ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཉི་ཤུ་པ། ༽རྒྱུ་རྐྱེན་གཙོ་བོས་གོང་འཕེལ་ལ་སྐུལ་འདེད་དང་མ་རྩ་འཇོག་ཁྱོན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་གཙོ་བོ་ཡིན་པ་ནས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་གཙོ་བོར་འཛིན་པར་མགྱོགས་པོ

ཁུངས། ཀློག་གྲངས།

༄༅།།རྒྱུ་རྐྱེན་གཙོ་བོས་གོང་འཕེལ་ལ་སྐུལ་འདེད་དང་མ་རྩ་འཇོག་ཁྱོན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་གཙོ་བོ་ཡིན་པ་ནས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་གཙོ་བོར་འཛིན་པར་མགྱོགས་པོར་སྒྱུར་དགོས།

2014ལོའི་ཟླ་6ཚེས་9ཉིན།

མིག་སྔར། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་བཞིན་ཡོད། ང་ཚོར་འདས་པའི་དུས་སྐབས་གང་ཞིག་ལས་ཀྱང་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་རུ་བསྐྱེད་རྒྱུའི་དགོས་གལ་ཆེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་པའི་སྐོར་ལ་བཀོད་སྒྲིག་གལ་ཆེན་བྱས་ཏེ། ཚན་རྩལ་གསར་གཏོད་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་དང་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་ཡིན་པས། ངེས་པར་དུ་རྒྱལ་ཁབ་གོང་སྤེལ་གཏོང་བའི་སྤྱི་ཁོག་གི་སྲོག་ཤིང་དུ་གྱུར་པའི་གནས་སུ་འཇོག་དགོས་པ་ནན་བཤད་བྱས་ཡོད། འདི་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཆེན་པོར་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་པ་དང་། རང་རྒྱལ་གོང་འཕེལ་གྱི་སྤྱི་ཁོག་གནས་བབ་ལ་གཞི་ཚུགས་ནས་བྱས་པའི་འཐབ་ཇུས་ཀྱི་གདམ་ག་གལ་ཆེན་ཞིག་ཡིན།།

དུས་རབས་21པར་སླེབས་པ་ནས་བཟུང། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ས་བོན་འབུས་ནས་སྐྱེ་འཚར་འབྱུང་བཞིན་ཡོད་པ་དང། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཐད་གོང་འཕེལ་གྱི་རྣམ་པ་གསར་པ་དང་ཁྱད་ཆོས་གསར་པ་མངོན་ཡོད། རིག་གཞུང་ཚན་ཁག་སྣོལ་འདྲེས་ཡོང་འགྲོས་མགྱོགས་སུ་འགྲོ་བ་དང་། གསར་དར་རིག་གཞུང་ཚན་ཁག་ཟམ་མི་ཆད་པར་འབྱུང་བ། སྣེ་འདྲེན་ཁྱབ་ཁོངས་ཟམ་མི་ཆད་པར་མཆེད་པ། དངོས་རིགས་ཀྱི་གྲུབ་ཚུལ་དང། འཇིག་རྟེན་གྱི་འཕེལ་རིམ། ཚེ་སྲོག་གི་འབྱུང་ཁུངས། འདུ་ཤེས་ཀྱི་ངོ་བོ་ལ་སོགས་རྨང་གཞིའི་ཚན་རིག་ཁྱབ་ཁོངས་ཁག་ཏུ་ཐོད་བརྒལ་རང་བཞིན་གྱི་འཕེལ་ཀ་གནད་ཆེན་འབྱུང་བཞིན་པའམ་འབྱུང་བར་འགྱུར་བའི་རེ་བ་ཡོད་པ་རེད། ཆ་འཕྲིན་ལག་རྩལ་དང་། སྐྱེ་དངོས་ལག་རྩལ། རྒྱུ་ཆ་གསར་པའི་ལག་རྩལ། ནུས་ཁུངས་གསར་པའི་ལག་རྩལ་བཅས་རྒྱ་ཁྱབ་ཏུ་མཆེད་ནས། ཁྱབ་ཁོངས་ཡོད་ཚད་ལ་ལྗང་མདོག་དང། རིག་ནུས། ཀུན་འཇུག་བཅས་པ་ཁྱད་རྟགས་སུ་གྲུབ་པའི་ཁྱུ་ཚོགས་ཅན་གྱི་གསར་བརྗེ་འབྱུང་བར་སྐུལ་ཁྲིད་བྱས་ཡོད་པ་རེད། སྲོལ་རྒྱུན་གྱི་གོ་དོན་ངོས་ཀྱི་རྨང་གཞིའི་ཞིབ་འཇུག་དང། བེད་སྤྱོད་ཞིབ་འཇུག ལག་རྩལ་གསར་སྤེལ། ཐོན་ལས་ཅན་དུ་འགྱུར་བ་བཅས་ཀྱི་དབྱེ་མཚམས་ཉིན་བཞིན་མི་གསལ་བར་འགྱུར་བཞིན་ཡོད་པ་དང། ཚན་རྩལ་གསར་གཏོད་ཀྱི་སྦྲེལ་ཐག་སྔར་བས་སྟོབས་བདེར་འགྱུར་བཞིན་ཡོད་ལ། ལག་རྩལ་གསར་སྒྱུར་དང་གྲུབ་འབྲས་སྤོ་སྒྱུར་སྔར་བས་བདེ་མྱུར་ཅན་དུ་འགྱུར་བཞིན་ཡོད་ཅིང། ཐོན་ལས་ཀྱི་རྙིང་ཚབ་གསར་བརྗེ་བསྟུད་མར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། ཚན་རྩལ་གསར་གཏོད་ཀྱི་བྱེད་སྒོ་རྒྱུན་ཆད་མེད་པར་ས་ཁོངས་དང། རྩ་འཛུགས། ལག་རྩལ་བཅས་ཀྱི་དབྱེ་མཚམས་ལས་བརྒལ་ཏེ་གསར་གཏོད་མ་ལག་གི་འགྲན་རྩོད་དུ་འཕོ་འགྱུར་འབྱུང་བ་དང། གསར་གཏོད་འཐབ་ཇུས་ཀྱི་འགྲན་རྩོད་ཀྱིས་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་འགྲན་རྩོད་ཁྲོད་དུ་ཟིན་པའི་གོ་གནས་ཉིན་བཞིན་གལ་ཆེ་རུ་འགྲོ་བཞིན་ཡོད། ཚན་རྩལ་གསར་གཏོད་ནི་སའི་གོ་ལ་བཀན་བྱེད་ཀྱི་རྒྱུག་པ་ནང་བཞིན་བསམ་ཡུལ་ལས་འདས་པའི་ངོ་མཚར་བྱས་རྗེས་སྐྲུན་ཐུབ་ཀྱི་ཡོད། དེང་རབས་ཀྱི་ཚན་རྩལ་གོང་འཕེལ་བྱུང་རབས་ཀྱིས་བརྒྱུད་རིམ་དེ་ར་སྤྲོད་མཐར་ཕྱིན་བྱས་ཡོད།།

ཚན་རྩལ་གསར་གཏོད་ཀྱི་འཕེལ་རྒྱས་གསར་པ་དང་འཕེལ་ཕྱོགས་གསར་པའི་མདུན་དུ། འཛམ་གླིང་གི་རྒྱལ་ཁབ་གཙོ་གྲས་ཁག་གིས་ཚན་རྩལ་གསར་གཏོད་ཀྱི་ཐོད་བརྒལ་བྱེད་གནས་གསར་པ་འཚོལ་ཞིབ་བྱས་ཏེ། མ་འོངས་པའི་དཔལ་འབྱོར་དང་ཚན་རྩལ་གོང་འཕེལ་གྱི་གོ་སྐབས་ལ་ལག་པ་སུ་སྔ་རྩོད་བཞིན་ཡོད། ང་རང་ཚོ་ཚན་རྩལ་གསར་གཏོད་ཀྱི་འགྲན་བསྡུར་ཆེན་པོ་འདིའི་ནང་དུ་རྗེས་སུ་ལུས་མི་ཉན་པས། ངེས་པར་དུ་ངར་ཤུགས་ཆེན་པོས་རྗེས་སྙེག་བྱས་ཏེ་ཐོད་བརྒལ་བརྩོན་ལེན་བྱེད་དགོས།།

བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་དགོས་པའི་གྲུབ་འབྲས་ཐོབ་ཡོད་པ་དང། དཔལ་འབྱོར་བསྡོམས་འབོར་དེ་འཛམ་གླིང་གི་ཨང་གཉིས་པའི་གནས་སུ་བསྙེགས་ཟིན་པ་དང་། དཔལ་འབྱོར་གྱི་དམིགས་ཚད་གཙོ་གྲས་མང་པོ་ཞིག་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ཕྱོགས་མཚུངས་ངེས་པར་དུ་གསར་པོར་ཤེས་དགོས་པ་ནི། རང་རྒྱལ་གྱི་དཔལ་འབྱོར་གཞི་ཁྱོན་ཧ་ཅང་ཆེ་ཡང་སྔར་བཞིན་ཕོན་ཆེ་ཡང་སྟོབས་མི་ཆེ་བ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་འགྲོས་མགྱོགས་ཀྱང་སྔར་བཞིན་སྤུས་ཀ་མི་ལེགས་པ་དེ་རེད། གཙོ་བོ་ནུས་ཁུངས་ལ་སོགས་རྒྱུ་རྐྱེན་གཙོ་བོ་གཏོང་བར་བརྟེན་ནས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་གཞི་ཁྱོན་རྒྱ་བསྐྱེད་གཏོང་བའི་རགས་ལས་ཅན་གྱི་གོང་སྤེལ་གཏོང་སྟངས་ནི་ཕུགས་མི་བརྟན་པ་རེད། ད་ལྟ་འཛམ་གླིང་གི་དར་རྒྱས་ཀྱི་ཆུ་ཚད་ལ་སླེབས་པའི་མི་འབོར་ཡོངས་རྫོགས་བསྡོམས་ན་མི་དུང་ཕྱུར10ཡས་མས་ཟིན་པ་དང་། རང་རྒྱལ་ལ་མི་འབོར་དུང་ཕྱུར་13ལྷག་ཡོད་པས་ཚང་མ་དེང་རབས་ཅན་དུ་འགྱུར་དགོས་ན། འཛམ་གླིང་གི་དུས་རྒྱས་ཀྱི་ཆུ་ཚད་ལ་སླེབས་པའི་མི་འབོར་དེ་ལྡབ་གཅིག་ལྷག་འཕར་སྣོན་ཡོང་དགོས་པ་རེད། ང་ཚོའི་ད་ལྟའི་དར་རྒྱས་ཀྱི་ཆུ་ཚད་ལ་སླེབས་པའི་མི་འབོར་གྱི་ཐོན་ཁུངས་འཛད་སྤྱོད་བྱེད་སྟངས་ལྟར་ཐོན་སྐྱེད་བྱེད་པ་དང་འཚོ་བ་སྐྱེལ་བ་ནི་བསམ་ཡུལ་ལས་འགོང་བ་ཞིག་སྟེ། དེ་ལྟར་བྱས་ཚེ་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཚང་མ་ང་ཚོར་སྤྲད་ཀྱང་ག་ལ་འདང་ངམ། དེ་ལྟར་ལམ་རྙིང་ལ་འགྲོ་ས་མེད་པས་ལམ་གསར་པ་གང་དུ་ཡོད་ཅེ་ན། ཚན་རྩལ་གསར་གཏོད་ཀྱི་ཐོག་ན་ཡོད་པ་དང་། རྒྱུ་རྐྱེན་གཙོ་བོས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་མ་རྩ་འཇོག་པས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་གཙོ་བོ་ཡིན་པ་ནས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་གཙོ་བོར་འཛིན་པར་སྤོ་སྒྱུར་བྱེད་འགྲོས་མགྱོགས་སུ་གཏོང་བའི་ཐོག་ན་ཡོད་པ་རེད།།

ཉིན་ཤས་སྔོན་ལ་ངས་ཡིག་རིགས་ཤིག་ལ་བལྟས་པ་ཡིན། དེ་ལས་འཕྲུལ་མིའི་གསར་བརྗེ་ཟེར་བ་དེ་བཟོ་ལས་གསར་བརྗེ་ཐེངས་གསུམ་པའི་གནད་ཆེའི་འཇུག་སྒོ་ཞིག་དང་གལ་ཆེའི་འཕར་གཞི་ཞིག་ཏུ་ཆགས་རེ་ཡོད་པས། གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་བཀོད་ཚུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། རང་རྒྱལ་གྱི་འཛམ་གླིང་གི་འཕྲུལ་མིའི་ཚོང་ར་ཆེ་ཤོས་ཆགས་རྒྱུ་རེད། རྒྱལ་སྤྱིའི་འཕྲུལ་མི་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། འཕྲུལ་མིའི་གསར་བརྗེ་ཡིས་ཨ་སྒོར་དུང་ཕྱུར་ཁྲི་ཚོ་དུ་མའི་ཚོང་ར་བསྐྱེད་རྒྱུ་རེད། གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། ལག་འཁྱེར་འཕྲིན་སྦྲེལ་དྲ་བ་སོགས་རབས་གསར་ཆ་འཕྲིན་ལག་རྩལ་དེ་འཕྲུལ་མིའི་ལག་རྩལ་དང་མཉམ་འདྲེས་ཡོང་འགྲོས་མགྱོགས་སུ་འགྲོ་བ་དང། 3Dཔར་འདེབས་དང་མི་བཟོས་རིག་ནུས་འཕེལ་རྒྱས་མགྱོགས་པ་དང་། འཕྲུལ་མི་བཟོ་བའི་མཉེན་ཆས་དང་མཁྲེགས་ཆས་ཀྱི་ལག་རྩལ་ཉིན་བཞིན་གནད་སྨིན་འཐུས་ཚང་དུ་འགྲོ་བ་དང་། མ་གནས་བསྟུད་མར་དམའ་རུ་འགྲོ་བ། བྱེད་ལས་བསྟུད་མར་ཆེ་རུ་འགྲོ་བ་བཅས་དང་། དམག་སྤྱོད་མི་མེད་གནམ་གྲུ་དང། ཁ་ལོ་རང་སྒྱུར་རླངས་འཁོར། ཁྱིམ་ལས་ཞབས་ཞུའི་འཕྲུལ་མི་བཅས་མངོན་སུམ་དུ་གྱུར་ཡོད་ལ། མི་བཟོས་རིག་ནུས་འཕྲུལ་མི་ལ་ལར་རང་རྐྱ་འཕེལ་བའི་བསམ་གཞིགས་དང་སློབ་སྦྱོང་གི་ནུས་རྩལ་ཚད་མཐོན་པོར་སླེབས་ཡོད། རྒྱལ་སྤྱིའི་ཐོག་ཏུ་གླེང་ཕྱོགས་ཁག་ཅིག་གིས་འཕྲུལ་མི་ནི་བཟོ་སྐྲུན་ལས་རིགས་ཀྱི་གོང་མའི་དབུ་ཞྭའི་སྟེང་གི་ནོར་བུ་མེ་འབར་ལྟ་བུ་ཡིན་པ་དང་། དེའི་ཞིབ་འཇུག་གསར་སྤེལ་དང་། བཟོ་སྐྲུན། བེད་སྤྱོད་བཅས་བྱེད་ཚུལ་ནི་རྒྱལ་ཁབ་ཅིག་གི་ཚན་རྩལ་གསར་གཏོད་དང་རྩེ་རིམ་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་འཇལ་བའི་རྒྱ་མ་ལྟ་བུ་ཡིན་པར་འདོད་ཀྱི་ཡོད། འཕྲུལ་མི་བཟོ་མཁན་ཚོང་པ་དང་རྒྱལ་ཁབ་གཙོ་ཁག་གིས་བསྟུད་མར་བཀོད་པ་བཤམས་ནས་ལག་རྩལ་དང་ཚོང་རའི་བཙན་ས་རྩོད་བཞིན་ཡོད་པ་རེད་ཅེས་འཁོད་འདུག དེ་དག་བལྟས་མཚམས་ང་ལ་བསམ་བློ་འདི་འདྲ་ཞིག་འཁོར་བྱུང་། རང་རྒྱལ་ཉིད་འཕྲུལ་མིའི་ཚོང་ར་ཆེ་ཤོས་ཆགས་རྒྱུ་ཡིན་ན། ང་ཚོའི་ལག་རྩལ་དང་བཟོ་སྐྲུན་ནུས་པས་འགྲན་རྩོད་དེ་ལ་ཁ་གཏད་འཇལ་ཐུབ་བམ། ང་ཚོས་རང་རྒྱལ་གྱི་འཕྲུལ་མིའི་ཆུ་ཚད་མཐོ་རུ་གཏོང་དགོས་པས་མི་ཚད། ད་དུང་གང་ཐུབ་ཅི་ནུས་ཀྱིས་ཚོང་ར་ཆེ་ཙམ་འཛིན་དགོས་པ་རེད། དེ་ལྟ་བུའི་ལག་རྩལ་གསར་པ་དང་ཁྱབ་ཁོངས་གསར་པ་ད་དུང་མང་པོ་ཡོད་པས། བྱ་བ་དེ་ང་ཚོས་དུས་དང་བབས་ལ་བསྟུན་པ་དང། སྤྱི་ཁོག་ནས་བསམ་བློ་གཏོང་བ། མདུན་གྲོས་དམ་འཛིན་བྱེད་པ། ཏན་ཏིག་གིས་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས་པ་རེད།།

གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་ན་ཆེས་རྩ་བར་གྱུར་པ་ནི་རང་བརྟེན་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། དགོས་གཏུགས་ཆེ་ཤོས་ནི་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་དགོས་པ། ཐོན་སྐྱེད་ནུས་ཤུགས་དང་པོ་ཡིན་པའི་ཚན་རྩལ་གྱི་བག་ཉལ་སྟོབས་ཤུགས་ཆེན་པོ་ཚད་གང་ཆེའི་སྒོ་ནས་བཅིངས་འགྲོལ་དང་སྐུལ་སློང་བྱེད་དགོས་པ་བཅས་རེད། མ་འོངས་པར་ཁ་ཕྱོགས་ཚེ། རང་བརྟེན་གསར་གཏོད་ནུས་ཤུགས་ཆེ་རུ་སྐྱེད་དགོས་ན་གལ་ཆེ་ཤོས་ནི་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཚོས་ལྡན་པའི་རང་བརྟེན་གསར་གཏོད་ཀྱི་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། རང་བརྟེན་གསར་གཏོད་དང་། གཙོ་གནད་ཐོད་བརྒལ། གོང་སྤེལ་ལ་འདེགས་སྐྱོར། མ་འོངས་པ་སྣེ་ཁྲིད་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།།

