
༄༅། །དཔལ་འབྱོར་གྱི་འཕར་སྣོན་དེ་ངེས་པར་དུ་མིག་མཐོང་ལག་ཟིན་དང་བསྲེས་ལྷད་མེད་པའི་འཕར་སྣོན་ཡིན་དགོས།
(2012ལོའི་ཟླ་11ཚེས་30ཉིན།)
ད་ལོ་ནས་བཟུང་། རྒྱལ་སྤྱིའི་དཔལ་འབྱོར་གྱི་རྙོག་འཛིང་ཆེ་བའི་ཁོར་ཡུག་གི་མདུན་དང་། རྒྱལ་ནང་གི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་གསུམ་གྱི་ལས་འགན་ལྗིད་མོའི་མདུན་དུ། ང་ཚོས་ཚན་རིག་དང་མཐུན་པར་གོང་སྤེལ་གཏོང་རྒྱུ་བརྗོད་གཞིར་བཟུང་བ་དང་། དཔལ་འབྱོར་གོང་སྤེལ་གཏོང་སྟངས་སྤོ་སྒྱུར་མགྱོགས་སུ་གཏོང་རྒྱུ་གཙོ་ཐིག་ལ་བཟུང་ནས། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་རྒྱུའི་ལས་ཀའི་གཞི་འགྲོས་ལྟར། དུས་ཐོག་ཏུ་སྤྱི་ཁོག་སྙོམས་སྒྲིག་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱས་པ་དང་། འཕར་སྣོན་བརྟན་པོ་བཟོ་རྒྱུ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་སྟེ། འཕར་སྣོན་བརྟན་པོ་བཟོ་བ་དང་། གྲུབ་ཚུགས་ལེགས་སྒྱུར་བྱེད་པ། བསྒྱུར་བཅོས་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་ཐད་འཕེལ་ཀ་བཟང་པོ་བྱུང་ཡོད།།
རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གཞི་རྩའི་ཆ་དེ་སྐྱོན་མེད་ཡིན་པ་ཁས་ཡོངས་སུ་ལེན་པ་སྔོན་འགྲོའི་ཆ་རྐྱེན་བྱས་ཏེ། ང་ཚོས་ད་ལྟ་དང་ཕྱིན་ཆད་དུས་སྐབས་ཤིག་གི་ནང་དུ་ཕྲད་པ་དང་འཕྲད་པར་འགྱུར་བའི་ཉེན་ཁ་དང་འགྲན་སློང་ལ་སྣང་ཆུང་གཏན་ནས་བྱེད་མི་ཉན་པ་སྟེ། གཙོ་བོར་འཛམ་གླིང་གི་དཔལ་འབྱོར་འཕེལ་འབྲས་དལ་བ་དེ་ད་དུང་རྒྱུན་མཐུད་དེ་གནས་རྒྱུ་ཡིན་པ་དང་། སྤྱིའི་དགོས་མཁོ་མི་འདང་བ་དང་ཐོན་སྐྱེད་བྱེད་ནུས་ལྟོས་བཅས་ཀྱིས་ལྷག་ཆ་ཆེ་དྲགས་པའི་བར་གྱི་འགལ་བ་ཅུང་ཟད་ཆེ་རུ་འགྲོ་བ། ཁེ་ལས་ཀྱི་ཐོན་སྐྱེད་དང་འཚོང་གཉེར་གྱི་མ་གནས་མཐོ་རུ་འགྲོ་བ་དང་གསར་གཏོད་ནུས་པ་མི་འདང་བའི་གནད་དོན་སྡེབ་གཅིག་ཏུ་གནས་པ། དཔལ་འབྱོར་གོང་འཕེལ་དང་ཐོན་ཁུངས་ཁོར་ཡུག་བར་གྱི་འགལ་བ་ཅུང་ཟད་ཛ་དྲག་ཆེ་རུ་འགྲོ་བ་བཅས་ཡིན། དེ་ལ་ང་ཚོས་“གནད་གཉིས་སྨྲ་བ་”རྒྱུན་འཁྱོངས་བྱས་ཏེ་བལྟོས་ས་ལྟོས་འཇོག་གི་སྒོ་ནས་གནད་དོན་ལ་ལྟ་དགོས་པ་སྟེ། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ནང་གི་བཟང་ཕྱོགས་མཐོང་དགོས་པས་མི་ཚད་ངན་ཕྱོགས་ཀྱང་མཐོང་དགོས་ཐོག ངན་ཕྱོགས་ནས་བསམ་བློ་གཏོང་དགོས་པ་དང་གྲ་སྒྲིག་ཨང་གསར་བྱས་ཏེ། འབྲས་བུ་ཡག་ཙམ་ཞིག་བརྩོན་ལེན་བྱེད་དགོས།།
སང་ལོ་ནི་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་དང་པོ་ཡིན་ཞིང་། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལས་ཀ་ཡག་པོར་སྒྲུབ་རྒྱུ་དེ་གལ་ཧ་ཅང་ཆེ་བས། དཔལ་འབྱོར་གོང་འཕེལ་ཡོང་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་དེ་ལྟེ་གནད་དུ་བཟུང་ནས། བརྟན་པོའི་ངང་ནས་ཡར་རྒྱས་ཡོང་ཐབས་བྱེད་པ་དང་། སྲོལ་འབྱེད་གསར་གཏོད་བྱེད་པ། ཏན་ཏིག་གིས་འགོ་རྩོམ་པ། བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་སྔར་ལས་ལྷག་པ་ཞིག་བྱེད་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་སྔར་ལས་ལྷག་པ་གཏོང་བ་བཅས་ཀྱི་