
༄༅། ། སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་ལ་སྐུལ་སྤེལ་བཏང་ནས་མི་དམངས་བདེ་སྡོད་ལས་བརྩོན་ཡོང་རྒྱུ་འགན་སྲུང་བྱེད་དགོས།
(2014ལོའི་ཟླ་1ཚེས་7ཉིན།)
སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་བརྟན་བརླིང་སྲུང་སྐྱོང་བྱེད་པ་དེ་གཞི་རྩའི་ལས་འགན་དང་། སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་སྐུལ་འདེད་གཏོང་བ་དེ་ལྟེ་བའི་རིན་ཐང་གཉེར་ཕྱོགས། མི་དམངས་བདེ་སྡོད་ལས་བརྩོན་ཡོང་རྒྱུ་འགན་སྲུང་བྱེད་པ་དེ་རྩ་བའི་ལས་འགན་བཅས་ལ་བརྩིས་ཏེ། ཁྲིམས་བསྟར་གཟབ་ནན་དང་ཁྲིམས་འཛིན་དྲང་གཞག་ཡོང་རྒྱུ་རྒྱུན་འཁྱོངས་དང་། ཧུར་བརྩོན་གྱིས་བསྒྱུར་བཅོས་ཟབ་སྤེལ། སྲིད་ཁྲིམས་ལས་ཀར་ཤུགས་སྣོན་རྒྱག་པ་དང་དེ་ལེགས་བཅོས། མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ། “ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱེད་དགོས།།
སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་དར་ཆ་གསལ་སྒྲེང་གིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ཞེས་པའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་ཐབས་ཇུས་ལག་བསྟར་ཡག་པོ་བྱེད་པ་རང་ཡིན། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མི་འགྱུར་བ་རྒྱུན་འཁྱོངས་བྱེད་ལ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དེ་ལེགས་བཅོས་ཀྱང་བྱས་ཏེ། ཏང་གི་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་སྟོབས་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།།
ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས། ང་ཚོའི་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཚང་མ་མི་དམངས་ཀྱི་རྩ་བའི་འདོད་བློའི་མཚོན་བྱེད་ཡིན་པ་དང་། ངོ་བོའི་ཐོག་ནས་གཅིག་གྱུར་ཡིན། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་བྱེད་པས་མི་ཚད། མི་དམངས་ལ་འགོ་ཁྲིད་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་ཡང་བྱེད་པ་ཡིན་པས། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་བྱེད་པ་དང་། ཁྲིམས་བསྟར་ཁག་ཐེག་བྱེད་པ། སྣེ་ཁྲིད་དེ་ཁྲིམས་སྲུང་བ་བཅས་བྱེད་ཐུབ་དགོས། སྲིད་ཁྲིམས་ལས་དོན་གྱིས་ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཀྱི་དབང་གྲགས་རང་རྟོགས་ཀྱིས་སྲུང་སྐྱོང་བྱེད་དགོས་པ་དང་། ཏང་གི་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཅིག་གྱུར་དང་ཡང་དག་པར་ལག་བསྟར་བྱ་རྒྱུ་ཁག་ཐེག་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་རྐྱ་འཕེར་བ་དང་དྲང་གཞག་ངང་འགན་དབང་སྤྱད་རྒྱུའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