
༄༅། ། “མི་རིག་པའི་ལག་པ”དང“རིག་པའི་ལག་པ”གཉིས་ཀ་ཡག་པོར་སྤྱོད་དགོས།
(2014ལོའི་ཟླ་5པའི་ཚེས་26ཉིན། )
ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་དགོས་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་དགོས་ཞེས་པ་འདི་ནི་རིགས་པའི་གཞུང་ལུགས་ཀྱི་བརྗོད་གཞི་གལ་ཆེན་ཞིག་ཡིན་པར་མ་ཟད་ལག་ལེན་གྱི་བརྗོད་གཞི་གལ་ཆེན་ཞིག་ཀྱང་ཡིན། བརྗོད་གཞི་འདི་ཚན་རིག་དང་མཐུན་པར་ངོས་འཛིན་བྱེད་པ་དང་། དེའི་གོ་དོན་གནད་ལ་འཁེལ་བར་ཤེས་རྟོགས་བྱེད་པ་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྐྱོན་བྲལ་དང་སྒྲིག་ལམ་ལྡན་པའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཚོང་རའི་ནུས་པ་དང་སྲིད་གཞུང་གི་ནུས་པའི་གནད་དོན་སྐོར་ལ་རྩོད་སྒྲུབ་རིག་པ་དང་གནད་གཉིས་སྨྲ་བའི་ལྟ་བ་འཛིན་དགོས་པ་དང་། “མི་རིག་པའི་ལག་པ”དང“རིག་པའི་ལག་པ”གཉིས་ཀ་ཡག་པོར་སྤྱོད་དགོས་པ་སྟེ། ཚོང་རའི་ནུས་པ་དང་སྲིད་གཞུང་གི་ནུས་པ་གཞི་མཐུན་པར་གཅིག་གྱུར་དང་། གཅིག་ཁ་གཅིག་གསབ། ཕུན་ཚུན་མཐུན་སྦྱོར། ཕན་ཚུན་སྐུལ་འདེད་བཅས་ཀྱི་རྣམ་པ་ཧུར་བརྩོན་གྱིས་ཆགས་པར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཏོན་དོན། དཔལ་འབྱོར་སྒྲིག་སྲོལ་གྱི་བསྒྱུར་བཅོས་ནི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་གཙོ་གནད་ཡིན་པ་དང་། དེའི་སྲོག་ཤིང་དུ་གྱུར་པའི་གནད་དོན་ནི་སྲིད་གཞུང་དང་ཚོང་རའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་དགོས་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་པ་དེ་ཡིན། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་པ་དེ་ནི། ང་ཚོའི་ཏང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་ཆོས་ཉིད་ངོས་འཛིན་བྱེད་པའི་ཐད་ཀྱི་ཐོད་བརྒལ་གསར་པ་ཞིག་ཡིན་པ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་པ་ཡིན་ལ། དེས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་གོང་འཕེལ་དེ་དུས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།།
ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པའི་མཚན་ཉིད་ངེས་པ་དང་གནད་ཟིན་དགོས་ན། ངེས་པར་དུ་ཚོང་རའི་ནུས་པ་དང་སྲིད་གཞུང་གི་ནུས་པའི་བར་གྱི་འབྲེལ་བ་ངོས་འཛིན་ཡང་དག་པ་བྱེད་དགོས། སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ནི་རང་རྒྱལ་གྱི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་སྲོག་ཤིང་དུ་གྱུར་པའི་གནད་དོན་ཡིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་དུ་ཚོང་རས་རྨང་གཞིའི་རང་བཞིན་གྱི་ནུས་པ་ཐོན་པ་ཞེས་པ་དེ་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་ཞེས་པར་བཟོ་བཅོས་བརྒྱབ་པ་ནི། མིང་ཚིག་གཅིག་གི་ཁྱད་པར་ཡིན་ཡང་ཚོང་རའི་ནུས་པ་ལ་མཚན་ཉིད་གསར་རྐྱང་ཞིག་བཞག་ཡོད་པ་རེད་ལ། “ཐག་གཅོད་རང་བཞིན”དང“རྨང་གཞིའི་རང་བཞིན”ཞེས་པའི་ངེས་པ་འདི་གཉིས་ནི་ཕན་ཚུན་འཛིན་སྐྱོང་སྤེལ་གསུམ་གྱི་འབྲེལ་བ་ཅན་ཡིན། ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་པ་དང་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ་ནི་མཐུན་ཆོས་ཡིན་པ་ལས་འགོག་ཆོས་མ་ཡིན་པས། དེ་གཉིས་སོ་སོར་བར་གཅོད་དང་འགལ་ཟླར་འཛིན་མི་རུང་སྟེ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་སྤྱད་དེ་སྲིད་གཞུང་གི་ནུས་པའི་ཚབ་བྱེད་པའམ་ཐ་ན་དེ་འགོག་པ་ནི་མི་རུང་ལ། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ་སྤྱད་དེ་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་དུ་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་རྒྱུའི་ཚབ་བྱེད་པའམ་ཐ་ན་དེ་འགོག་པ་ཡང་མ་རུང་བ་ཡིན།
ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་རྒྱུ་བཏོན་པ་དེས་དོན་དམ་དུ་གནད་དོན་གྱི་ཁྲིད་ཕྱོགས་དོན་འཁྱོལ་བྱས་ཡོད་པ་རེད། ལོ་ངོ་20ལྷག་རིང་གི་ལག་ལེན་བརྒྱུད་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་སྒྲིག་སྲོལ་ཟམ་མི་ཆད་པར་གོང་འཕེལ་བྱུང་ཡོད་མོད། འོན་ཀྱང་གནད་དོན་གང་མང་ཞིག་སྔར་བཞིན་གནས་ཡོད་པ་དང་། ཚོང་རའི་བྱེད་པོའི་བྱེད་སྒོ་སྤེལ་ཤུགས་ལ་ཚོད་འཛིན་བྱེད་པ་དང་། ཚོང་ར་དང་རིན་ཐང་ཆོས་ཉིད་ཀྱིས་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱ་རྒྱུར་འགོག་རྐྱེན་བཟོ་བའི་སྐྱོན་གང་མང་ཞིག་སྔར་བཞིན་གནས་ཡོད་པ་རེད། གནད་དོན་དེ་དག་ཐག་གཅོད་ཡག་པོ་མ་བྱས་ན་འཐུས་སྒོ་ཚང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་ཆགས་དཀའ་ལ། གོང་སྤེལ་གཏོང་སྟངས་སྤོ་སྒྱུར་བྱ་རྒྱུ་དང་དཔལ་འབྱོར་གྱི་གྲུབ་ཚུལ་ལེགས་སྒྲིག་བྱ་རྒྱུར་ཡང་སྐུལ་འདེད་གཏོང་དཀའ། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་ཀྱི་ཕྱོགས་ནས་ཚོང་ར་ཅན་དུ་འགྱུར་བའི་བསྒྱུར་བཅོས་བྱས་ནས། སྲིད་གཞུང་གིས་ཐད་ཀར་ཐོན་ཁུངས་བགོ་སྒྲིག་བྱེད་རིགས་ཇེ་ཉུང་དུ་གཏོང་བ་དང་། སྲིད་གཞུང་གིས་དཔལ་འབྱོར་བྱེད་སྒོ་བྱེ་བྲག་པར་ཐད་ཀར་ཐེ་གཏོགས་བྱེད་རིགས་ཇེ་ཉུང་དུ་གཏོང་བ། གཅིག་གྱུར་སྒོ་འབྱེད་ཅན་དང་འགྲན་རྩོད་སྒྲིག་ལམ་ལྡན་པའི་ཚོང་རའི་མ་ལག་མགྱོགས་མྱུར་འཛུགས་པ། དྲང་སྙོམ་དང་སྒོ་འབྱེད་དང་ཕྱི་གསལ་ནང་གསལ་གྱི་ཚོང་རའི་སྒྲིག་ལམ་འཛུགས་པ་བཅས་བྱས་ནས། ཚོང་རའི་ལམ་སྲོལ་གྱིས་སྙོམ་སྒྲིག་ནུས་ལྡན་བྱེད་ཐུབ་པའི་དཔལ་འབྱོར་གྱི་བྱེད་སྒོ་ཚོང་རར་སྤྲོད་པ་དང་། སྲིད་གཞུང་གིས་བདག་པོ་བྱེད་མི་འོས་པའི་བྱ་བ་ཚོང་རར་སྤྲོད་པའི་ཐོག་ནས་ཚོང་རས་ནུས་པ་ཐོན་ཐུབ་པའི་ཁྱབ་ཁོངས་ཚང་མར་ཚོང་ར་ལ་ནུས་པ་མཐིལ་ཕྱིན་འདོན་དུ་འཇུག་དགོས་པ་དང་། ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཕན་འབྲས་གང་ཆེ་ཆེ་དང་ལས་ཆོད་གང་ཆེ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། ཁེ་ལས་དང་མི་སྒེར་ལ་སྔར་ལས་ཆེ་བའི་སྐྱེ་སྟོབས་དང་བར་སྟོང་མངའ་བའི་ཐོག་ནས་དཔལ་འབྱོར་གོང་སྤེལ་གཏོང་དུ་འཇུག་དགོས་པ་དང་རྒྱུ་ནོར་གསར་སྐྲུན་བྱེད་དུ་འཇུག་དགོས།།
