
༄༅།།གཞོན་ནུ་ཚོས་རང་རྟོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཉམས་ལེན་བྱེད་དགོས།
(2014ལོའི་ཟླ་5ཚེས་4ཉིན།)
སློབ་གྲོགས་རྣམ་པ་དང་། དགེ་རྒན་རྣམ་པ། བློ་མཐུན་རྣམ་པ་ཚོ།
དེ་རིང་ནི་ལྔ་བཞིའི་གཞོན་ནུའི་དུས་ཆེན་རེད། པེ་ཅིན་སློབ་ཆེན་དུ་ཡོང་ནས་རྣམ་པ་ཚོ་དང་ལྷན་འཛོམས་ཀྱིས་ལྔ་བཞིའི་ལས་འགུལ་ལངས་ནས་ལོ95འཁོར་བར་དྲན་གསོ་ཞུ་རྒྱུ་བྱུང་བར་ང་རང་ཧ་ཅང་དགའ་པོ་བྱུང་། ཐོག་མར་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་པེ་ཅིན་སློབ་ཆེན་གྱི་དགེ་སློབ་དང་ལས་བཟོ་ཡོངས་དང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་དང་གཞོན་ནུའི་ལས་དོན་པ་རྣམས་ལ་བླ་ན་མཐོ་བའི་གུས་འདུད་ཞུ་རྒྱུ་ཡིན།
འདི་ནི་ང་རང་ཀྲུང་དབྱང་ལ་ལས་ཀ་བྱེད་དུ་ཡོང་རྗེས་སུ་པེ་ཅིན་སློབ་ཆེན་ལ་ཡོང་ཐེངས་ལྔ་པ་ཡིན་པ་དང་། ཡོང་ཐེངས་རེ་རེར་ཉམས་ཚོར་མི་འདྲ་བ་རེ་སྐྱེས་ཡོང་གི་འདུག ལང་ཚོའི་དཔལ་འབར་བའི་སློབ་རྭའི་ནང་དུ་ཤར་མར་ཡོང་དུས་སེམས་རྩ་རབ་ཏུ་འཁོལ་ཡོང་གི་འདུག ངའི་ཚོར་སྣང་ལ་དེང་རབས་ཀྱི་སློབ་གྲྭ་ཆེན་མོ་བ་ནི་གཅེས་སུ་འོས་པ་དང་། བློ་འཁེལ་ཆོག་པ། རིན་ཐང་ཆེ་བ། དོན་གཉེར་ཆེ་བ་བཅས་རེད།
ལྔ་བཞིའི་ལས་འགུལ་ལས་རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག་བཅས་པའི་ལྔ་བཞིའི་སྙིང་སྟོབས་བྱུང་ནས། ཀྲུང་གོའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་ཡོལ་རས་ཕྱེ་བ་དང་། མར་ཁེ་སི་རིང་ལུགས་ཉིད་ཀྲུང་གོར་ཁྱབ་སྤེལ་ཡོང་བར་སྐུལ་འདེད་བཏང་ཡོད། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་རྒྱུར་སྐུལ་འདེད་བཏང་ཡོད། ལྔ་བཞིའི་ལས་འགུལ་གྱི་ཚུན་ལ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བློ་གསར་དོན་གཉེར་ཅན་མི་རབས་དང་མི་རབས་བསྟུད་ནས“ལང་ཚོ་འབར་བ་བདག་གིས་ལང་ཚོ་འབར་བའི་ཁྱིམ་ཚང་དང་། ལང་ཚོ་འབར་བའི་རྒྱལ་ཁབ། ལང་ཚོ་འབར་བའི་མི་རིགས། ལང་ཚོ་འབར་བའི་མིའི་རིགས། ལང་ཚོ་འབར་བའི་སའི་གོ་ལ། ལང་ཚོ་འབར་བའི་འཇིག་རྟེན་བཅས་གསར་སྐྲུན” བྱས་ཡོད་པ་དང། རྒྱལ་ཁབ་འཇིག་རྟེན་ལས་བསྐྱབས་ཏེ་ཀྲུང་ཧྭ་དར་རྒྱས་བཏང་བའི་ལོ་རྒྱུས་ཀྱི་རྦ་ཀློང་དྲག་པོའི་ནང་དུ་ལྷ་མིར་བཅས་པའི་དང་བ་འདྲེན་པའི་ལང་ཚོའི་དབྱངས་རྟ་བརྩམས་ཡོད།