་ཚོས་སྲིད་ཁྲིམས་རྒྱུད་ཁོངས་ཀྱི་སྡེ་ཚན་ཁག་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རང་རྐྱ་འཕེར་བར་འགན་འཁུར་བ་དང་མཐུན་སྦྱོར་གཅིག་གྱུར་གྱིས་ལས་ཀ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཏང་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱིས་འགན་ནུས་ངེས་གཏན་གསལ་པོ་བཟོ་དགོས་པ་དང་། ཁྲིམས་སྐྱོང་གི་བསམ་ཕྱོགས་དང་ཁྲིམས་སྐྱོང་གི་བྱེད་སྟངས་སྤྱད་དེ་སྲིད་ཁྲིམས་ལས་ཀར་འགོ་ཁྲིད་བྱེད་མཁས་པོ་བྱས་ཏེ། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་དགོས། །
སྤྱི་ཚོགས་ཀྱི་སྤྱི་ཡོངས་ཀྱི་བརྟན་བརླིང་འགན་སྲུང་བྱེད་པ་ནི་སྲིད་ཁྲིམས་ལས་ཀའི་གཞི་རྩའི་ལས་འགན་ཡིན། བརྟན་བརླིང་སྲུང་སྐྱོང་དང་ཁེ་དབང་སྲུང་སྐྱོང་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར། མང་ཚོགས་ཀྱི་ལུགས་མཐུན་ཁྲིམས་མཐུན་གྱི་ཁེ་དབང་གི་ཞུ་གསོལ་ཐག་གཅོད་ཡག་པོ་བྱེད་པ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ནུས་པ་གལ་ཆེན་པོ་ལྡན་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། འགལ་བ་འདུམ་སེལ་བྱེད་པའི་ནང་གི་བཅའ་ཁྲིམས་ཀྱི་དབང་གྲགས་ཆེ་བའི་གོ་གནས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ལ་རང་ཉིད་ཀྱི་ཁེ་ཕན་ལ་ལྟ་སྟངས་དྲང་སྙོམ་ཐོབ་ཡོད་པ་དང་། ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱུང་བ་དངོས་སུ་ཚོར་དུ་འཇུག་དགོས། སྐྱེ་སྟོབས་དང་སྒྲིག་ལམ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པར། རྒྱུད་ཁོངས་ཅན་དུ་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ཡོངས་སྐུལ་སློང་གིས་མཉམ་དུ་སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་སྐྱོང་བྱེད་པའི་ལས་ཀ་ཡག་པོར་སྤེལ་དགོས།།
སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་ལ་སྐུལ་འདེད་གཏང་རྒྱུ་ནི་སྲིད་ཁྲིམས་ལས་དོན་གྱི་ལྟེ་བའི་རིན་ཐང་གཉེར་ཕྱོགས་ཡིན། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་དྲང་སྙོམ་དང་དྲང་བདེན་ནི་སྲིད་ཁྲིམས་ལས་ཀའི་སྲོག་རྩ་ཡིན་པ་དང་། ཁྲིམས་འཛིན་ལས་ཁུངས་ནི་སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་སྲུང་སྐྱོང་བྱེད་པའི་སྲུང་རགས་ཐ་མ་བ་ཡིན། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཕྲག་ཏུ་དྲང་སྙོམ་གྱི་རྒྱ་མ་འཁུར་བ་དང་། ལག་ཏུ་དྲང་བདེན་གྱི་རལ་གྲི་ཐོགས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་སྲུང་སྐྱོང་བྱས་ཐོག