ལོ་མང་པོར་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་སྤྱི་ཡོངས་ཀྱི་ཚན་རྩལ་ཆུ་ཚད་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་། ཁྱབ་ཁོངས་གལ་ཆེན་ཁག་ཅིག་འཛམ་གླིང་གི་སྔོན་ཐོན་གྲལ་དུ་སླེབས་ཡོད་པ་དང་། ཁྱབ་ཁོངས་ཁག་ཅིག་རྗེས་རྒྱུག་མཁནནས་གཤིབ་རྒྱུག་མཁན་དང་ཁྲིད་རྒྱུག་མཁན་ལ་འགྱུར་བཞིན་ཡོད། རང་རྒྱལ་འདི་ཉིད་གསར་དར་གྱི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་བརྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་འགྲོས་གཅིག་སྡེབ་གཅིག་ཏུ་གོང་འཕེལ་འགྲོ་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། རང་བརྟེན་གསར་གཏོད་བྱེད་པར་བར་སྟོང་ཆེན་པོ་འདོན་སྤྲོད་བྱས་ཡོད་པ་དང་། སྔ་ན་མ་མཆིས་པའི་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད་པ་རེད།།

ངས་ལན་མང་བཤད་མྱོང་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་ནི་རྩོལ་མེད་ངང་གིས་འགྲུབ་པ་ཞིག་གཏན་ནས་མ་རེད་ལ། རང་རྒྱལ་དར་རྒྱས་ཅི་ཙམ་བྱུང་ན་འཕྲད་པའི་འགོག་རྐྱེན་དང་གནོན་ཤུགས་དེ་ཙམ་གྱིས་ཆེ་ངེས་རེད། ཉམས་མྱོང་དེའི་ངོས་ནས་བཤད་ན་གནད་འགག་ནི་གོ་སྐབས་དང་བློ་གདེང་རང་རེད། ལོ་རྒྱུས་ཀྱི་གོ་སྐབས་ནི་རྟག་ཏུ་སྐད་ཅིག་ཉིད་ལ་ཤོར་འགྲོ་བ་དང་། ང་ཚོ་ད་ལྟ་ཚན་རྩལ་གསར་གཏོད་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་གསར་པའི་གདོང་དུ་སླེབས་ཡོད་ན། གོ་སྐབས་རྙེད་དཀའ། རྙེད་ཀྱང་ཤོར་སླ་ཟེར་བས། ངེས་པར་དུ་གོ་སྐབས་འདི་མི་འཆོར་དམ་འཛིན་བྱེད་དགོས།།

ང་ཚོར་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ལོ་ངོ་30ལྷག་རིང་ལ་བསགས་པའི་དངོས་པོའི་རྨང་གཞི་བརྟན་པོ་ཡོད་པ་དང་། རྒྱུན་མཐུད་ནས་གསར་གཏོད་བྱས་པ་ལས་བྱུང་བའི་སྟར་ཆགས་གྲུབ་འབྲས་ཡོད་པས། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཐུན་རྐྱེན་བཟང་པོ་འཛོམས་ཡོད། དེར་བརྟེན། ལག་པ་སུ་སྔ་རྩོད་དགོས་པ་དང་རང་འགུལ་ཆེ་དགོས་པ་སྟེ། རྒྱལ་ཁབ་དང་མི་རིགས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཚན་རྩལ་གྱི་ཇུས་གཞི་ཡིན་ཕྱིན། བསམ་བློ་ཡག་པོ་འཁོར་བ་དང་བློ་གདེང་བརྟན་པོ་བྱུང་འཕྲལ་དུ་ཇུས་ཐག་གཅོད་དགོས། དེ་ལྟར་མ་བྱས་ན་ལོ་རྒྱུས་ཀྱི་གོ་སྐབས་ཤོར་སྲིད་པ་དང་། ཐ་ན་དེ་ལས་ཀྱང་ཆེ་བའི་རིན་དོན་འཇལ་དགོས་ལས་ཆེ།།

2013ལོའི་ཟླ་3པར། ངས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཚན་རྩལ་མཐུན་ཚོགས་དང་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་གྱི་ཚོ་ཆུང་མཉམ་འབྲེལ་གྲོས་མོལ་ལ་ཞུགས་སྐབས་དོན་དག་འདི་འདྲ་ཞིག་གླེང་མྱོང་ཡོད། སྤྱིའི་ཆ་ནས་བལྟས་ན་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་། རང་བརྟེན་གསར་གཏོད་དང་ཁྱད་པར་དུ་དང་ཐོག་གི་གསར་གཏོད་ནུས་པ་ད་དུང་ཆེན་པོ་མེད་ལ། གནད་ཆེའི་ཁྱབ་ཁོངས་ཀྱི་སྙིང་པོར་གྱུར་པའི་ལག་རྩལ་གཞན་དབང་དུ་ཚུད་ཡོད་པའི་རྣམ་པ་གཞི་རྩའི་ཐོག་བསྒྱུར་ཐུབ་མེད་པ་རེད། སྙིང་པོར་གྱུར་པའི་ལག་རྩལ་རང་གི་ལག་ཏུ་ཟིན་ན་གཞི་ནས་འགྲན་རྩོད་དང་གོང་སྤེལ་གྱི་རང་དབང་དངོས་འབྲེལ་ཟིན་ཐུབ་པ་དང་། གཞི་ནས་གཞི་རྩའི་ཐོག་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་རྒྱལ་སྲུང་བདེ་འཇགས་དང་དེ་བཞིན་ཕྱོགས་གཞན་དག་གི་བདེ་འཇགས་བཅས་ལ་འགན་སྲུང་བྱེད་ཐུབ། ནམ་ཡིན་རུང་མི་གཞན་གྱི་འདས་ཟིན་པའི་ཆོས་དེ་རང་གི་མ་འོངས་པའི་རྒྱན་དུ་སྤྱོད་མི་ཉན་པ་དང་། ནམ་ཡིན་རུང་མི་གཞན་གྱི་ཚན་རྩལ་གྲུབ་འབྲས་ལ་བརྟེན་ནས་རང་གི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བའི་རེ་བ་འཆང་མི་ཉན་ལ། རྒྱལ་ཁབ་གཞན་དག་གི་ལག་རྩལ་གྱི་ཟུར་གཏོགས་བྱས་ཏེ། ནམ་ཡིན་རུང་གཞན་རྗེས་སུ་འབྲངས་རྐྱང་ནི་དེ་བས་ཀྱང་བྱེད་མི་ཉན། ང་ཚོར་གདམ་ག་གཞན་པ་མེད་པས་རང་བརྟེན་གསར་གཏོད་ཀྱི་བགྲོད་ལམ་འབའ་ཞིག་ཏུ་མི་སྐྱོད་ཐབས་མེད་རེད།།

ལག་ལེན་གྱིས་ང་ཚོར་གསལ་བཤད་བྱས་དོན། རང་སྟོབས་རང་སྤེལ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འདི་ཉིད་འཛམ་གླིང་མི་རིགས་ཀྱི་ཀློང་དུ་འགྱིངས་ངེར་ལངས་ཐུབ་པའི་འབད་འཐབ་ཀྱི་གཞི་མ་ཡིན་པ་དང་། རང་བརྟེན་གསར་གཏོད་ནི་ང་ཚོ་འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་སྙེག་པའི་བགྲོད་ལམ་ཉག་ཅིག་ཡིན། གནད་དོན་གང་ཡོད་ཤེས་ཕྱིན་ཚམ་ཚོམ་མེད་པར་ཧུར་ཐག་གིས་བསྒྲུབས་ཏེ་རྣམ་པ་དེ་སྒྱུར་དགོས། ངག་ཏུ་ལོ་མང་བསྐྱོར་ཡང་དོན་འབྲས་ཅི་ཡང་མི་འབྱུང་བ་བྱེད་མི་ཉན། རང་བརྟེན་གསར་གཏོད་བྱེད་པ་ནི་འཕྱི་བ་ཁུང་ཉལ་ལྟར་དང་མི་རྐྱང་རྟ་རྐྱང་གི་ཚུལ་གྱིས་འགྲུབ་པ་ཞིག་མ་ཡིན་ལ། སྔོན་ཐོན་ལ་སློབ་སྦྱོང་བྱ་རྒྱུ་འགོག་པ་མ་ཡིན་ཞིང་། རང་ཉིད་འཛམ་གླིང་ལས་ལོགས་བཀར་བྱ་རྒྱུ་མ་ཡིན་པ་བཅས་ནི་སྨོས་ཅི་དགོས། ང་ཚོས་སྔར་བས་ཧུར་བརྩོན་གྱིས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་དང་མཉམ་ལས་སྤེལ་ནས། རྒྱལ་སྤྱི་རྒྱལ་ནང་གི་ཚན་རྩལ་ཐོན་ཁུངས་གཉིས་པོ་བེད་སྤྱོད་ཡག་པོ་བྱེད་དགོས།།