པེ་ཅིན་སློབ་ཆེན་ནི་རིག་གནས་ཀྱི་ལས་འགུལ་གསར་བའི་ལྟེ་གནས་དང་ལྔ་བཞིའི་ལས་འགུལ་གྱི་འབྱུང་གནས་ཡིན་པས། གཟི་བརྗིད་ལྡན་པའི་ལོ་རྒྱུས་དུམ་བུ་དེའི་བདེན་པའི་དཔང་པོ་ཡིན། དུས་ཡུན་རིང་པོའི་ནང་དུ་པེ་ཅིན་སློབ་ཆེན་གྱི་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་མི་དམངས་དང་ལས་དབང་མཉམ་འཁུར་དང་། དུས་རབས་དང་སྤྱི་ཚོགས་དང་རྡོག་རྩ་གཅིག་སྒྲིལ་གྱིས་མདུན་སྐྱོད་བྱས་ཏེ། འཐབ་ཕྱོགས་གང་ཅིའི་ཐོག་རང་རྒྱལ་གྱི་གསར་བརྗེ་འཛུགས་སྐྲུན་བསྒྱུར་བཅོས་གསུམ་གྱི་བྱ་གཞག་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག “ལོ་བརྒྱ་གཉིས” ཀྱི་འབར་འཐབ་དམིགས་འབེན་བཏོན་ཡོད། ད་ལྟ་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དམིགས་ཡུལ་ལ་སླེབས་ཉེ་བ་དང་། ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་དམིགས་ཡུལ་དེ་མངོན་པར་སྒྲུབ་ཐུབ་པའི་གདེང་ཚོད་དང་ནུས་སྟོབས་ལྡན་པར་གྱུར་ཡོད་ཅེས་ངས་བཤད་མྱོང་ཡོད།
ལེ་དབར་བརྒྱ་ཡི་བཤུལ་ལམ་ལས། ། དགུ་བཅུ་བཅད་པ་ལམ་ཕྱེད་ཙམ་ཞེས་ཟེར་བ་ལྟར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་དམིགས་ཡུལ་ལ་ཇི་ཙམ་ཐག་ཉེ་རུ་ཕྱིན་ན་ང་ཚོས་དེ་ཙམ་གྱིས་རྣམ་གཡེང་དང་སྙོམ་ལས་བྱེད་མི་ཉན་པར་བརྩོན་པ་ལྷུར་ལེན་བྱེད་དགོས་ལ། དེ་ཙམ་གྱིས་རྒྱ་ཆེའི་གཞོན་ནུ་སྐུལ་སློང་བྱས་ཏེ་དེའི་དོན་དུ་འབད་འཐབ་བྱེད་དགོས།
དུས་ནི་རིམ་གྱིས་འདའ། ། སྣོད་བཅུད་སྐྱེ་བ་འཁོར་ཞེས་ཟེར་བ་ལྟར། དུས་ཀྱི་ཆུ་བོའི་འབབ་རྒྱུན་རིང་མོའི་ནང་དུ། མི་རབས་རིམ་བྱུང་གི་གཞོན་ནུ་ཚང་མར་རང་ཉིད་ཀྱི་གོ་སྐབས་དང་ལས་སྐལ་ཡོད་པས། ཚང་མས་རང་ཉིད་གནས་སའི་དུས་རབས་ཀྱི་ཆ་རྐྱེན་འོག་ཏུ་མི་ཚེའི་འཆར་འགོད་དང་ལོ་རྒྱུས་གསར་སྐྲུན་བྱེད་ཀྱི་ཡོད། གཞོན་ནུ་ནི་དུས་རབས་མཚོན་བྱེད་ཀྱི་ཚད་ཐིག་ལེན་ཆས་སྐྱེན་པོ་ཞིག་ཡིན་པ་དང་། དུས་རབས་ཀྱི་འགན་འཁྲི་ནི་གཞོན་ནུ་ལ་བཅོལ་ཡོད་ལ། དུས་རབས་ཀྱི་གཟི་བརྗིད་ནི་གཞོན་ནུའི་ཐོབ་སྐལ་རེད།