མི་དམངས་མང་ཚོགས་ལ་དྲང་སྙོམ་དང་དྲང་བདེན་ནི་རང་གི་ཉེ་འཁོར་དུ་གནས་པ་དངོས་འབྲེལ་ཉམས་སུ་མྱོང་དུ་འཇུག་དགོས། མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་མངོན་གསལ་དོད་པའི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས་པ་དང་། མང་ཚོགས་ཀྱིས་ཉེན་བརྡ་ཞུས་ཏེ་སྐྱོབ་རོགས་ཞུས་པར་ཁ་ཡ་མི་བྱེད་པ་ནི་གཏན་ནས་བྱེད་མི་རུང་བ་དང་། མང་ཚོགས་དཀྱུས་མས་གཏུགས་བཤེར་རྒྱག་དཀའ་བའི་གནས་ཚུལ་ནི་གཏན་ནས་ཡོད་མི་རུང་བ། དབང་ཆ་བྱུང་རྒྱལ་དུ་སྤྱད་དེ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་རིགས་ནི་གཏན་ནས་བྱེད་མི་རུང་བ། ཁྲིམས་འཛིན་རྒྱུས་བཤིག་བྱས་ཏེ་རྫུན་སྙད་ནོར་གསུམ་གྱི་གྱོད་གཞི་བཟོ་རིགས་ནི་གཏན་ནས་བྱེད་མི་རུང་བ་བཅས་ཡིན། །
མི་དམངས་བདེ་སྡོད་ལས་བརྩོན་ཡོང་རྒྱུ་འགན་སྲུང་བྱེད་པ་ནི་སྲིད་ཁྲིམས་ལས་དོན་གྱི་རྩ་བའི་ལས་འགན་ཡིན། སྲིད་ཁྲིམས་ལས་ཁུངས་དང་རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པ་ཚོས་མི་དམངས་མང་ཚོགས་ཀྱི་དོན་དག་དེ་རང་ཉིད་ཀྱི་དོན་དག་ལ་རྩི་བ་དང་། མི་དམངས་མང་ཚོགས་ཀྱི་དོན་དག་ཆུང་ཙག་དེ་རང་ཉིད་ཀྱི་དོན་དག་ཆེན་པོར་རྩི་བ་དང་། མི་དམངས་མང་ཚོགས་ཀྱི་བློ་ལ་འབབ་པའི་དོན་དག་ནས་སྒྲུབ་འགོ་རྩོམ་པ། མི་དམངས་མང་ཚོགས་ཀྱི་བློ་ལ་མི་འབབ་པའི་གནད་དོན་ནས་ལེགས་སྒྱུར་བྱེད་འགོ་རྩོམ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་རྒྱུར་བཅའ་ཁྲིམས་ཀྱི་འགན་སྲུང་སྟོབས་ཆེན་པོ་འདོན་སྤྲོད་བྱེད་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏིང་ཟབ་གཏོང་བ་དང་། ཉེས་དོན་གྱི་བྱས་ཉེས་ཚབས་ཆེན་འབྱུང་མང་བའི་རྣམ་པ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།།
སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་དང་མི་དམངས་ཀྱིས་བསྒོས་པའི་གཟི་བརྗིད་ཅན་གྱི་ལས་འགན་སྒྲུབ་དགོས་ན། ངེས་པར་དུ་ཁྲིམས་བསྟར་གཟབ་ནན་དང་ཁྲིམས་འཛིན་དྲང་གཞག་བྱེད་དགོས། “སྙོམ་པ་གསལ་གྲོགས་དང་དྲང་བ་དབང་གྲོགས་ཡིན་”ཟེར་བ་ལྟར། ལས་རིགས་ལ་ལྷག་བསམ་དཀར་རྒྱུ་དང་དམངས་དོན་དུ་ཁྲིམས་བསྟར་རྒྱུ་བརྟན་སྲུང་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་ཉེན་རྟོག་པར་སློབ་གསོ་བཏང་ནས་ལས་རིགས་ཀྱི་ཀུན་སྤྱོད་སྤྱད་དེ་རང་ཉིད་རང་རྟོགས་ཀྱིས་སྡོམ་དགོས་པ་དང་། མང་ཚོགས་སྡང་སེམས་ཆེ་བའི་དོན་དག་ལ་སྙིང་རྗེ་སྤུ་ཙམ་མི་ལྟ་བ་དང་། མང་ཚོགས་ཀྱི་དགོས་གལ་ཆེ་བའི་དོན་དག་ལ་སྙོམ་ལས་སྤུ་ཙམ་མི་བྱེད་ཅིང་། ངན་པ་ཚར་གཅོད་དང་བཟང་བ་དར་སྤེལ་བྱེད་པ་དང་ཁྲིམས་རྩ་བྲག་ལྟར་བཙན་པའི་སྲོལ་བཟང་འཛུགས་སྤེལ་བྱེད་དགོས། ཁྲིམས་སྐྱོང་ལ་དད་མོས་དང་ཁྲིམས་སྐྱོང་བརྟན་སྲུང་བྱས་ནས། ཁྲིམས་ཤེས་ཁྲིམས་རྟོགས་དང་ཁྲིམས་བརྩི་ཁྲིམས་སྲུང་བྱེད་པའི་ཁྲིམས་བསྟར་མཁན་བྱེད་པ། རྐང་པ་བརྟན་ཞིང་མགོ་འཕང་མཐོ་བ། དོན་དངོས་ཁོ་ན་ཁས་ལེན་པ། བཅའ་ཁྲིམས་ཁོ་ན་ཁས་ལེན་པ། ཀུན་ལ་སྙོམ་ཞིང་སྒེར་སེམས་མེད