
༄༅། །ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ཀུན་སྤྱོད་ཀྱི་འདེགས་སྐྱོར་སྟོབས་ལྡན་གོང་བུར་སྒྲིལ་དགོས།
(2013ལོའི་ཟླ་9ཚེས་26ཉིན།)
ཀུན་སྤྱོད་དཔེ་བཟང་ཅན་ནི་སྤྱི་ཚོགས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་བྱེད་པའི་དར་ཆ་གལ་ཆེན་ཡིན་པས། ཀུན་སྤྱོད་དཔེ་བཟང་ཅན་ལ་སློབ་སྦྱོང་དང་དེ་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་ཟབ་མོར་སྤེལ་ནས། བདེན་དགེ་མཛེས་གསུམ་དར་སྤེལ་གཏོང་བ་དང་ དྲང་ཕྱོགས་ཀྱི་ནུས་སྟོབས་ཁྱབ་སྤེལ་གཏོང་བ། མི་དམངས་མང་ཚོགས་ཀྱིས་བློ་ཁ་བཟང་སྤྱོད་དང་དགེ་བར་ཕྱོགས་པ་དང་མིག་ལྟོས་ཡར་འགྲན་བྱེད་པར་སྐུལ་མ་གཏོང་བ། སྤྱི་ཚོགས་ཡོངས་ཀྱིས་དགེ་བའི་རྩ་བ་གསོག་ཅིང་བླང་དོར་གྱི་གནས་ལ་མཁས་པར་སྐུལ་མ་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་བསམ་པའི་ནུས་ཤུགས་དང་ཀུན་སྤྱོད་ཀྱི་འདེགས་སྐྱོར་ནུས་ལྡན་གོང་བུར་སྒྲིལ་དགོས།
བསམ་པའི་ནུས་སྟོབས་ནི་མཛད་མཐའ་མེད་པ་ཞིག་ཡིན་ལ། ཀུན་སྤྱོད་ཀྱི་ནུས་སྟོབས་ཀྱང་མཛད་མཐའ་མེད་པ་ཞིག་རེད། ཀྲུང་ཧྭའི་ཤེས་དཔལ་དར་རྒྱུན་རིང་བས་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེ་བའི་བསམ་པའི་གཤིས་རྒྱུན་སྐྱེད་གསོ་བྱས་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་བླ་ན་མེད་པའི་རིན་ཐང་གི་དོན་གཉེར་གསོ་སྐྱོང་བྱས་ཡོད། འབད་བརྩོན་ལྷོད་མེད་དང་སྤྱོད་པ་བཟང་པོས་ཆོས་ཀུན་ཐེག་པའི་བསམ་བློ་དེས་ཀྲུང་ཧྭ་མི་རིགས་ཉིད་ཉམས་པ་མེད་པར་འཚོ་གནས་དང་མེ་སོན་གཅིག་ལ་གཅིག་རྒྱུད་ཀྱིས་དར་འཕེལ་ཡོང་བར་འདེགས་སྐྱོར་བྱས་ཡོད་ལ། དེ་ཉིད་དེང་སང་ཡང་ང་ཚོས་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཡིན།
དུས་ཡུན་རིང་པོའི་ནང་ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་བླང་བྱ་ལྟར། རྒྱུན་ཆད་མེད་པར་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་དང་། ཀྲུང་ཧྭའི་སྲོལ་རྒྱུན་བཟང་པོ་དར་སྤེལ། དུས་རབས་ཀྱི་སྲོལ་གསར་གསོ་སྐྱོང་བཅས་བྱས་པས། ཀྲུང་ཧྭའི་ས་གཞི་ཆེན་པོའི་སྟེང་དུ་ཀུན་སྤྱོད་དཔེ་བཟང་ཅན་དང་གཅེས་སུ་འོས་ཤོས་ཀྱི་མི་སྣ་འབོར་ཆེན་བྱུང་ཡོད། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ཅན་དག་ནི་དེའི་ནང་གི་ཕུལ་དུ་བྱུང་བའི་འཐུས་ཚབ་ཡིན་ཞིང་། ཁྱེད་ཚོ་ནི་ཡང་ན་བྱམས་དང་སྙིང་རྗེ་ལྡན་པ་དང་གཞན་ལ་རོགས་རམ་བྱེད་པར་སྤྲོ་བ་དང་། ཡང་ན་བདེན་པའི་དོན་དུ་དཔའ་རྩལ་སྟོན་ལ་སྲོག་དང་བསྡོ་ཕོད་པ། ཡང་ན་ཁ་དན་ཚིག་ལ་གནས་ཤིང་དམ་ཚིག་རྩི་བ། ཡང་ན་ལས་ལ་བཀུར་ཞིང་ལམ་ལ་བརྩོན་པ། ཡང་ན་རྒན་ལ་བཀུར་ཞིང་ཆུང་ལ་བྱམས་པ་བཅས་ཡིན། ཁྱེད་རང་ཚོའི་མཆོག་ཏུ་གྱུར་བའི་སྤྱོད་ལམ་གྱིས་གཞན་ལ་དྲོད་སྐྱིད་སྦྱིན་པ་དང་། ཀྲུང་གོ་བར་སེམས་འགུལ་ཐེབས་ཤིང་། སྤྱི་ཚོགས་ཡོངས་ལ་མིག་དཔེ་བསྟན་ཡོད།