རྒྱ་ཆེའི་གཞོན་ནུ་ཚོའི་ལྔ་བཞིའི་ལས་འགུལ་གྱི་དྲན་གསོ་ཡག་ཤོས་ནི། ཏང་གི་འགོ་ཁྲིད་འོག་དུས་རབས་ཀྱི་ལམ་སྣར་སྐྱོད་པའི་མདུན་བདར་མཁན་དང་། གསར་གཏོད་མཁན། ལེགས་སྐྱེས་འབུལ་མཁན་བཅས་བྱེད་དགོས་པ་དང་། གཡོ་བ་མེད་པའི་དད་སེམས་དང་། ཕུལ་དུ་བྱུང་བའི་གཤིས་རྒྱུད། ཕུན་སུམ་ཚོགས་པའི་ཤེས་བྱ། མཐའ་ཆོད་པའི་འཇོན་ཐང་བཅས་ཀྱི་ཐོག་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ལྷན་དུ་ལོ་རྒྱུས་ཀྱི་འགན་ལྕི་ཕྲག་ཏུ་བླངས་ནས། ལྔ་བཞིའི་སྙིང་སྟོབས་ལ་དེ་བས་ཀྱང་རྣམ་པར་བཀྲ་བའི་དུས་རབས་ཀྱི་འོད་སྟོང་འཕྲོ་རུ་འཇུག་རྒྱུ་དེ་རེད།
སློབ་གྲོགས་རྣམ་པ་དང་དགེ་རྒན་རྣམ་པ་ཚོ།
སློབ་ཆེན་ནི་རིག་གཞུང་ཞིབ་འཇུག་དང་བདེན་ལུགས་འཚོལ་ཞིབ་བྱེད་གནས་ཡིན་པས། ངས་གོ་སྐབས་འདི་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་གནད་དོན་སྐོར་སློབ་གྲོགས་རྣམ་པ་དང་དགེ་རྒན་རྣམ་པ་ཚོར་བསམ་ཚུལ་སྤེལ་རེས་བྱེད་འདོད་ཡོད།
ངས་གནད་དོན་འདི་གླེང་བ་ནི་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏང་རྒྱུ་དྲན་ནས་སེམས་ལ་འཁོར་བྱུང་། ལྔ་བཞིའི་སྙིང་སྟོབས་ཀྱིས་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་ཉེ་རབས་ནས་བཟུང་དོན་གཉེར་བྱས་པའི་སྔོན་ཐོན་གྱི་རིན་ཐང་ལྟ་བ་མཚོན་ཡོད། རྒྱལ་གཅེས་དང་། ཡར་ཐོན དམངས་གཙོ། ཚན་རིག་བཅས་ནི་ང་ཚོས་དེང་སང་སྔར་བཞིན་རྒྱུན་འཁྱོངས་དང་ཉམས་ལེན་བྱེད་དགོས་པའི་ལྟེ་བའི་རིན་ཐང་ཡིན་པས། རྒྱ་ཆེའི་གཞོན་ནུ་ཚོས་རྒྱུན་འཁྱོངས་དང་ཉམས་ལེན་བྱེད་དགོས་པར་མ་ཟད་སྤྱི་ཚོགས་ཡོངས་ཀྱིས་ཀྱང་རྒྱུན་འཁྱོངས་དང་ཉམས་ལེན་བྱེད་དགོས།
མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གྱི་ལོ་རྒྱུས་ལ་གསལ་བཤད་བྱས་པར། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན། ཕུགས་རྒྱུན་རིང་ཤོས་དང་གཏིང་ཟབ་ཤོས་ཀྱི་སྟོབས་ཤུགས་ནི་སྤྱི་ཚོགས་ཡོངས་ཀྱིས་སྤྱི་མཐུན་དུ་ཁས་ལེན་པའི་ལྟེ་བའི་རིན་ཐང་ལྟ་བ་རེད། ལྟེ་བའི་རིན་ཐང་ལྟ་བའི་ནང་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་བསམ་པའི་དོན་གཉེར་ཐེག་ཡོད་པ་དང་། སྤྱི་ཚོགས་ཤིག་གི་བླང་དོར་གྱི་གནས་བརྟག་བྱེད་ཀྱི་རིན་ཐང་གི་ཚད་གཞིའང་མངོན་ཡོད།