་པ། ཁྲིམས་བསྟར་དྲང་བཞག་བཅས་བྱེད་དགོས། ལམ་ལུགས་ལ་བརྟེན་ནས་འགན་སྲུང་བྱེད་དགོས་པ་སྟེ། ཁྲིམས་བསྟར་དང་གྱོད་གཅོད་ཀྱི་ལྷུ་ཚིགས་ཁག་ཀུན་ཏུ་བཀག་རྒྱའི་ཐིག་བཏབ་ནས་སུས་ལམ་ལུགས་དང་རྒྱབ་འགལ་བྱས་ན་དེ་ལ་ཆད་པ་ནན་པོ་གཅོད་དགོས་པ་དང་། བྱས་ཉེས་སུ་གྲུབ་ཚེ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས། ཡོངས་བསྒྲགས་ལ་བརྟེན་ནས་དྲང་བདེན་ཡོང་རྒྱུ་དང་། མངོན་གསལ་ལ་བརྟེན་ནས་སྤྱོད་གཙང་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་འགུལ་ངང་ཡོངས་བསྒྲགས་དང་རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་གཏང་སྟེ། སྦུག་མཐུན་ལྐོག་གཅོད་བྱ་ཡུལ་མེད་པ་དང་། ཁྲིམས་འཛིན་གྱི་རུལ་སུངས་བྱ་ཡུལ་མེད་པ་བཟོ་དགོས། །
རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་ལྟར་དོན་དག་སྒྲུབ་པ་དང་བཅའ་ཁྲིམས་བརྩི་སྲུང་ཞུས་ཏེ། བཅའ་ཁྲིམས་ཀྱི་བཀག་རྒྱ་ལས་འདའ་མི་རུང་བ་དང་བཅའ་ཁྲིམས་ཀྱི་གཞི་ཐིག་ལས་བརྒལ་མི་རུང་བའི་ལྟ་བ་བརྟན་པོར་སྐྱེད་དགོས་ལ། བཅའ་ཁྲིམས་ལྟར་ན་རང་ཉིད་ཀྱིས་སྤྱོད་མི་འོས་པའི་དབང་ཆ་ནི་སྤྱོད་མི་རུང་བ་དང་། གཏམ་གྱིས་ཁྲིམས་ཚབ་བྱེད་པ་དང་། དབང་གིས་ཁྲིམས་མགོ་གནོན་པ། ཉེར་ཕྱོགས་ཁྲིམས་འགལ་བྱེད་པ་ནི་དེ་བས་ཀྱང་བྱེད་མི་རུང་། ཁྲིམས་བཀོད་ཀྱི་ལས་རིམ་དང་འགལ་ནས་ཁྲིམས་འཛིན་ལ་ཇུས་གཏོགས་བྱེད་རིགས་ཐོ་འགོད་ཚགས་ཉར་དང་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་དང་ཁག་འགན་བདའ་འདེད་ལམ་ལུགས་འཐུས་སྒོ་ཚང་བར་འཛུགས་དགོས། །
ང་ཚོའི་སྲིད་ཁྲིམས་དཔུང་སྡེའི་མང་ཕྱོགས་ནི་ཡག་པོ་ཡོད་པ་སྟེ། ཏང་གི་བཀོད་འདོམས་ལ་ཉན་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། འཐབ་འཛིང་དྲག་པོ་བྱེད་ཐུབ་པ། རང་སྲོག་བློས་གཏོང་ལ་མི་སྐྲག་པ་བཅས་ཀྱི་དཔུང་སྡེ་ཞིག་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་བློ་འཁེལ་བ་དང་འཐབ་འཛིང་གི་ནུས་སྟོབས་ལྡན་པའི་དཔུང་སྡེ་ཞིག་ཡིན། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་ཉེན་རྟོག་པར་གཟིགས་སྐྱོང་བྱེད་དགོས་པའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། ལས་བྱེད་པ་དང་ཉེན་རྟོག་པ་རྣམས་ལ་དཀའ་ངལ་དངོས་སེལ་རོགས་བྱེད་དགོས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ། ལས་སྒོའི་ཐད་ཉམས་སད་ཐེག་ཐུབ་པ། འགན་འཁྲིའི་ཐད་ཉམས་སད་ཐེག་ཐུབ་པ། སྒྲིག་ཁྲིམས་ཐད་ཉམས་སད་ཐེག་ཐུབ་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་བླང་བྱ་ལྟར། ཡིད་ཆེས་བརྟན་པ་དང་། དམངས་དོན་དུ་ཁྲིམས་བསྟར་བྱེད་པ། འཁུར་ལེན་བྱེད་ཕོད་པ། སྤྱོད་པ་གཙང་བ་བཅས་ཀྱི་སྲིད་ཁྲིམས་རུང་དཔུང་ཞིག་འཛུགས་སྐྲུན་ཧུར་ཐག་བྱེད་དགོས། །