རླབས་ཆེ་བའི་དུས་རབས་ཀྱིས་རླབས་ཆེ་བའི་སྙིང་སྟོབས་རེ་འབོད་དང་། བླ་ན་མེད་པའི་བྱ་གཞག་ལ་དཔེ་བཟང་ཅན་གྱིས་སྣེ་འདྲེན་བྱེད་དགོས། མིག་སྔར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དང་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་འབད་འཐབ་བྱེད་བཞིན་ཡོད། ང་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་བྱེད་དགོས་པའི་བླང་བྱ་ལྟར། ཀུན་སྤྱོད་ཀྱི་འཛུགས་སྐྲུན་ལ་དོ་སྣང་ཆེན་པོ་དང་ཤུགས་ཏན་ཏིག་བརྒྱབ་སྟེ། སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང། མི་སྒེར་གྱི་སྤྱོད་ལམ་བཅས་སྐོར་གྱི་སློབ་གསོར་སྐུལ་འདེད་གཏོང་དགོས་པ་དང་། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛད་མཐུན་སོགས་གཞི་རྩར་གྱུར་བའི་ཀུན་སྤྱོད་ཀྱི་ཚད་གཞི་དར་སྤེལ་བྱེད་དགོས་པར་མ་ཟད། གཟི་ཁྲེལ་ཤེས་པ་དང་། སྲོལ་བཟང་འཛིན་པ། ལེགས་སྐྱེས་འབུལ་བ། ཞི་མཐུན་སྐུལ་བ་བཅས་ཀྱི་ལུགས་སྲོལ་བཟང་པོ་གསོ་སྐྱོང་བྱེད་དགོས།
ངས་རྣམ་པ་ཚོ་ལ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ཅན་བློ་མཐུན་ཀུང་ཆོན་ཀྲེན་ངོ་སྤྲོད་ཞུ་རྒྱུ་ཡིན། ཁོང་མོ་ནི་དམག་དཔོན་ཆེན་པོ་བློ་མཐུན་ཀན་ཚུའུ་ཁྲང་གི་བཟའ་ཟླ་རེད། བློ་མཐུན་ཀན་ཚུའུ་ཁྲང་ནི་ཅང་ཞིའི་དམར་དམག་རྒན་གྲས་དང་། ཀྲུང་གོ་གསར་བའི་རྒྱལ་ཁབ་ཀྱི་སྲོལ་འབྱེད་དམག་སྤྱི་ཞིག་ཡིན་མོད་ཀྱང་། ཁོང་གིས་ཕྱིར་གྲོང་གསེབ་ཏུ་ཕྱིན་ནས་ཞིང་པ་བྱ་རྒྱུའི་སེམས་ཐག་བཅད་པ་རེད། བློ་མཐུན་ཀུང་ཆོན་ཀྲེན་ཡང་ཁོང་དང་མཉམ་དུ་གྲོང་གསེབ་ཏུ་ལོག་ནས་དཀའ་སྤྱད་འབད་བརྩོན་བྱས་པ་རེད། དུས་རབས་ཕྱེད་ཀ་ཙམ་འདས་པའི་རིང་དུ། བློ་མཐུན་ཀུང་ཆོན་ཀྲེན་གྱིས་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་བསྐྱེད་ཡོད་ལ། དེར་མ་ཟད་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ཅན་ལ་བདམས་ཐོན་བྱུང་ནས། དེ་རིང་ང་ཚོའི་ཚོགས་འདུར་ཞུགས་ཡོད་པས། ང་རང་ཧ་ཅང་དགའ་པོ་བྱུང་། ངས་བློ་མཐུན་ཀུང་ཆོན་ཀྲེན་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན། ང་ཚོས་དཀའ་སྡུག་འབད་བརྩོན་གྱི་སྙིང་སྟོབས་མི་རབས་ནས་མི་རབས་སུ་རྒྱུད་སྤེལ་བྱེད་དགོས།