གནའ་མིའི་གཏམ་ལ། “བསླབ་ཆེན་གྱི་ལུགས་ནི་རང་ཉིད་ཀྱི་མཛངས་སྤྱོད་གསལ་བར་བྱེད་པ་དང་། དེ་ནས་དམངས་ཀྱི་བློ་སྒོ་ཡང་ཡང་གསར་དུ་འབྱེད་པ། མཐར་སྨིན་རྫོགས་ཀྱི་གོ་འཕང་ལ་སྙེག་པའོ།” ལྟེ་བའི་རིན་ཐང་ལྟ་བ་ནི་དོན་དམ་དུ་ཀུན་སྤྱོད་ཅིག་ཡིན་པ་དང་། སྒེར་གྱི་ཀུན་སྤྱོད་ཡིན་ལ། སྤྱི་བའི་ཀུན་སྤྱོད་ཆེན་པོ་ཞིག་ཀྱང་ཡིན་པ་སྟེ། རྒྱལ་ཁབ་ཀྱི་ཀུན་སྤྱོད་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཡིན། རྒྱལ་ཁབ་ལ་ཀུན་སྤྱོད་མེད་ན་མི་དར། མི་ལ་ཀུན་སྤྱོད་མེད་ན་མི་ཚུགས། གལ་སྲིད་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ལ་སྤྱི་མཐུན་གྱི་ལྟེ་བའི་རིན་ཐང་ལྟ་བ་མེད་པར། བཟང་ངན་གྱི་ཤན་མ་ཕྱེད་ཅིང་སྤྱོད་པ་ལ་ཁུངས་མེད་པ་ཡིན་ཕྱིན། མི་རིགས་དང་རྒྱལ་ཁབ་དེ་ཉིད་མདུན་སྐྱོད་བྱེད་དུ་མེད། དེ་འདྲའི་གནས་ཚུལ་ནི་རང་རྒྱལ་གྱི་ལོ་རྒྱུས་དང་དེང་སང་གི་འཛམ་གླིང་དུ་བྱུང་དང་འབྱུང་བཞིན་པ་ཀུན་གྱི་མཐོང་ཆོས་ཡིན།
རང་རྒྱལ་ནི་མི་གྲངས་དུང་ཕྱུར13ལྷག་དང་མི་རིགས་56ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་དུ་ཁས་ལེན་པའི་རིན་ཐང་ལྟ་བ་མཚོན་པའི“སྤྱིའི་བགོ་གྲངས་ཆེ་ཤོས” གཏན་ལ་ཕབ་ནས། མི་དམངས་ཡོངས་རྫོགས་ཀྱིས་བློ་ཁ་གཅིག་གཏད་ཀྱིས་འབད་འཐབ་ཡར་བརྩོན་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ལས་དབང་དང་མི་དམངས་ཀྱི་བདེ་སྐྱིད་ལ་འབྲེལ་ཡོད།
དུས་རབས་རེ་རེར་དུས་རབས་དེ་ཉིད་ཀྱི་སྙིང་སྟོབས་ཡོད་པ་དང་། དུས་རབས་རེ་རེར་དུས་རབས་དེ་ཉིད་ཀྱི་རིན་ཐང་ལྟ་བ་ཡོད། རྒྱལ་ཁབ་ལ་རྩ་བའི་ལུགས་བཞི་ཡོད་དེ། གུས་ལུགས་དང་། དྲང་ལུགས་དང་། སྤྱོད་ལུགས་དང་། ཁྲེལ་ལུགས་བཅས་ཡིན་ལ། “ལུགས་བཞི་མ་འདྲོངས་ན་རྒྱལ་ཁབ་འཇིག་པར་འགྱུར”འདི་ནི་ཀྲུང་གོའི་སྔོན་རབས་པས་སྐབས་དེ་དུས་ཀྱི་ལྟེ་བའི་རིན་ཐང་སྐོར་གྱི་ངོས་ཟིན་ཡིན། དེང་རབས་ཀྱི་ཀྲུང་གོར་ང་ཚོའི་མི་རིགས་དང་ང་ཚོའི་རྒྱལ་ཁབ་ཀྱིས་ལྟེ་བའི་རིན་ཐང་ལྟ་བ་གང་འདྲ་ཞིག་འཛིན་དགོས་ཞེ་ན། གནད་དོན་འདི་ནི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་ཞིག་ཡིན་ལ། ལག་ལེན་གྱི་གནད་དོན་ཞིག་ཀྱང་ཡིན། བསམ་འཆར་ཡང་ཡང་བསྡུ་ལེན་བྱས་པ་བརྒྱུད་དེ་ཕྱོགས་གང་ཅིའི་ངོས་ཟིན་ཕྱོགས་བསྡུས་བྱས་མཐར། ང་ཚོས་འབྱོར་ཕྱུག་དང་། དམངས་གཙོ། ཚུལ་ལྡན། ཞི་མཐུན་བཅས་སྤེལ་རྒྱུ་དང་། རང་དབང་དང་། འདྲ་མཉམ། དྲང་སྙོམ། ཁྲིམས་སྐྱོང་བཅས་སྤེལ་རྒྱུ། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