ཚན་རིག་ལག་རྩལ་ནི་འཛམ་གླིང་གི་རང་བཞིན་ཅན་དང་དུས་རབས་ཀྱི་རང་བཞིན་ཅན་ཡིན་པས། ཚན་རིག་ལག་རྩལ་གོང་སྤེལ་གཏོང་ན་ངེས་པར་དུ་འཛམ་གླིང་ལ་ལྟ་བའི་མཐོང་རྒྱ་ཡོད་དགོས། མིག་སྔར། ཚན་རྩལ་གསར་གཏོད་ཐད་ཀྱི་གནད་ཆེའི་ཐོད་བརྒལ་དང་འཕྲལ་མར་བེད་སྤྱོད་བྱེད་པ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གྲུབ་ཚུལ་བསྐྱར་སྒྲིག་བྱས་ཏེ། ཐོན་ལས་དང་དཔལ་འབྱོར་འགྲན་རྩོད་བྱེད་པའི་འགྲན་རར་འགྱུར་ལྡོག་ཐེབས་སྲིད་པ་རེད། སྲོལ་རྒྱུན་གྱི་རྒྱལ་སྤྱིའི་གོང་འཕེལ་འགྲན་རའི་ནང་དུ་སྒྲིག་ལམ་ཚང་མ་མི་གཞན་གྱིས་གཏན་འབེབས་བྱས་ཚར་ཡོད་པ་དང་། ང་ཚོ་དེའི་ནང་དུ་ཞུགས་ཆོག་མོད་ཀྱང་། ངེས་པར་དུ་གཏན་འཁེལ་ཟིན་པའི་སྒྲིག་ལམ་ལྟར་འགྲན་བསྡུར་བྱེད་དགོས་པས་རང་དབང་ཆེན་པོ་རང་མེད། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་སྒྱུར་གྱི་གོ་སྐབས་གལ་ཆེན་ལག་ཏུ་ཟིན་དགོས་ན། འགྲན་ར་གསར་དུ་འཛུགས་པའི་དུས་ནས་དེའི་ནང་ཐེ་ཞུགས་བྱེད་པ་དང་། ཐ་ན་འགྲན་ར་ཁག་ཅིག་གཙོ་ཁྲིད་བྱས་ཏེ་འཛུགས་དགོས་ལ། དེའི་ཐོག་ནས་ང་རང་ཚོ་འགྲན་བསྡུར་གྱི་སྒྲིག་ལམ་གསར་པ་གཏན་འབེབས་བྱེད་མཁན་གཙོ་བོ་དང་། འགྲན་ར་གསར་པ་འཛུགས་མཁན་གྱི་གཙོ་ཁྲིད་པ་ཆགས་པར་བྱེད་དགོས། གལ་སྲིད་ང་ཚོ་རྩལ་དང་ནུས་པ་འཛོན་པོ་ཞིག་མེད་པ་དང་། འགྲན་ར་གསར་པ་འཛུགས་པའམ་གཙོ་ཁྲིད་བྱེད་པའི་ནུས་པ་མེད་པ་ཡིན་ན། ང་ཚོར་གོ་སྐབས་རག་གི་མ་རེད། གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་འཁོར་བ་དང་། ནམ་ཡང་བསམ་བློ་དང་འདུན་པ་དང་བརྩོན་འགྲུས་ཡོད་པའི་མི་ལ་བཞག་ཡོད་པ་ཞིག་ཀྱང་རེད། རང་རྒྱལ་གྱིས་འབྱུང་འགྱུར་གྱི་གོང་འཕེལ་ཁྲོད་དུ་སྔ་མའི་རྗེས་ཟིན་ཅིང་དེའི་སྔོན་ལ་བརྒལ་ཐུབ་མིན་ནི། གཙོ་བོར་ང་ཚོས་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་དུ་གོམ་སྟབས་བརྟན་པོ་ཞིག་སྤོ་ཐུབ་མིན་ལ་རག་ལས་ཡོད།།

ལི་སི་ཀོང་གིས་གསུངས་དོན། ཚན་རིག་གི་གཞི་འགྲུབ་ས་ནི་དེའི་གསར་རྟོགས་ལ་རག་ལས་ཡོད་པ་དང་། གལ་སྲིད་གསར་རྟོགས་མེད་པར་གྱུར་ན་ཚན་རིག་ཀྱང་ཆེ་སྲོག་ཟད་ཚར་བ་རེད། ཧྥ་རན་སིའི་རྩོམ་པ་པོ་ཡུས་ཀོ་ཡིས་གསུངས་དོན། “གསར་དུ་བསྐྲུན་ཟིན་པའི་བྱ་དངོས་དེ་གསར་དུ་བསྐྲུན་པར་འགྱུར་བའི་བྱ་དངོས་ལ་བལྟོས་ན་རྗོད་རིན་མེད་པ་ཞིག་རེད། རང་རྒྱལ་གྱི་ཚན་རྩལ་གོང་འཕེལ་ཁ་ཕྱོགས་ནི་གསར་གཏོད་སྒང་ལ་གསར་གཏོད་བྱ་རྒྱུ་དེ་ཡིན། ཐོག་མའི་ཆེད་ལས་ཀྱི་རྨང་གཞིའི་གཞུང་ལུགས་ཐད་ཐོད་བརྒལ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚན་རིག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རྨང་གཞིའི་རང་བཞིན་དང་། རྒྱུན་ཁོངས་རང་བཞིན། མདུན་སྣེའི་རང་བཞིན་བཅས་ཀྱི་ལག་རྩལ་ཞིབ་འཇུག་དང་ལག་རྩལ་གསར་སྤེལ་ལ་རྒྱུན་མཐུད་ནས་སྐུལ་འདེད་བྱ་རྒྱུ་འགན་ལེན། རང་བརྟེན་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་མགོ་ཁུངས་ནས་འདོན་སྤྲོད་བྱེད་ཤུགས་ཆེར་སྐྱེད་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་གསར་གཏོད་ཀྱི་ཐོན་ཁུངས་རང་འགུལ་གྱིས་སྡེབ་སྒྲིག་དང་བེད་སྤྱོད་ཡག་པོ་བྱས་ཏེ། རང་རྒྱལ་གྱི་དགོས་མཁོ་དངོས་དང་གོང་འཕེལ་གྱི་དགོས་མཁོ་གཞིར་བཟུང་ནས་གདམ་གསེས་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་རྒྱལ་སྤྱིའི་ཚན་རིག་གི་སྒྲིག་ཆས་ཆེ་གྲས་དང་ཚན་རྩལ་རྟེན་གཞི་དང་དེའི་ལྟེ་གནས་འཛུགས་སྐྲུན་དང་བེད་སྤྱོད་གཏོང་སྒོར་ཞུགས་དགོས། གནད་ཆེའི་ཁྱབ་ཁོངས་ཀྱི་ཚན་རྩལ་གོང་སྤེལ་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་ཀྱི་གནད་ཟིན་པར་བྱས་ཏེ། སྤྱི་ཡོངས་དང་ཕུགས་རིང་གི་གོང་འཕེལ་དང་འབྲེལ་བའི་འཐབ་ཇུས་ངོས་ཀྱི་རྒྱལ་ཕམ་རྩོད་ངེས་པའི་ཁྱབ་ཁོངས་དང་། དམིགས་བཀར་ཁ་ཕྱོགས་གདམ་གསེས་གནད་འཁེལ་བྱེད་པ་དང་། གོ་འཕེར་ལུགས་མཐུན་དུ་བགོ་སྒྲིག་བྱེད་པ་བརྒྱུད་རོགས་འདེགས་སྒོས་གསར་གཏོད་དང་སྒོ་འབྱེད་བྱས་ཏེ་གསར་གཏོད་ཟབ་མོར་སྤེལ་བ། ནུས་ཆེ་སྟོབས་ལྡན་གྱི་ཀུན་མཐུན་གནད་ཆེའི་ལག་རྩལ་གྱི་འདོན་སྤྲོད་མ་ལག་འཛུགས་སྐྲུན་བྱེད་པ། འགག་རྩའི་ལག་རྩལ་ལ་ཐོད་བརྒལ་གནད་ཆེན་ཡོང་བར་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་འགག་རྩའི་ལག་རྩལ་རང་ཉིད་ཀྱི་ལག་ཏུ་ཟིན་པར་བྱེད་དགོས།།

