
༄༅། །རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་ཆེ་རུ་གཏོང་དགོས།
(2013ལོའི་ཟླ་12ཚེས་30ཉིན།)
རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་སྟོབས་ཆེ་རུ་གཏོང་རྒྱུ་དེ་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་ཐུག་ཡོད་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་དང་། རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་སྐྱེ་སྟོབས་ཆེ་རུ་བཏང་སྟེ། རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་གྲ་རྒྱས་དང་རིག་གནས་ཐོན་ལས་མགྱོགས་པོར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་པ། མི་རྣམས་ཀྱི་བསམ་པའི་ཞིང་ཁམས་རྒྱུན་ཆད་མེད་པར་གྲ་རྒྱས་ཕུན་ཚོགས་སུ་གཏོང་དགོས་པ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་སྐྱེད་དགོས་པ། རྒྱུན་ཆད་མེད་པར་རིག་གནས་ཀྱི་སྤྱི་ཆའི་སྟོབས་ཤུགས་དང་འགྲན་རྩོད་སྟོབས་ཤུགས་ཆེ་རུ་སྐྱེད་དགོས་པ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས། །
རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་སྟོབས་ཆེ་རུ་གཏོང་བར། རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་ཀྱི་རྨང་གཞི་ཏུར་ཐག་གིས་བརྟན་པོར་འདིང་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་གྱི་བགྲོད་ལམ་ཐོག་སྐྱོད་རྒྱུར་རྒྱུན་འཁྱོངས་བྱས་ཏེ། རིག་གནས་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིག་ཐང་མ་ལག་གི་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་མོར་སྤེལ་བ། ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་རྒྱ་ཆེར་སྤེལ་བ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ། རིག་གནས་བྱ་གཞག་ཕྱོགས་ཡོངས་ནས་གྲ་རྒྱས་ཡོང་བ་དང་། རིག་གནས་ཐོན་ལས་མགྱོགས་པོར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་རིག་གནས་འཛུགས་སྐྲུན་གྱི་རྨང་གཞི་བརྟན་པོར་འདིང་བར། ལས་ཀ་གལ་ཆེན་པོ་ཞིག་ནི་བསམ་བློ་ཀུན་སྐྱོད་ཀྱི་ཐོག་ནས་འཛིན་འགོ་རྩོམ་དགོས་པ་དང་། སྤྱི་ཚོགས་ཀྱི་དར་སྲོལ་ནས་འཛིན་འགོ་རྩོམ་དགོས་ལ། མི་རེ་ངོ་རེ་ནས་འཛིན་འགོ་རྩོམ་དགོས། རང་རྒྱལ་མི་དམངས་ཀྱིས་དུས་ཡུན་རིང་པོའི་ལག་ལེན་གྱི་ནང་དུ་གསོ་སྐྱོང་བྱས་ཏེ་བྱུང་བའི་སྲོལ་རྒྱུན་གྱི་སྤྱོད་བཟང་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ཀུན་སྤྱོད་ལྟ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ལྟ་བ་རྒྱུན་འཁྱོངས་བྱས་ནས། སྙིགས་དོར་བཅུད་ལེན་དང་རྫུན་སྤང་བདེན་ལེན་བྱེད་པའི་རྨང་གཞིའི་སྟེང་གནའ་བཟང་དེང་སྤྱོད་དང་རྙིང་ཚབ་གསར་བརྗེ་དང་། ཀྲུང་ཧྭའི་སྲོལ་རྒྱུན་གྱི་སྤྱོད་བཟང་གསར་གཏོད་ཀྱི་ཐོག་ནས་འཕོ་འགྱུར་དང་། གསར་གཏོད་ཀྱི་ཐོག་ནས་གོང་འཕེལ་ཡོང་བར་ཧུར་ཐག་བྱེད་པ། སྐྱེ་བོ་རྣམས་ཀྱིས་ཀུན་སྤྱོད་ལ་རེ་སྙེག་དང་ཀུན་སྤྱོད་ལ་བརྩི་འཇོག ཀུན་སྤྱོད་བརྩི་སྲུང་བཅས་བྱེད་པའི་འཚོ་བར་འཇུག་པ་དང་བརྩོན་པར་སྣེ་ཁྲིད་བྱས་ཏེ། མི་གྲངས་དུང་ཕྱུར་13གྱི་ཁོངས་མི་ཚང་མ་ཀྲུང་ཧྭའི་སྤྱོད་བཟང་སྒྲོག་སྤེལ་བྱེད་མཁན་དང་ཀྲུང་ཧྭའི་རིག་གནས་ཀྱི་བྱེད་པོ་ཆགས་པར་བྱེད་དགོས། །
རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་སྟོབས་ཆེ་རུ་གཏོང་བར། དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་ཧུར་ཐག་གིས་ཁྱབ་སྤེལ་གཏོང་དགོས། དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་ཡིན་པ་དང་། དེས་ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཚོན་ཡོད། རང་རྒྱལ་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་དུ་ལམ་ལྷོང་ངང་བསྐྱོད་རྒྱུ་བྱུང་བ་དང་། ང་ཚོའི་འགྲོད་ལམ་དང་། གཞུང་ལུགས་ཀྱི་མ་ལག ལམ་ལུགས་བཅས་ནི་ལམ་ལྷོང་བྱུང་ཡོད་པ་ལག་ལེན་ལས་ར་སྤྲོད་བྱས་ཡོད། གནད་བསྡུས་དང་འགྲེལ་བཤད་བྱ་རྒྱུར་ཤུགས་རྒྱག་པ་དང་། ཕྱི་ཕྱོགས་ལ་ཁྱབ་སྤེལ་བྱེད་སའི་ལམ་སྟེགས་དང་ལུས་རྟེན་རྒྱ་བསྐྱེད་བཏང་ནས། དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་དེ་རྒྱལ་སྤྱིར་སྤེལ་རེས་དང་ཁྱབ་སྤེལ་བྱེད་པའི་ཕྱོགས་གང་ཅིར་དཀྱུས་གཅིག་ཏུ་བསྟར་དགོས། །
ཀྲུང་གོའི་ཕུགས་འདུན་དྲིལ་བསྒྲགས་དང་འགྲེལ་བཤད་བྱ་རྒྱུ་དེ་དེང་རབས་ཀྲུང་གོའི་རིན་ཐང་འཛིན་སྟངས་དང་ཟུང་འབྲེལ་དམ་པོ་བྱེད་དགོས། ཀྲུང་གོའི་ཕུགས་འདུན་གྱིས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རིན་ཐང་ཉམས་ལེན་དང་རིན་ཐང་འཚོལ་སྙེག་མཚོན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་མཚོན་པ། སྐྱེ་བོ་རེ་རེ་ཚང་མས་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་དོན་དུ་འབད་བརྩོན་བྱེད་པའི་ཁྲོད་དུ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་པ་མཚོན་པ། ཀྲུང་ཧྭ་མི་རིགས་ཀྱིས་མཐུན་སྒྲིལ་འབད་འཐབ་ཀྱི་སྤྱིའི་བགོ་གྲངས་ཆེ་ཤོས་མཚོན་པ། ཀྲུང་ཧྭ་མི་རིགས་ཀྱིས་མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་ལ་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་བའི་ལྷག་བསམ་མཚོན་པ་བཅས་ཡིན། །
རྒྱལ་ཁབ་ཀྱི་རིག་གནས་ཀྱི་མཉེན་སྟོབས་ཆེ་རུ་གཏོང་བར། ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མིན་ཡིད་དབང་འགུགས་ཤུགས་ཆེ་རུ་ཧུར་ཐག་གཏོང་དགོས། ལོ་ངོ་5000ལྷག་གི་ཤེས་དཔལ་བྱུང་འཕེལ་གྱི་རྒྱུད་རིམ་ནང་། ཀྲུང་ཧྭ་མི་རིགས་ཀྱིས་ཟབ་ཅིང་ཡངས་ལ་གཟི་དཔལ་འབར་བའི་རིག་གནས་གསར་གཏོད་བྱས་ཡོད་པས། ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཞི་རྩར་གྱུར་པའི་རིག་གནས་ཀྱི་གཞི་རྐྱེན་དེ་དེང་རབས་ཀྱི་རིག་གནས་ལ་མཐུན་སྦྱོར་དང་དེང་རབས་ཀྱི་སྤྱི་ཚོགས་དང་མཐུན་པར་བྱས་ཏེ། མི་རྣམས་ཐོས་དགའ་མཐོང་དགའ་ཡོད་པ་དང་ཁྱབ་ཆེན་པོའི་ཐེ་ཞུགས་བྱེད་པ་ཅན་གྱི་རྣམ་པའི་ཐོག་ནས་ཁྱབ་སྤེལ་བྱེད་དགོས་པ་དང་། ཡུལ་དུས་ལས་བརྒལ་བ་དང་། རྒྱལ་ཁོངས་ལས་བརྒལ་བ། དུས་གཏན་གྱི་དགེ་མཚན་ལྡན་པ། དེང་རབས་ཀྱི་རིན་ཐང་ལྡན་པ་བཅས་ཀྱི་རིག་གནས་དགོངས་དོན་དར་སྤེལ་གཏོང་དགོས། སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་བྱེད་ལ་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་ཡང་གཏོང་བ་དང་། རང་ཉིད་རྒྱལ་ཁབ་ཏུ་གཞི་ཚུགས་ལ་འཛམ་གླིང་ལ་ཁ་ཡང་ཕྱོགས་པའི་དེང་རབས་ཀྲུང་གོའི་རིག་གནས་གསར་གཏོད་ཀྱི་གྲུབ་འབྲས་ཁྱབ་སྤེལ་བྱེད་དགོས། སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་ཆ་ལག་ཚང་བར་གསེད་བཀྲོལ་བྱས་ཏེ། བཙན་མཁར་ཕོ་བྲང་ནང་དུ་ཉར་བའི་རིག་དངོས་དང་། ས་གཞི་ཆེན་པོའི་སྟེང་དུ་བཤམས་པའི་ཤུལ་ནོར། གཙུག་ལག་དཔེ་ཆའི་ནང་གི་ཡི་གེ་བཅས་པ་གསར་སྐྱེ་ཡོང་དུ་འཇུག་དགོས། གནས་ལུགས་དང་རིག་པ་དང་སྤྱོད་བཟང་གསུམ་གྱིས་ཕྱུག་པའི་སྒོ་ནས་གཞན་གྱིས་ཁས་ལེན་ཐུབ་པར་བྱས་ཏེ། ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རིག་གནས་སྤེལ་རེས་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རིག་གནས་སྤེལ་རེས་ཀྱི་བྱེད་སྟངས་གསར་གཏོད་བཅས་བྱས་ཐོག མི་མང་ངོས་ཀྱི་སྒྲོག་སྤེལ་དང་། ཚོགས་ཁག་ངོས་ཀྱི་སྒྲོག་སྤེལ། མི་སྒེར་ངོས་ཀྱི་སྒྲོག་སྤེལ་སོགས་བྱེད་སྟངས་སྣ་མང་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ་ཀྲུང་ཧྭའི་རིག་གནས་ཀྱི་དགེ་མཚན་མངོན་པར་སྟོན་དགོས། །
རང་རྒྱལ་གྱི་རྒྱལ་ཁབ་སྣང་བརྟན་བཞེངས་གཏོད་ལ་དོ་སྣང་བྱས་ནས། ཀྲུང་གོའི་ལོ་རྒྱུས་ཀྱི་བསགས་ནོར་གྱ་ནོམ་པ་དང་། མི་རིགས་མང་པོ་ཕུང་པོ་གཅིག་ཏུ་འགྲིལ་བ། རིག་གནས་སྣ་མང་ཞི་མཐུན་ཡོད་པ་བཅས་ཀྱི་ཤེས་དཔལ་ལྡན་པའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་དང་། ཆབ་སྲིད་དྭངས་གསལ་དང། དཔལ་འབྱོར་གོང་འཕེལ། རིག་གནས་དར་རྒྱས། སྤྱི་ཚོགས་བརྟན་བརླིང་། མི་དམངས་མཐུན་སྒྲིལ། རི་ཀླུང་མཛེས་སྡུག་ལྡན་པ་བཅས་ཀྱི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོའི་སྣང་བརྙན། ཞི་བའི་གོང་འཕེལ་རྒྱུན་འཁྱོངས་དང་། ཐུན་མོང་གི་གོང་འཕེལ་ལ་སྐུལ་འདེད། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་། མིའི་རིགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་སྣང་བརྙན། ཕྱི་ཕྱོགས་ལ་སྒོ་མོ་སྔར་ལས་ཡངས་བར་འབྱེད་པ་དང་། སྔར་བས་སྙིང་ཉེའི་སྟོབས་ཤུགས་ལྡན་པ། རེ་བས་ཁེངས་པ། སྐྱེ་སྟོབས་འབར་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོའི་སྣང་བརྙན་བཅས་གཙོ་གནད་དུ་སྟོན་དགོས། །
རྒྱལ་ཁབ་ཀྱི་རིག་གནས་མཉེན་སྟོབས་ཆེ་རུ་གཏོང་བར། རྒྱལ་སྤྱིའི་གཏམ་དབང་ཆེ་རུ་ཧུར་ཐག་གཏོང་དགོས། རྒྱལ་སྤྱིའི་སྒྲོག་སྤེལ་ནུས་སྟོབས་ཀྱི་འཛུགས་སྐྲུན་ལ་ཤུགས་བརྒྱབ་སྟེ། ཕྱིར་ཕྱོགས་གཏམ་བརྗོད་ཀྱི་མ་ལག་ཞིབ་ཚགས་སུ་འཛུགས་དགོས་པ་དང་། གསར་དར་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཤིང་། ཕྱི་ཕྱོགས་གཏམ་བརྗོད་ཀྱི་གསར་གཏོད་བྱེད་ནུས་དང་། བློ་འགུག་བྱེད་ནུས། ཀུན་གྱི་ཡིད་རྟོན་སྐྱེད་ནུས་བཅས་ཆེ་རུ་གཏོང་དགོས་པའི་ཐོག་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པ་དང་། ཀྲུང་གོའི་སྐད་སྒྲ་ཁྱབ་སྒྲོག་ཡག་པོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྷུག་པོར་བརྗོད་དགོས། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་དང་གཟི་བརྗིད་ལྡན་པའི་ལོ་རྒྱུས་ལ་ཆ་མཚོན་ན། དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། སློབ་གྲྭའི་སློབ་གསོ་དང་། གཞུང་ལུགས་ཞིགབ་འཇུག ལོ་རྒྱུས་ཞིབ་འཇུག གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས། རྩོམ་རིག་གི་བརྩམས་ཆོས་སོགས་རྣམ་པ་སྣ་ཚོགས་པའི་ཐོག་ནས་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས། རང་རྒྱལ་མི་དམངས་ལ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་པ་དང་རྒྱུན་འཁྱོངས་བྱེད་པར་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་བའི་སྐྱེ་བ་བླངས་བའི་ལ་རྒྱ་དང་བློ་སྟོབས་ཆེ་རུ་གཏོང་དགོས། །