ཚན་རིག་དང་མཐུན་པའི་སྤྱི་ཁོག་སྙོམ་སྒྲིག་དང་། ཕན་ནུས་ལྡན་པའི་སྲིད་གཞུང་གི་བཅོས་སྐྱོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་དགེ་མཚན་གྱི་ནང་གནས་བླང་བྱ་ཡིན། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ་ནི་སྲིད་གཞུང་གི་འགན་ནུས་སྤོ་སྒྱུར་གནད་ལ་འཁེལ་བ་བྱས་ཏེ། སྲིད་འཛིན་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་དང་། སྲིད་འཛིན་གྱི་དོ་དམ་བྱེད་སྟངས་གསར་གཏོད། སྤྱི་ཁོག་སྙོམ་སྒྲིག་གི་མ་ལག་འཐུས་ཚང་དུ་གཏོང་བ། ཚོང་རའི་བྱེད་སྒོར་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན། སྤྱི་པའི་ཞབས་ཞུར་ཤུགས་སྣོན་དང་ལེགས་སྒྱུར། སྤྱི་ཚོགས་དྲང་སྙོམ་དྲང་བདེན་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་འདེད། ཐུན་མོང་དུ་ཕྱུག་འགྱུར་ཡོང་བར་སྐུལ་སྤེལ་བཅས་བྱེད་དགོས་པ་དེ་རེད། སྲིད་གཞུང་རིམ་པ་ཁག་གིས་ཡིན་གཅིག་མིན་གཉིས་གཟབ་ནན་གྱིས་ཁྲིམས་ལྟར་སྲིད་འཛིན་དང་འགན་འཁྲི་ཏན་ཏིག་གིས་བསྒྲུབས་ནས། དོ་དམ་བྱེད་དགོས་པའི་བྱ་བ་ངེས་པར་དུ་དོ་དམ་ཡག་པོ་དང་གནད་འཁེལ་ཞིག་བྱེད་དགོས་པ་དང་། གཤམ་ལ་སྤྲོད་དགོས་པའི་དབང་ཆ་ངེས་པར་དུ་འདང་ངེས་དང་གནད་ལ་འཁེལ་བ་ཞིག་སྤྲོད་དགོས་ལ། སྲིད་གཞུང་གི་འགན་ནུས་ཀྱི་གནས་འཛོལ་བ་དང་། གནས་ལས་བརྒལ་བ། གནས་སྟོང་བར་བསྐྱུར་བ་བཅས་ཀྱི་སྣང་ཚུལ་བློ་ཐག་རྦད་ཆོད་ཀྱིས་ཁྱད་གསོད་བྱེད་དགོས། །
ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་སྤྱི་ཁོག་གི་བྱ་བ་འཛིན་པ་དང་ཕྱོགས་གང་ཅིའི་བྱ་བ་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་གྱི་ཁྱད་རྟགས་གལ་ཆེན་ཞིག་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་30ལྷག་གི་རིང་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྲིད་ན་དཀོན་པའི་གྲུབ་འབྲས་ཆེན་པོ་ཐོབ་ཐུབ་པ་དང་། རང་རྒྱལ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དེ་ཚད་ཆེན་པོས་གོང་མཐོར་འགྲོ་ཐུབ་པ་བྱུང་བ་ནི། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་། རིམ་པ་ཁག་གི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱི་ནུས་པ་སྒོ་ཀུན་ནས་འདོན་སྤེལ་བྱས་པ་དང་འབྲལ་ཐབས་མེད་པ་རེད། རང་རྒྱལ་དུ་ཏང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ནི་སྲིད་གཞུང་གིས་ནུས་པ་འདོན་སྤེལ་བྱེད་ཐུབ་པའི་གཞི་རྩའི་ཁག་ཐེག་ཡིན། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་བརྒྱུད་རིམ་ནང་དུ་ང་ཚོས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགེ་མཚན་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། ང་རང་ཚོའི་ཆབ་སྲིད་ཀྱི་དགེ་མཚན་ལ་བརྟེན་ནས་བསྒྱུར་བཅོས་ལ་སྣེ་ཁྲིད་དང་སྐུལ་འདེད་བྱེད་དགོས་པ་དང་། ཕྱོགས་གང་ཅིའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་གྱི་སྒྲིལ་སྲོལ་ཟམ་མི་ཆད་པར་འཐུས་ཚང་ཡོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྔར་ལས་ལྷག་པར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།།
གནས་བབ་གསར་པའི་འོག་རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ལག་ལེན་གྱི་ཁྲོད་དུ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་གི་ཁྲོད་དུ་ལག་ལེན་གཏིང་ཟབ་བྱེད་པ། རྒྱུན་ཆད་མེད་པར་གནད་དོན་གསར་པ་ཞིབ་འཇུག་དང་ཉམས་མྱོང་གསར་པ་ཕྱོགས་བསྡོམས་བྱེད་པ། “མི་རིག་པའི་ལག་པ”དང“རིག་པའི་ལག་པ”གཉིས་ཀ་ཡང་དག་པར་བེད་སྤྱོད་བྱེད་ཤེས་པ་བཅས་བྱས་ཏེ་སྲིད་གཞུང་དང་ཚོང་ར་གཉིས་ཀྱི་འབྲེལ་བར་ཁ་ལོ་སྒྱུར་བའི་མཁས་པ་ཆགས་དགོས། །