རབ་སྐྱེན་རྣ་བས་སྒྲ་ནི་མ་གྲགས་ཐོས། རྣོ་བའི་མིག་གིས་གཟུགས་ནི་མ་མངོན་མཐོང་། ཚན་རྩལ་གསར་གཏོད་ལ་འཛད་མཐའ་མེད། ཚན་རྩལ་གྱི་འགྲན་རྩོད་ནི་ལམ་ཐུང་མགྱོགས་ཤུད་དང་འདྲ་བར། རང་གིས་འགྲོས་ཁ་ཇེ་མགྱོགས་སུ་གཏོང་དུས། ཕ་རོལ་པོས་ཀྱང་འགྲོས་ཁ་ཇེ་མགྱོགས་སུ་གཏོང་བས། མཇུག་མཐར་འགྲོས་ཁ་སུ་མྱུར་དང་མྱུར་རྒྱུན་སུ་བརྟན་ལ་ལྟ་དགོས་པ་རེད། ཞུན་ཙི་ཡིས་གསུངས་དོན། གྱི་ལིང་འགྲོས་གཅིག་མཆོངས་ན་ཡང་། གོམ་པ་བཅུ་ཡི་མཐའ་མི་ཆོད། རྟ་ངན་ཉིན་བཅུ་རྒྱུག་པའི་ཚེ། ལྷོད་མེད་བརྩོན་པས་ལམ་མཐའ་ཆོད། རྐོ་ཐེངས་གཅིག་གིས་མཚམས་བཞག་ན། རུལ་བའི་ཤིང་ཡང་གཅོད་པ་དཀའ། བརྩོན་འགྲུས་ཆུ་བོའི་རྒྱུན་སྤྱད་ན། རྡོ་དང་ལྕགས་ཀྱང་རྐོས་ཚགས་ཐོན ཞེས་པ་དེའི་གོ་དོན་ནི། རྟ་བཟང་པོ་ཡིན་ཡང་མཆོང་ཐེངས་གཅིག་གིས་གོམ་པ་བཅུའི་ས་ཡང་མི་ཆོད་པ་དང་། རྟ་ངན་པ་ཡིན་ཡང་ཉི་མ་བཅུ་ལ་བསྟུད་མར་རྒྱུགས་ན་ས་ཐག་རིང་པོར་སླེབས་ཐུབ་པ་རེད་ལ། རྐོ་ཚགས་བྱེད་དུས་རྐོ་ཙམ་བྱས་ཏེ་མཚམས་བཞག་ན་ཤིང་ཆ་རུལ་པའང་གཅོད་མི་ཐུབ་པ་དང་། རྐོ་མཚམས་མི་འཇོག་པར་རྒྱུན་བསྐྱངས་ན་རྡོ་དང་ལྕགས་ཡིན་ཡང་རྐོས་ཚགས་ཐོན་ཟེར་བ་དེ་རེད། རང་རྒྱལ་གྱི་རྒྱ་ཆེའི་ཚན་རྩལ་ལས་ཀ་བྱེད་མཁན་ཚོས་དང་ལེན་བྱེད་ཕོད་པ་དང། ཐོད་བརྒལ་བྱེད་ཕོད་པ། ཁ་ཕྱོགས་ཡང་དག་པ་ཟིན་པ། བྱ་བ་མཚམས་མི་འཇོག་པ་བཅས་བྱས་ཏེ་ཀུན་གྱི་ལས་སྣ་འདྲེན་ཕོད་པའི་བློ་སྟོབས་སྐྱེད་དགོས་པ་དང་། སྐྱེ་བོ་གཞན་པ་བསྐྱོད་མ་མྱོང་བའི་ལམ་ལ་འཇུག་ཕོད་དགོས་ཤིང་། དཀའ་སེལ་འགག་སྒྲོལ་བྱེད་པའི་ཁྲོད་དུ་ཁྱད་འཕགས་གྲུབ་འབྲས་བརྩོན་ལེན་བྱེད་དགོས་ལ། འཛམ་གླིང་གི་རྩེར་སོན་ཚན་རྩལ་གྱི་གྲུབ་འབྲས་གསར་གཏོད་བྱེད་ཕོད་དགོས།།

གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ནི་རྒྱུད་ཁོངས་ཅན་གྱི་ལས་གཞི་ཞིག་ཡིན། ཚན་རྩལ་གྱི་གྲུབ་འབྲས་གང་ཐོབ་རྒྱལ་ཁབ་དང་མི་དམངས་ཀྱི་དགོས་མཁོ་དང། ཚོར་རའི་དགོས་མཁོ་དང་ཟུང་འབྲེལ་དང་། ཚན་རིག་ཞིབ་འཇུག་དང་། ཚོད་ལྟ་གསར་སྤེལ། ཁྱབ་སྤེལ་བེད་སྤྱོད་བཅས་ཀྱི་གོམ་པ་སུམ་བགྲོད་བྱས་ན་གཞི་ནས་གསར་གཏོད་ཀྱི་རིན་ཐང་མངོན་འགྱུར་བྱེད་ཐུབ་པ་དང་། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་བྱེད་ཐུབ།།

ངས་སྔོན་མ་ནས་མིང་རྒྱལ་རབས་ཀྱི་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་མགོ་ནས་བཟུང་སྟེ་རང་རྒྱལ་གྱི་ཚན་རྩལ་རིམ་བཞིན་གཞན་གྱི་རྗེས་སུ་ལུས་འགྲོ་དོན་ལ་བསམ་བློ་གཏོང་གི་ཡོད། མཁས་པ་ལ་ལའི་ཞིབ་འཇུག་བྱས་འབྲས་སུ། གོང་མ་ཁང་ཞི་དེ་སྔོན་ནུབ་ཕྱོགས་ཀྱི་ཚན་རིག་ལག་རྩལ་ལ་སྤྲོ་བ་ཆེན་པོ་བརྟས་ནས། ནུབ་ཕྱོགས་ཀྱི་ཆོས་སྤེལ་མཁན་གདན་དྲངས་ནས་རང་ཉིད་ལ་ནུབ་ཕྱོགས་ཀྱི་ཤེས་རིག་ཁྲིད་དུ་བཅུག་པ་དང། འཁྲིད་བྱའི་ནང་དོན་ནི་གནམ་རིག་དང་། རྩིས་རིག ས་ཁམས་རིག་པ། སྲོག་ཆགས་རིག་པ། གཤགས་དཔྱད་རིག་པ། རོལ་མོ་སོགས་ཡིན་པ་དང་། ཐ་ན་མཚན་ཉིད་རིག་པ་ཡང་དེའི་ཁོངས་སུ་ཚུད་ཡོད་པ་རེད། ཐོས་བསམ་བྱས་པའི་གནམ་རིག་སྐོར་གྱི་དཔེ་ཆ་ཁོ་ན་པོད100ལྷག་ཡོད་པ་རེད་ཟེར། དོན་དག་དེ་ག་དུས་བྱུང་བ་དང་། སློབ་སྦྱོང་དུས་ཡུན་ག་ཚོད་བྱས་པ་རེད་ཟེར་ན། ཐོག་མའི་དུས་ནི་ཕལ་ཆེར་1672ལོ་ནས་1682ལོའི་རིང་ཡིན་པ་དང་། རེ་ཞིག་བསྟུད་མར་ལོ་གཉིས་དང་ཟླ་5ཡི་རིང་ནུབ་ཕྱོགས་ཤེས་དཔལ་ལ་སློབ་སྦྱོང་བྱེད་མཚམས་བཞག་མེད་ཟེར། དེར་སྦྱངས་པའི་དུས་ཡུན་རིང་ཟེར་དགོས་པ་དང་སྦྱངས་པའི་ནང་དོན་མང་ཟེར་དགོས་མོད་ཀྱང་། གནད་འགག་ནི་སྐབས་དེར་ནུབ་ཕྱོགས་ཀྱི་ཤེས་རིག་ལ་སྤྲོ་བའི་སྐྱེ་བོ་བྱུང་བ་དང་། སློབ་སྦྱོང་གང་མང་ཞིག་བྱས་ཡོད་ན་ཡང་། ཤེས་བྱ་དེ་དག་གིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་རྒྱུར་ནུས་པ་ཆེན་པོ་ཐོན་མ་ཐུབ་པར། མང་ཆེ་བ་ཞིག་འཕྱི་བ་ཁུངས་འཛུལ་གྱི་བརྟུལ་ཞུགས་བཟུང་ནས་སྒོམ་པ་དང་། ཟུར་དུ་བྱོལ་ནས་སྤྱངས་པ་ཙམ་དུ་ཟད་པ་རེད། 1708ལོར། ཆིང་རྒྱལ་རབས་སྲིད་གཞུང་གིས་ཆོས་སྤེལ་མཁན་སྒྲིག་འཛུགས་བྱས་ཏེ་ཀྲུང་གོའི་ས་བཀྲ་འབྲི་རུ་བཅུག་པ་དང་། དེའི་རྗེས་སུ་དུས་ཡུན་ལོ་10སྤྱད་དེ་ཚན་རིག་གི་ཆུ་ཚད་སྔ་ན་མ་མཆིས་པའི་གོང་མའི་མངའ་རིས་ཀུན་གསལ་རི་མོཞེས་པའི་ས་བཀྲ་བྲིས་པ་ནི་འཛམ་གླིང་གི་རྩེ་མོར་སོན་པ་ཞིག་རེད། འོན་ཀྱང་དེ་འདྲའི་གྲུབ་འབྲས་ཆེན་པོ་དེ་གསང་རྒྱ་བཏབ་ནས་ནང་མཛོད་དུ་ཉར་བས། སྤྱི་ཚོགས་ཐོག་རྩ་བ་ནས་མཐོང་རྒྱུ་མེད་པར་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་རྒྱུར་ནུས་པ་གང་ཡང་མ་ཐོན་པ་རེད། དེ་ལས་ལྡོག་སྟེ་ཐིག་འདེབས་རིས་འབྲིར་ཞུགས་པའི་ནུབ་ཕྱོགས་ཀྱི་ཆོས་སྤེལ་མཁན་ཚོས་ས་བཀྲའི་ཡིག་རིགས་ནུབ་ཕྱོགས་ལ་ཁྱེར་ནས་དག་སྒྲིག་འགྲེམས་སྤེལ་བྱས་པས། ནུབ་ཕྱོགས་པས་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དུ་ཀྲུང་གོའི་ས་ཁམས་ལ་རྒྱུས་མངའ་ལོན་ཚོད་དེ་ཀྲུང་གོ་བ་རང་ལས་བརྒལ་ཡོད་པ་རེད། དེས་གནད་དོན་གང་ཞིག་གསལ་བཤད་བྱས་ཡོད་དམ་ཞེ་ན། ཚན་རིག་ལག་རྩལ་དེ་ངེས་པར་དུ་སྤྱི་ཚོགས་གོང་འཕེལ་དང་ཟུང་འབྲེལ་བྱེད་དགོས་པ་བསྟན་ཡོད། སྦྱངས་པ་ཅི་ཙམ་མང་ཡང་རང་སོར་བཞག་སྟེ། ཨ་གསར་བྱེད་སྤྱད་དང་དགའ་བ་ཚིམ་སྤྱད་ཙམ་དང་ཐ་ན་འཆལ་བའི་ལོག་རྩལ་ཞིག་ལ་བརྩིས་ཚེ། སྤྱི་ཚོགས་དངོས་ལ་ནུས་པ་ཐོན་མི་སྲིད་པ་དེ་རེད།།