ཕུགས་བསམ་དང་དད་སེམས་བརྟན་པ་ནི་སྲིད་ཁྲིམས་དཔུང་སྡེའི་ཆབ་སྲིད་ཀྱི་བླ་སྲོག་ཡིན། ངེས་པར་དུ་ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་གཏོང་རྒྱུ་དེ་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ལས་ཀྱི་དང་པོར་བཞག་སྟེ། དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་བཀོད་འདོམས་ཉན་པ། འགན་འཁྲི་ལ་བློ་དཀར་བ་བཅས་ཀྱི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་པོར་འདིང་དགོས་པ་དང་། ཏང་གི་བྱ་གཞག་ཐོད་ལ་བཀུར་བ་དང་། མི་དམངས་ཀྱི་ཁེ་ཕན་ཐོད་ལ་བཀུར་བ། རྩ་ཁྲིམས་དང་བཅའ་ཁྲིམས་ཐོད་ལ་བཀུར་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ། ཡུན་ནས་ཡུན་དུ་ཏང་ལ་བློ་དཀར་བ་དང་། རྒྱལ་ཁབ་ལ་བློ་དཀར་བ། མི་དམངས་ལ་བློ་དཀར་བ། བཅའ་ཁྲིམས་ལ་བློ་དཀར་བ་བཅས་ཀྱི་ཆབ་སྲིད་ཀྱི་ངོ་བོ་འཛིན་སྐྱོང་བྱེད་དགོས། སྲིད་ཁྲིམས་དཔུང་སྡེས་འཁུར་ལེན་བྱེད་ཕོད་དགོས་པ་སྟེ། སྲོལ་ངན་ལུགས་ངན་གྱི་གདོང་དུ་ངེས་པར་དུ་དཔའ་དམ་འཕྱར་ཕོད་པ་དང་བློ་ཐག་རྦད་ཆོད་ཀྱིས་འཐབ་རྩོད་བྱེད་ཕོད་དགོས་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བ་དང་། འཕྲལ་དྲག་ཉེན་ལྗིད་ཀྱི་ལས་འགན་གྱི་མདུན་དུ་ཉེན་ཁར་མི་འཛེམས་པར་གདོང་མཆོང་བྱེད་ཕོད་དགོས་པ་ལས། སྡར་མ་ཁུང་འཛུལ་གཏན་ནས་བྱེད་མི་རུང་། སྒྲིག་ཁྲིམས་སྐོར་གྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཁྲིམས་ལག་བསྟར་ལམ་སྲོལ་འཐུས་ཚང་བཟོས་ཏེ། ལྕགས་ལྟ་བུའི་སྒྲིག་ཁྲིམས་ལ་བརྟེན་ནས་ལྕགས་ལྟ་བུའི་སྲིད་ཁྲིམས་དཔུང་སྡེ་ཞིག་སྐྱོང་དགོས། ལས་བྱེད་པ་དང་ཉེན་རྟོག་པ་ཚོའི་འཇོན་ཐང་ཆེ་རུ་བཏང་ནས། སྲིད་ཁྲིམས་ལས་དོན་གྱི་ལས་འགན་ཁག་སྔར་ལས་ལྷག་པར་སྒྲུབ་ཐུབ་པའི་ཁག་ཐེག་བྱེད་དགོས། རབ་ཏུ་བརྟན་པའི་ཆོད་སེམས་དང་རབ་ཏུ་ཧྲག་པའི་སྤྱོད་པའི་ཐོག་ནས་སྲིད་ཁྲིམས་ཁྱབ་ཁོངས་ཀྱི་རུལ་སུངས་ཀྱི་སྣང་ཚུལ་གཙང་སེལ་བྱེད་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་སྡེ་བཤིག་གི་ཆོམ་རྐུན་རྩ་མེད་གཏོང་དགོས། །
ཁྲིམས་འཛིན་སྒྲིག་སྲོལ་གྱི་བསྒྱུར་བཅོས་ནི་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དེར་རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཞོགས་འདེགས་བྱས་ཏེ་སྐུལ་འདེད་གཏོང་བ། དོན་འབྲས་དངོས་ལ་བརྩོན་པ་བཅས་བྱས་ཏེ་དྲང་བདེན་དང་ནུས་ལྡན་དང་དབང་གྲགས་གསུམ་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཏང་གི་འགོ་ཁྲིད་སྔར་ལས་ལྷག་པར་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་ཁྲིམས་འཛིན་ལམ་ལུགས་ཀྱི་ཁྱད་ཆོས་སྔར་ལས་ལྷག་པར་འདོན་སྤེལ་བྱེད་པ། སྤྱི་ཚོགས་ཀྱི་དྲང་སྙོམ་དྲང་བདེན་སྔར་ལས་ལྷག་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། །