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་དགོས། གཅིག་ནས་དཔལ་འབྱོར་འཕར་སྣོན་འཛིན་སྐྱོང་བྱེད་དགོས་པ་སྟེ། མུ་མཐུད་དུ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་གཟབ་བརླིང་བརྟན་གསུམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། དཔལ་འབྱོར་འཕར་སྣོན་ཡོང་བའི་ནང་སྐྱེས་ཀྱི་སྐྱེ་སྟོབས་དང་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཤིང་། འཕར་སྣོན་ཡོང་བ་དེ་མིག་མཐོང་ལག་ཟིན་དང་བསྲེས་ལྷད་མེད་པའི་འཕར་སྣོན་ཡིན་དགོས་པ་དང་། ཕན་འབྲས་ལྡན་པ་དང་། སྤུས་ཀ་ལྡན་པ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་འཕར་སྣོན་ཡིན་དགོས། གཉིས་ནས་ཞིང་ལས་ཀྱི་རྨང་གཞིའི་གོ་གནས་ལ་ཤུགས་སྣོན་རྒྱག་དགོས་པ་དང་དེ་སྲ་བརྟན་དུ་གཏོང་དགོས་པ་སྟེ། ཞིང་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་དར་ཞིང་ཕན་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་བ། དེང་རབས་ཀྱི་ཞིང་ལས་མགྱོགས་མྱུར་དུ་གོང་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་འདོན་སྤྲོད་ནུས་ལྡན་ཡོང་རྒྱུ་ཁག་ཐེག་བྱེད་དགོས། གསུམ་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་འཕེལ་ཀ་མངོན་གསལ་ཡོང་བར་སྐུལ་འདེད་གཏོང་དགོས་པ་སྟེ། ཕྱི་མཁོ་བརྟན་པོ་བཟུང་བ་དང་མཉམ་དུ་ནང་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་གཏོང་དགོས་པ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གྲོང་ཁྱེར་དང་གྲོང་བརྡལ་ཅན་དུ་སྐྱོན་བྲལ་ངང་སྒྱུར་བར་གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་དགོས། བཞི་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། རྩེ་རིམ་གྱི་ཇུས་འགོད་ཡག་པོར་བྱེད་དགོས་པ་དང་། དུས་ཐོག་ཏུ་དམིགས་གཏད་ཡོད་པའི་བསྒྱུར་བཅོས་ཀྱི་བྱེད་ཐབས་འདོན་དགོས་ལ། སྤྱི་ཡོངས་ཀྱི་ཆ་ནས་གོམ་པ་རིམ་བགྲོད་བྱེད་པ་དང་བྱེ་བྲག་གི་ཆ་ནས་ཐོད་བརྒལ་བྱེད་པ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་དོན་འབྲས་དངོས་བརྩོན་ལེན་བྱེད་དགོས། ལྔ་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཤུགས་ཆེན་བྱེད་དགོས་པ་སྟེ། ཡོང་འབབ་དམའ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་གཙོ་གནད་དུ་བཟུང་ནས་འགན་སྲུང་བྱེད་དགོས་པ་དང་། མཐོ་རིམ་སློབ་གྲྭའི་སློབ་ཆེན་སློབ་མའི་འཚོ་བའི་དཀའ་ངལ་གྱི་རོགས་གསབ་ཡག་པོར་སྒྲུབ་དགོས་པ། ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་གཏོང་རྒྱུར་མཐོང་ཆེན་བྱེད་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་གི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ། མང་ཚོགས་ཀྱིས་ལས་བརྩོན་ཕྱུག་འགྱུར་བྱས་ཏེ་འཚོ་བ་ལེགས་བཅོས་བྱེད་པའི་འདུན་པ་སྐྱེད་པར་སྣེ་ཁྲིད་བྱེད་དགོས་པ་བཅས་ཀྱི་ཐོག་ནས། དམངས་འཚོ་ལེགས་བཅོས་བྱ་རྒྱུ་དེ་ཏང་དང་སྲིད་གཞུང་གི་ལས་ཀའི་ཁ་ཕྱོགས་ཡིན་པས་མི་ཚད། རྒྱ་ཆེའི་མི་དམངས་མང་ཚོགས་རང་ངོས་ནས་འབད་ཐབས་བྱེད་དམིགས་འབེན་དུ་ཡང་ཆགས་པར་བྱེད་དགོས།།