ལོ་མང་པོའི་ནང་དུ་རང་རྒྱལ་ལ་རྣམ་ཀུན་ཏུ་ཚན་རྩལ་གྲུབ་འབྲས་ཉིད་ཐོན་སྐྱེད་ནུས་ཤུགས་དངོས་ལ་སྒྱུར་ཤུགས་ཞན་པ་དང་། ལམ་ལྷོང་མེད་པ། རྒྱུག་པོ་མེད་པ་བཅས་ཀྱི་ངན་གཅོང་ཡོད་པ་དང་། དེ་དག་ལས་ཚབས་ཆེ་བ་ཞིག་ནི་ཚན་རྩལ་གསར་གཏོད་ཀྱི་འབྲེལ་ཐག་སྟེང་དུ་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགག་སྒོ་མང་པོ་གནས་ཡོད་པ་དང་། གསར་གཏོད་དང་སྤོ་སྒྱུར་གྱི་ལྷུ་ཚིགས་ཁག་གི་སྦྲེལ་མཐུད་དམ་པོ་མེད་པ་དེ་རེད། དེ་ཡང་མཐུད་རྒྱུག་འགྲན་བསྡུར་ནང་བཞིན་ཏེ། དབྱུ་གུ་ཐོག་མ་བ་རྒྱུགས་ནས་སླེབས་ཀྱང་དབྱུ་གུ་རྗེས་མ་བ་རང་གནས་སུ་མེད་པའམ། ཡང་ན་དབྱུ་གུ་ལག་ཏུ་འབྱོར་ཡང་ཕྱོགས་གང་དུ་རྒྱུག་རྒྱུ་མི་ཤེས་པ་ལྟ་བུ་རེད།།

གནད་དོན་འདི་ཐག་གཅོད་བྱེད་དགོས་ན་ངེས་པར་དུ་ཚན་རྩལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ནས། ཚན་རྩལ་གསར་གཏོད་ལ་འགོག་རྐྱེན་བཟོ་བའི་བསམ་བློའི་འགལ་རྐྱེན་དང་ལམ་ལུགས་ཀྱི་བཀག་རྒྱ་ཐམས་ཅད་སེལ་དགོས་པ་དང་། སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ལ། ཚན་རྩལ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། ཚན་རྩལ་སྟོབས་ཤུགས་ཆེ་བ་ནས་ཐོན་ལས་སྟོབས་ཤུགས་ཆེ་བ་དང་། དཔལ་འབྱོར་སྟོབས་ཤུགས་ཆེ་བ། རྒྱལ་ཁབ་སྟོབས་ཤུགས་ཆེ་བ་བཅས་སུ་འགྱུར་བའི་རྒྱུག་ལམ་གཤོང་དགོས་པ་དང་། བསྒྱུར་བཅོས་ལ་བརྟེན་ནས་གསར་གཏོད་ཀྱི་སྐྱེ་སྟོབས་སྐྱེད་དགོས་ལ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གང་མྱུར་འཐུས་ཚང་བཙུགས་ནས་གསར་གཏོད་ཀྱི་འབྱུང་ཁུངས་ཐམས་ཅད་ཆུ་གཏེར་རྒྱས་པ་ལྟར་ཐོན་དུ་འཇུག་དགོས།།

གལ་སྲིད་ཚན་རྩལ་གསར་གཏོད་བྱེད་པ་དེ་རང་རྒྱལ་གོང་སྤེལ་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་ཡིན་པའི་དབང་དུ་བཏང་ན། བསྒྱུར་བཅོས་ནི་སྒུལ་བྱེད་འཕྲུལ་འཁོར་གསར་པ་དེ་སྦར་བར་མེད་དུ་མི་རུང་བའི་མེ་སྤར་བྱེད་ལྟ་བུ་རེད། ང་ཚོས་བྱེད་ཐབས་སྔར་བས་ནུས་ལྡན་སྤྱད་དེ་མེ་སྦར་བྱེད་དེ་འཐུས་ཚང་དུ་བཏང་ནས། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་གསར་པ་མྱུར་འགྲོས་སུ་སྦར་ནས་འཁོར་དུ་འཇུག་དགོས།།

