ལམ་ལུགས་དེ་ཉིད་གནད་སྨིན་འཐུས་ཚང་དང་རྒྱུན་རིང་ཡོང་བར་བྱ་རྒྱུ་དེ་ཡིན།།

རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་དང་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་ཤུགས་ཆེན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་ལ་མི་རིགས་ཀྱི་ཁྱད་ཆོས་གསལ་ཞིང་དུས་རབས་ཀྱི་ཁྱད་རྟགས་ལེགས་པར་མངོན་པའི་རིན་ཐང་མ་ལག་མགྱོགས་མྱུར་འཛུགས་དགོས་རེད། ང་ཚོའི་རིན་ཐང་མ་ལག་བརྟན་པོར་སྐྱོང་བ་དང་། ང་ཚོའི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོར་འཛིན་དགོས་ན། ངེས་པར་དུ་རིག་གནས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། མི་རིགས་ཀྱི་རིག་གནས་ནི་མི་རིགས་ཤིག་མི་རིགས་གཞན་དག་དང་དབྱེ་བ་འབྱེད་བྱེད་ཀྱི་ཐུན་མིན་རྟགས་མཚན་ཞིག་ཡིན། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་དར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་གོའི་སྲོལ་རྒྱུན་སྤྱོད་བཟང་གི་གསར་སྐྲུན་རང་བཞིན་གྱི་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་མངོན་འགྱུར་ཧུར་ཐག་བྱེད་པ་དང་། ཡར་དུས་ལས་བརྒལ་བ་དང་། རྒྱལ་ཁོངས་ལས་བརྒལ་བ། རྟག་བརྟན་གྱི་ཡིད་དབང་འཕྲོག་ནུས་ལྡན་པ། དེང་རབས་ཀྱི་རིན་ཐང་ལྡན་པ་བཅས་ཀྱི་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་ལ་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཡང་གཏོང་བ་དང་། རང་རྒྱལ་ཁབ་ཏུ་གཞི་ཚུགས་ལ་འཛམ་གླིང་ལ་ཁ་ཡང་ཕྱོགས་པའི་དེང་རབས་ཀྲུང་གོའི་རིག་གནས་ཀྱི་གསར་གཏོད་གྲུབ་འབྲས་དེ་ཕྱི་ལ་སྤེལ་དགོས། ཀྲུང་ཧྭ་མི་རིགས་ཀྱི་མི་རབས་ནས་མི་རབས་སུ་བླ་མེད་མཆོག་གྱུར་གྱི་ཀུན་སྤྱོད་བཟང་པོ་བརྩོན་ལེན་བྱས་ན། ང་ཚོའི་མི་རིགས་འདི་ལ་ཡུན་ནས་ཡུན་དུ་རེ་བས་ཁེངས་ཡོང་གི་རེད།།

ཡིག་ཆ་ཡག་པོ་ཞིག་གཏན་ལ་ཕབ་པ་ནི་ལེ་དབར་ཁྲིའི་རྒྱང་སྐྱོད་ཀྱི་གོམ་པ་དང་པོ་སྤོས་པ་ཙམ་ཡིན་ལ། གནད་འགག་ནི་ཡིག་ཆ་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ཐད་དུ་ཞིབ་ཚགས་དང་དཀའ་སྡུག་དང་གཏིང་ཟབ་བཅས་ཀྱིས་བརྩོན་འགྲུས་སྤྱད་དེ། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་བསམ་བློའི་ངོས་འཛིན་གྱི་རྨང་གཞི་བརྟན་པོར་འདིང་དགོས། སློབ་སྦྱོང་བྱས་ཏེ་གོ་བ་ལེན་པའི་ཐད་དུ་ཕྱོགས་རྟོགས་ཙམ་དང་ལུང་ཚིག་ཙམ་དང་འདྲ་བཤུ་ཙམ་ལ་རློམ་རིགས་འགོག་དགོས་པ་དང་། སྤྱི་ཁོག་གི་སྲིད་ཇུས་བཀོད་སྒྲིག་དང་བྱེ་བྲག་གི་སྲིད་ཇུས་གང་ཞིག་བར་གྱི་འབྲེལ་བ་དང་། རྒྱུད་རིམ་ལྡན་པའི་སྲིད་ཇུས་ཀྱི་ཕྲེང་ཐག་དང་སྲིད་ཇུས་ཀྱི་ལྷུ་ཚིགས་བྱེ་བྲག་པའི་བར་གྱི་འབྲེལ་བ། སྲིད་ཇུས་ཀྱི་རྩེ་རིམ་ཇུས་འགོད་དང་སྲིད་ཇུས་ཀྱི་བང་རིམ་ཕྱེ་བའི་སྦྲེལ་མཐུད་བར་གྱི་འབྲེལ་བ། སྲིད་ཇུས་ཀྱི་གཅིག་གྱུར་རང་བཞིན་དང་སྲིད་ཇུས་ཀྱི་ཁྱད་པར་རང་བཞིན་བར་གྱི་འབྲེལ་བ། རྒྱུན་རིང་ཅན་གྱི་སྲིད་ཇུས་དང་དུས་རིམ་ཅན་གྱི་སྲིད་ཇུས་བར་གྱི་འབྲེལ་བ་བཅས་གསལ་བོར་རྟོགས་དགོས་ལ། ཆ་ཤས་ཀྱིས་ཆ་ཅན་གྱི་ཚབ་བྱེད་མི་རུང་ལ་ཆ་ཅན་གྱིས་ཆ་ཤས་ཀྱི་ཚབ་ཀྱང་བྱེད་མི་རུང་བ་དང་། སྟབས་བསྟུན་རང་བཞིན་གྱིས་རྩ་དོན་རང་བཞིན་ལ་གནོད་སྐྱེལ་མི་རུང་ལ་རྩ་དོན་རང་བཞིན་གྱིས་སྟབས་བསྟུན་རང་བཞིན་ལ་སྡོམ་འཆིང་ཡང་བྱེད་མི་རུང་། ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་དུ་ཡིག་ཆ་སྟོང་ཀློག་དང་། རེ་སྒུག་བབས་ལྟ། ངང་ཐུང་ཧབ་རྒྱུགས་བཅས་བྱེད་རིགས་འགོག་དགོས་པ་དང་། ངེས་པར་དུ་སྡོད་ལོང་སྒུག་ལོང་མེད་པའི་དགོས་གཏུགས་ཀྱི་སེམས་པ་དང་ཉིན་མཚན་ལྟོས་པ་མེད་པའི་འགན་འཁྲི་འཁུར་སེམས་ཀྱིས་གནད་ཀྱི་ཁ་ལ་གནད་དུ་འབེབས་དགོས། བསྒྱུར་བཅོས་ནི་རིམ་པ་བཞིན་དུ་སྤེལ་དགོས་པའི་ལས་ཀ་ཞིག་ཡིན་པས། ཐོད་བརྒལ་བྱེད་ཕོད་དགོས་ལ། གོམ་པ་རེ་རེ་བཞིན་ཏན་ཏན་ཏིག་ཏིག་གིས་མདུན་དུ་བསྐྱོད་དེ། བསྒྱུར་བཅོས་ཀྱི་དམིགས་འབེན་ལས་འགན་སྒྲུབ་རྒྱུ་ཁག་ཐག་བྱེད་དགོས། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁེ་ཕན་དང་། གཞི་རྩའི་ཁེ་ཕན། ཕུགས་རིང་གི་ཁེ་ཕན་བཅས་གཞིར་བཞག་ནས་བཀོད་སྒྲིག་བྱས་པ་ཡིན་པས། བློར་འབབ་ན་ལེན་པ་དང་བློར་མི་འབབ་ན་སྤོང་བའི་ཕྱོགས་ལྷུང་ཟློག་པར་དོ་སྣང་བྱེད་དགོས་པ་དང་། བསྒྱུར་བཅོས་དང་གོང་སྤེལ་ལ་འགོག་རྐྱེན་བཟོ་བའི་ངན་གོམས་བསམ་གཞིགས་ཡོད་རིགས་སེལ་དགོས། ཏང་དང་མི་དམངས་ཀྱི་བྱ་བཞག་ལ་ཕན་ཐོགས་ཡོད་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ལ་ཕན་ཐོགས་ཡོད་པ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་ཕན་ཐོགས་ཡོད་པ་བཅས་ཡིན་ཕྱིན། སྒྱུར་དགོས་པ་མཐའ་དག་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་དགོས། དེ་ལྟར་བྱས་ན་གཞི་ནས་ལོ་རྒྱུས་ལ་འགན་འཁྲི་འཁུར་བ་དང་། མི་དམངས་ལ་འགན་འཁྲི་འཁུར་བ། རྒྱལ་ཁབ་དང་མི་རིགས་ལ་འགན་འཁྲི་འཁུར་བ་བཅས་ཡིན།།