་བཅས་སྤེལ་རྒྱུ་བཏོན་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ཉམས་ལེན་ཧུར་ཐག་བྱེད་བཞིན་ཡོད། འབྱོར་ཕྱུག་དང་། དམངས་གཙོ། ཚུལ་ལྡན། ཞི་མཐུན་བཞི་ནི་རྒྱལ་ཁབ་ངོས་ཀྱི་རིན་ཐང་གི་བླང་བྱ་ཡིན་པ་དང་། རང་དབང་དང་། འདྲ་མཉམ། དྲང་སྙོམ། ཁྲིམས་སྐྱོང་བཞི་ནི་སྤྱི་ཚོགས་ངོས་ཀྱི་རིན་ཐང་གི་བླང་བྱ་ཡིན་ལ། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་བཞི་ནི་སྤྱི་དམངས་ངོས་ཀྱི་རིན་ཐང་གི་བླང་བྱ་ཡིན། མདོ་དོན་འདིས་དོན་དམ་དུ་ང་ཚོས་རྒྱལ་ཁབ་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། སྤྱི་ཚོགས་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ། སྤྱི་དམངས་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ་བཅས་ཀྱི་གནད་དོན་གལ་ཆེན་པོར་དྲིས་ལན་བཏབ་ཡོད།
ཀྲུང་གོའི་གནའ་རབས་སུ། ཆོས་ཉིད་བརྟག་ནས་ཤེས་བྱ་ལེན་པ་དང་། དྲང་བའི་སེམས་ཀྱིས་ལྷག་བསམ་སྐྱེད་པ། ལུས་སེམས་སྦྱངས་ནས་ཁྱིམ་གཞི་སྐྱོང་བ། རྒྱལ་ཁབ་བསྐྱངས་ནས་ས་སྟེང་བདེ་ལ་འགོད་པ་ཅེས་པའི་བསླབ་བྱ་མཐའ་གཅིག་ཏུ་འཛིན་པ་རེད། ལྟ་ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན། ཆོས་ཉིད་བརྟག་ནས་ཤེས་བྱ་ལེན་པ་དང་། དྲང་བའི་སེམས་ཀྱིས་ལྷག་བསམ་སྐྱེད་པ། ལུས་སེམས་སྦྱོང་བ་བཅས་ནི་སྒེར་ངོས་ཀྱི་བླང་བྱ་དང་། ཁྱིམ་གཞི་སྐྱོང་བ་ནི་སྤྱི་ཚོགས་ངོས་ཀྱི་བླང་བྱ། རྒྱལ་ཁབ་བསྐྱངས་ནས་ས་སྟེང་བདེ་ལ་འགོད་པ་ནི་རྒྱལ་ཁབ་ངོས་ཀྱི་བླང་བྱ་བཅས་རེད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བཏོན་ནས། རྒྱལ་ཁབ་དང་སྤྱི་ཚོགས་དང་སྤྱི་དམངས་གསུམ་གྱི་རིན་ཐང་གི་བླང་བྱ་གཞི་གཅིག་ཏུ་བསྡེབས་པ་དེས། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་སྟེང་གི་བླང་བྱ་མཚོན་ཡོད་པ་དང་། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་ཡོད་པས་མི་ཚད། ད་དུང་འཛམ་གླིང་ཤེས་དཔལ་གྱི་དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱང་བསྡུ་ལེན་བྱས་ཡོད་པས། དེས་དུས་རབས་ཀྱི་སྙིང་སྟོབས་མཚོན་ཡོད། །