ཚན་རྩལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་ཀྱིས་གཉའ་རུས་མཁྲེགས་པོདམ་པོར་བཟུང་སྟེ་དཀའ་སེལ་འགག་སྒྲོལ་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཏན་ལ་ཕབ་པའི་ཚན་རྩལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་བྱེད་པའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ཤུགས་བརྒྱབ་ནས་ཚན་རྩལ་གསར་གཏོད་བྱ་རྒྱུ་དེ་རྒྱལ་ཁབ་གོང་སྤེལ་གཏོང་བའི་སྤྱི་ཡོངས་དང་སྲོག་ཤིང་གི་གོ་གནས་སུ་བཞག་སྟེ། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་རྩེ་རིམ་གྱི་ཇུས་འགོད་མགྱོགས་སུ་གཏོང་དགོས་པ་དང་། ལས་འགན་གལ་ཆེན་ཁག་ལ་ལམ་ཐིག་དང་དུས་ཚོད་རེའུ་མིག་ཡོད་དགོས། ཤུགས་བརྒྱབ་ནས་ཚན་རྩལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་ཕྱོགས་གཉིས་ནས་གོམ་འགྲོས་མཉམ་གཤིབ་ཀྱིས་ཤུགས་བཏོན་ནས། རྒྱལ་ཁབ་ཀྱི་ཚན་རྩལ་གསར་གཏོད་འཐབ་ཇུས་ཀྱི་འཆར་འགོད་དང་ཐོན་ཁུངས་བགོ་སྒྲིག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་དང་། སྲིད་འབྲས་དཔྱད་ཞིབ་བྱེད་པའི་མ་ལག་དང་སྐུལ་མ་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ཟབ་སྤེལ། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་བྱེད་པར་འགོག་རྐྱེན་བཟོ་བའི་འགག་རྩའི་གནད་དོན་མགྱོགས་སྒྱུར་ཐག་གཅོད་བཅས་བྱེད་དགོས། ཤུགས་བརྒྱབ་ནས་ཚན་རྩལ་གསར་གཏོད་སྡེབ་འཛིན་དང་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ཁྱབ་ཁོངས་ཁག་དང་སྡེ་ཚན་ཁག་དང་ཕྱོགས་གང་ཅིའི་ཚན་རྩལ་གསར་གཏོད་ཀྱི་བྱེད་སྒོའི་ནང་དུ་གནས་པའི་ཁ་ཐོར་བཀག་སྡོམ་དང་། སྣོལ་བརྩེགས་བསྐྱར་ཟློས་སོགས་དུམ་བུར་ཆད་པའི་སྣང་ཚུལ་ཧུར་ཐག་གིས་ཁྱད་གསོད་བྱེད་དགོས་པ་དང་། ཚན་རྩལ་གསར་གཏོད་ཁྲོད་ཀྱི་ཁེར་ཧྲེང་གླིང་ཕྲན་གྱི་སྣང་ཚུལ་ མི་ཡོང་བ་བྱེད་དགོས་ལ། བྱེད་པོ་ཁག་དང་། ཕྱོགས་གང་ཅི། ལྷུ་ཚིགས་ཁག་བཅས་ཕན་ཚུན་སྐུལ་རེས་བཟང་པོ་དང་། རོགས་འདེགས་ནུས་ལྡན་ཡོང་བའི་རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་མགྱོགས་མྱུར་གྱིས་འཐུས་སྒོ་ཚང་བར་འཛུགས་དགོས། ཤུགས་བརྒྱབ་ནས་ཚན་རྩལ་གསར་གཏོད་ཀྱི་རྨང་གཞིའི་ལམ་ལུགས་འཐུས་ཚང་བཟོས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་སྙན་ཞུའི་ལམ་ལུགས་དང་། གསར་གཏོད་བརྟག་དཔྱད་ལམ་ལུགས། རྒྱལ་ཁབ་ཀྱི་ཚན་རྩལ་དོ་དམ་གྱི་ཆ་འཕྲིན་མ་ལག་བཅས་མགྱོགས་མྱུར་འཛུགས་དགོས་པ་དང་། ཚན་རྩལ་གྱི་ཐོན་ཁུངས་སྒོ་འབྱེད་དང་མཉམ་སྤྱོད་བྱེད་པའི་ཆུ་ཚད་ཆེས་ཆེར་མཐོ་རུ་གཏོང་དགོས། ཤུགས་བརྒྱབ་ནས་ཐོན་ལས་ཀྱི་ཕྲེང་ཐག་གཞིར་བཟུང་གསར་གཏོད་ཀྱི་ཕྲེང་ཐག་བཀོད་སྒྲིག་དང་། གསར་གཏོད་ཀྱི་ཕྲེང་ཐག་གཞིར་བཟུང་མ་དངུལ་གྱི་ཕྲེང་ཐག་འཐུས་ཚང་བཟོས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་འབེན་ལ་དམིགས་ཏེ་ཐོན་ཁུངས་གཅིག་བསྡུས་དང་སྟོབས་ཤུགས་གཅིག་བསྒྲིལ་བྱེད་དགོས་པ་དང་། རྒྱལ་ཇུས་དམངས་འཚོ་དང་དཔལ་འབྱོར་གྱི་སྲོག་རྩར་ཐུག་པའི་འགག་རྩའི་ཚན་རྩལ་གྱི་གནད་དོན་གལ་ཆེན་ཁག་ཐོད་བརྒལ་བྱེད་དགོས། ཤུགས་བརྒྱབ་ནས་རྨང་གཞིའི་ཞིབ་འཇུག་གི་སྒྲིག་སྲོལ་དང་ལམ་སྲོལ་མགྱོགས་པོར་འཐུས་ཚང་དུ་བཏང་ནས། རྨང་གཞིའི་མདུན་སྣེ་དང་། གནད་འགག་གི་ཀུན་མཐུན། སྤྱི་ཚོགས་ཀྱི་སྤྱི་ཕན། འཐབ་ཇུས་ཀྱི་ལག་རྩལ་མཐོ་གྲས་བཅས་ཀྱི་ཞིབ་འཇུག་ཏེ་རྨང་གཞིའི་ལས་གཞི་གནད་ཆེན་དུ་བརྩིས་ཏེ་འཛིན་དགོས་པ་དང་། རྒྱལ་ཁབ་ཀྱི་གནད་ཆེའི་ཚན་རིག་འཆར་བཀོད་དང་ཚན་རིག་ལས་གཞི་ལག་བསྟར་ཡག་པོ་བྱེད་དགོས་ཤིང་། རྒྱལ་སྤྱིའི་ཚན་རིག་གི་མདུན་སྣེའི་ཁྱབ་ཁོངས་སུ་བཙན་ས་གང་མགྱོགས་ཀྱིས་ཟིན་པར་བྱེད་དགོས། ཤུགས་བརྒྱབ་ནས་ཚན་རྩལ་གསར་གཏོད་ལྟེ་གནད་དུ་བཟུང་སྟེ་ཕྱོགས་ཡོངས་ནས་ཐོན་རྫས་གསར་གཏོད་དང་། ཚོང་རྟགས་གྲགས་ཅན་གསར་གཏོད། ཐོན་ལས་རྩ་འཛུགས་གསར་གཏོད། ཚོང་ལས་དཔེ་སྲོལ་གསར་གཏོད་བཅས་བྱས་ཏེ། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དེ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཡོངས་དང་ཕྱོགས་གང་ཅིར་དོན་འཁྱོལ་བྱེད་དགོས།།

ཚན་རྩལ་སྒྲིག་སྲོལ་གྱི་བསྒྱུར་བཅོས་ལ་སྐུལ་སྤེལ་བྱེད་པའི་བརྒྱུད་རིམ་ནང་དུ། ང་ཚོའི་གནད་དོན་གཅིག་ལ་དོ་སྣང་བྱེད་དགོས་པ་སྟེ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་འགྲུབ་ཐུབ་པ་དེ་ནི་ང་ཚོས་བྱ་གཞག་འགྲུབ་པའི་རིན་བྲལ་ནོར་བུ་ཡིན། རང་རྒྱལ་གྱི་གནད་ཆེའི་ཚན་རྩལ་གྲུབ་འབྲས་མང་པོ་ཞིག་རིན་བྲལ་ནོར་བུ་དེ་ལ་བརྟེན་ནས་བླངས་པ་ཡིན་པས་ནོར་བུ་དེ་གཏན་ནས་ཡལ་བར་འདོར་མི་རུང་། ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཁྲོད་དུ་ཚོང་རར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་དུ་འཇུག་དགོས་པ་དང་། དེ་དང་ལྷན་དུ་སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱས་ཏེ། སྡེབ་འཛིན་དང་སྙོམ་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་རོགས་འདེགས་སྒོས་གསར་གཏོད་ཤུགས་ཆེན་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པ། གལ་གནད་དང་རྩེ་གྲ་དང་གཞི་རྩ་གསུམ་འཛིན་པ་བཅས་བྱས་ཏེ། རང་བརྟེན་གསར་གཏོད་ཀྱི་བསྒྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།།

ཁྱད་འཕགས་ལས་ནི་འགྲུབ་པ་ཀུན། ཁྱད་འཕགས་སྐྱེས་བུའི་བསྐོས་ཐང་ཡིན།མི་ནི་ཚན་རྩལ་གསར་གཏོད་ཀྱི་འགག་རྩར་གྱུར་པའི་རྒྱུ་རྐྱེན་ཡིན། གསར་གཏོད་བྱ་གཞག་གིས་གསར་གཏོད་ཀྱི་ཤེས་ལྡན་པ་འགུགས་པ་རེད། ཤེས་ལྡན་པར་བརྩི་འཇོག་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ལ་རིང་ནས་ཡོད་པའི་སྲོལ་རྒྱུན་ཡིན། རྗེ་ཡིས་མཛངས་མི་བསམ། རྒྱལ་ཁབ་འདི་རུ་བྱོན། རྒྱལ་ཁབ་དར་ཞིང་རྒྱས། ཀྲོའུ་ཡི་ཀ་གདུང་ཡིན། མཛངས་མི་བྱུར་བུར་གཏམས། ཝུན་རྗེ་ཡིད་སེམས་བདེ ཞེས་པ་འདི་ནིསྙན་ངག་གི་བསྟན་བཅོས·འཕགས་པ·ཝུན་ཝང་རྗེ ནང་གི་སྙན་ཚིག་ཅིག་ཡིན་ལ། ཀྲོའུ་རྒྱལ་ཁབ་ཀྱི་ཝུན་ཝང་རྒྱལ་པོས་མཁས་པ་དང་མཛངས་མི་ལ་བརྩི་འཇོག་བྱས་པས། ཤེས་ལྡན་པ་ཕྱོགས་ནས་འདུས་ཏེ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་ཚུལ་བསྟན་ཡོད། བསྐལ་བརྒྱའི་དོན་ཆེན་སྒྲུབ་ན་ཤེས་ལྡན་མི་སྣ་གཅེས་ཟེར་བ་ལྟར། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་ཆེན་པོ་མངོན་འགྱུར་བྱེད་དགོས་ན་ཤེས་ལྡན་པ་ཇི་ལྟར་མང་ན་དེ་ལྟར་བཟང་བ་དང་། འཇོན་ཐང་ཇི་ལྟར་ཆེ་ན་དེ་ལྟར་ལེགས་པ་རེད། རང་རྒྱལ་ནི་མི་ཤུགས་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། རིག་སྟོབས་ཐོན་ཁུངས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཀྱང་ཡིན། རང་རྒྱལ་གྱི་མི་གྲངས་དུང་ཕྱུར་13གྱི་ཀླད་པའི་ནང་གཏེར་དུ་སྦས་ཡོད་པའི་བློ་གྲོས་ཀྱི་ཐོན་ཁུངས་ནི་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན། ཤེས་བྱ་སྟོབས་ཤུགས་ཡིན་པ་དང་ཤེས་ལྡན་པ་ནི་མ་འོངས་པ་ཡིན། རང་རྒྱལ་འདི་ཉིད་ཚན་རྩལ་གསར་གཏོད་ཀྱི་ཐད་འཛམ་གླིང་གི་མདུན་གྲལ་དུ་ཚུད་དགོས་ན་ངེས་པར་དུ་གསར་གཏོད་ཀྱི་ལག་ལེན་ནང་ནས་ཤེས་ལྡན་པའི་འཇོན་ངོ་ཤེས་དགོས་ལ། གསར་གཏོད་ཀྱི་བྱེད་སྒོའི་ནང་ནས་ཤེས་ལྡན་པ་སྐྱེད་བསྲིང་བྱེད་དགོས་ཤིང་། གསར་གཏོད་ཀྱི་བྱ་གཞག་གི་ནང་ནས་ཤེས་ལྡན་པ་གོང་བུར་སྒྲིལ་དགོས་པ་དང་། ངེས་པར་དུ་གཞི་ཁྱོན་ཆེ་བ་དང་། གྲུབ་ཚུལ་ཤུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གསར་གཏོད་ཅན་གྱི་ཚན་རྩལ་ཤེས་ལྡན་པ་སྐྱེད་བསྲིང་ཤུགས་ཆེན་བྱེད་དགོས།།

རང་རྒྱལ་གྱི་ཚན་རྩལ་དཔུང་ཁག་གི་གཞི་ཁྱོན་ནི་འཛམ་གླིང་གི་ཆེ་ཤོས་ཡིན་པ་དང་། དེ་ནི་ང་ཚོ་ངེས་པར་དུ་གཟི་བརྗིད་སྐྱེ་དགོས་པ་ཞིག་རེད། འོན་ཀྱང་ང་ཚོར་ཚན་རྩལ་དཔུང་སྡེའི་ཐད་ལ་ཡང་ཛ་དྲག་ཆེ་བའི་འགྲན་སློང་ལ་འཕྲད་ཡོད་པ་སྟེ། གསར་གཏོད་ཅན་གྱི་ཚན་རྩལ་ཤེས་ལྡན་པ་གྲུབ་ཚུལ་རང་བཞིན་གྱི་ངོས་ནས་མི་འདང་བའི་འགལ་བ་འབུར་དུ་ཐོན་ཡོད་པ་དང་། འཛམ་གླིང་རིམ་པའི་ཚན་རྩལ་མཁས་དབང་དཀོན་པ། སྣེ་ཁྲིད་ཤེས་ལྡན་པ་དང་རྩེར་སོན་ཤེས་ལྡན་པ་མི་འདང་བ། བཟོ་རིག་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་ཐོན་སྐྱེད་དང་གསར་གཏོད་ཀྱི་ལག་ལེན་དང་ཁ་ཁར་སོང་ཡོད་པ་བཅས་ཡིན། ལོ་གཅིག་ཇུས་དེ་གྲོ་འབྲུ་བཏབ་ན་དགའ། ལོ་བཅུའི་ཇུས་དེ་ཤིང་སྡོང་བཙུགས་ན་དགའ། ལོ་བརྒྱའི་ཇུས་དེ་མཛངས་མི་བསྐྱངས་ན་དགའ ཟེར་བ་ལྟར། ང་ཚོས་ཤེས་ལྡན་པའི་ཐོན་ཁུངས་འབྱེད་རྒྱུ་དེ་ཚན་རྩལ་གསར་གཏོད་ཀྱི་དམིགས་བསལ་ལྟ་དགོས་ཤོས་ཀྱི་གནས་སུ་བཞག་སྟེ། ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་བཅས་ཀྱི་ལམ་སྲོལ་བསྒྱུར་བཅོས་བྱས་ཏེ། འཛམ་གླིང་གི་ཆུ་ཚད་ལྡན་པའི་ཚན་རིག་པ་དང་། ཚན་རྩལ་སྣེ་ཁྲིད་པ། བཟོ་བཀོད་པ་བཅས་དང་ཆུ་ཚད་མཐོ་བའི་གསར་གཏོད་དཔུང་སྡེ་སྐྱེད་བསྲིང་ཧུར་ཐག་བྱེད་དགོས་པ་དང་། ལས་ཡུལ་དང་པོའི་གསར་གཏོད་ཤེས་ལྡན་པ་དང་ན་གཞོན་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས།།

ཤེས་ལྡན་པ་འཚོར་ལོངས་འབྱུང་བའི་ཆོས་ཉིད་ལྟར་ཤེས་ལྡན་པ་གསོ་སྐྱོང་གི་ལམ་སྲོལ་ལེགས་སྒྱུར་བྱེད་དགོས་པ་དང་། ཤིང་གི་རང་བཞིན་ལ་བསྟུན་ནས་སྐྱེ་ཞིང་འཚར་དུ་འཇུག་གོ ཟེར་བ་ལྟར་བྱེད་དགོས་པ་ལས། ངང་ཐུང་ཧབ་རྒྱུག་དང་ལྗང་བུ་ལག་འཐེན་བྱེད་མི་ཉན། འགྲན་རྩོད་ལ་སྐུལ་མ་དང་མཉམ་ལས་ལ་བརྩི་མཐོང་བྱེད་པ་ཟུང་འབྲེལ་བྱས་ཏེ། ཤེས་ལྡན་པའི་ཐོན་ཁུངས་ལུགས་མཐུན་དང་གོ་རིམ་ལྡན་པའི་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱི་གླིང་གི་ཕུལ་དུ་བྱུང་བའི་ཆེད་ལས་མཁས་པ་དང་མཁས་པ་རྒྱ་ཆེར་སྐོང་འགུགས་བྱས་ཏེ་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་བྱ་གཞག་ལ་ཞབས་འདེགས་ཞུ་རུ་འཇུག་དགོས། སྤྱི་ཚོགས་ཡོངས་སུ་བློ་སྟོབས་ཆེན་པོས་གསར་གཏོད་བྱེད་པ་དང་གསར་གཏོད་ལ་ཁོང་ཡངས་བྱེད་ཐུབ་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གིས་སྐྲུན་དགོས་པ་དང་། ལེགས་གྲུབ་བྱུང་བར་མཐོང་ཆེན་བྱེད་དགོས་པ་མ་ཟད་ཕམ་ཁ་བྱུང་བར་བཟོད་སྒོམ་ཡང་བྱེད་དགོས་ཤིང་། ཤེས་ལྡན་པར་གདེང་འཇོག་བྱེད་པའི་བཀོད་འདོམས་དབྱུ་གུའི་ནུས་པ་འཐུས་ཚང་དུ་བཏང་ནས། ཤེས་ལྡན་པའི་ནུས་པ་དང་འཇོན་ཐང་འདོན་ས་སྔར་ལས་རྒྱ་ཆེ་བ་ཞིག་འདོན་སྤྲོད་བྱེད་དགོས།།

མ་འོངས་པ་ནི་ནམ་ཡང་ན་གཞོན་ཚོའི་ཡིན་པ་རེད། གསར་གཏོད་ཅན་གྱི་ན་གཞོན་ཤེས་ལྡན་པ་འབོར་ཆེན་མངའ་བ་ནི་རྒྱལ་ཁབ་ཀྱི་གསར་གཏོད་སྐྱེ་སྟོབས་ཀྱི་གཞི་མ་ཡིན་པ་དང་། ཚན་རྩལ་གོང་འཕེལ་ཡོང་བའི་རེ་བ་ཡང་རེད། ལྷ་ཁྱོད་སླར་ཡང་ཐུགས་སྐྱེད་ཅིག ། སྣ་མང་མཁས་པ་ཅི་དགར་སྩོལ ཟེར་བ་ལྟར། རྒྱ་ཆེའི་ཡོན་རམས་པ་ཚོས་ཚན་རྩལ་གསར་གཏོད་ཀྱི་སྲོལ་འབྱེད་མཁན་གནང་དགོས་ལ། གསར་སྐྱེས་དོན་གཉེར་ཅན་སྐྱོང་བའི་ལམ་འདྲེན་བཤེས་གཉེན་ནི་དེ་བས་ཀྱང་གནང་དགོས་པ་རེད། རྒྱ་ཆེའི་ཡོན་རམས་པ་ཚོས་ན་གཞོན་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་གི་འགན་འཁྲི་ཕྲག་ཏུ་བླངས་ནས། ལྷག་བསམ་རྣམ་དག་དང་མཁྱེན་དཔྱོད་ཆེན་པོའི་ཐོག་ནས་སློབ་བུ་སྐྱོང་བ་དང་། རྒྱུན་ཆད་མེད་པར་ཤེས་ལྡན་པ་རྙེད་པ་དང་། གསོ་སྐྱོང་། འོས་སྦྱོར་བཅས་གནང་ནས། རྩེར་སོན་པའི་ཤེས་ལྡན་པ་གཟེངས་སུ་ཐོན་པར་ལམ་དང་ཟམ་པ་སྐྲུན་རོགས་གནང་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ན་གཞོན་ཚན་རྩལ་ཤེས་ལྡན་པ་ཚོས་ཚན་རིག་གི་སྙིང་སྟོབས་སྐྱེད་པ་དང་། གསར་གཏོད་ཀྱི་བློ་སྒོ་འབྱེད་པ། གསར་གཏོད་ཀྱི་བག་ཉལ་སྟོབས་ཤུགས་སྔོག་པ། གསར་གཏོད་ཀྱི་ནུས་རྩལ་སྦྱོང་བ་བཅས་བྱས་ཏེ། སྔོན་རབས་པའི་ཕྱག་རྒྱུན་འཛིན་པའི་རྨང་གཞིའི་སྟེང་དུ་རྒྱུན་ཆད་མེད་པར་ཐོད་བརྒལ་ལ་བརྩོན་དགོས།།