འབྱོར་ཕྱུག་དང་། དམངས་གཙོ། ཚུལ་ལྡན། ཞི་མཐུན་བཞི་དང་། རང་དབང་དང་། འདྲ་མཉམ། དྲང་སྙོམ། ཁྲིམས་སྐྱོང་བཞི། རྒྱལ་གཅེས་དང་། ལས་བཀུར། ཡིད་རྟོན། མཛའ་མཐུན་བཞི་བཅས་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྐྱེན་རྒྱུན་འཛིན་བྱས་ཡོད་པ་དང་། དེར་ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱིས་བར་མེད་འཚོལ་སྙེག་བྱས་པ་དང་དཀའ་བརྒྱ་སྤྱད་ཅིང་ཁག་བརྒྱ་སེལ་ནས་བསྐྱེད་པའི་ཕུགས་བསམ་དང་དད་སེམས་བཅོལ་ཡོད་ལ། ང་ཚོ་མི་ཚང་མའི་འདུན་བཟང་ཡང་མཚོན་ཡོད། ང་ཚོས་སྤྱི་ཚོགས་ཡོངས་སུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོར་བསྐྱེད་དེ། མི་དམངས་ཡོངས་དང་དཔུང་པ་མཉམ་གཤིབ་ཀྱིས་ལྷོད་པ་མེད་པར་འབད་བརྩོན་བྱས་ཐོག ང་ཚོའི་རྒྱལ་ཁབ་ཉིད་སྔར་བས་འབྱོར་ཕྱུག་མངའ་ཐང་རྒྱས་པ་དང་། སྔར་བས་དམངས་གཙོ་ལྡན་པ། སྔར་བས་ཤེས་དཔལ་ལྡན་པ། སྔར་བས་ཞི་མཐུན་ཡོད་པ། སྔར་བས་མཛེས་སྡུག་ལྡན་པ་བཅས་སུ་འཛུགས་སྐྲུན་བྱེད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཉིད་སྔར་བས་གདེང་ཚོད་ཀྱིས་ཁེངས་པ་དང་། སྔར་བས་རང་སྟོབས་སྐྱེད་པའི་སྒོ་ནས་འཛམ་གླིང་མི་རིགས་ཀྱི་ཀློང་དུ་འགྱིངས་ངེར་ལངས་ཐུབ་པ་བྱེད་དགོས། །
འབྱོར་ཕྱུག་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཉལ་ཐའི་དམག་འཁྲུག་ནས་བཟུང་གི་ཀྲུང་གོའི་མི་དམངས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཆེས་མཐོའི་ཁེ་ཕན་གྱི་གནས་ས་དང་གཞི་རྩའི་ཁེ་ཕན་གྱི་གནས་ས་ཡིན། ད་ལྟ་ང་ཚོ་མི་འབོར་དུང་ཕྱུར13ལྷག་གི་འབད་བརྩོན་ཡོད་ཚད་མཐར་གཏུགས་ན་རླབས་ཆེན་གྱི་དམིགས་འབེན་འདི་འགྲུབ་པའི་ཆེད་དུ་ཡིན། ཀྲུང་གོ་ཉིད་སྔོན་ཆད་འཛམ་གླིང་སྟེང་གི་དཔལ་འབྱོར་སྟོབས་ལྡན་རྒྱལ་ཁབ་ཆགས་མྱོང་ཡོད་མོད་ཀྱང་། ཕྱིས་སུ་འཛམ་གླིང་གི་བཟོ་ལས་གསར་བརྗེ་དབྱར་མཚོ་ལྟར་རྒྱས་པ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕོ་འགྱུར་གཏིང་ཟབ་མོ་བྱུང་བའི་དུས་སྐབས་སུ། ཀྲུང་གོར་འཛམ་གླིང་དང་མཉམ་དུ་གོང་འཕེལ་ཡར་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་གོ་སྐབས་ཤོར་ནས། གཞན་གྱི་དབང་འོག་ཏུ་ཚུད་དེ་ཉེས་རྡུང་མྱོང་དགོས་པའི་གནས་སུ་ལྷུང་བ་རེད། ལྷག་པར་དུ་ཉལ་ཐའི་དམག་འཁྲུག་གི་རྗེས་སུ། ཀྲུང་ཧྭ་མི་རིགས་ཉིད་དེ་བས་ཀྱང་འཁོས་ཆུང་ཉམས་ཞན་གྱི་གནས་སུ་ལྷུང་ནས་བཙན་པོའི་བརྙས་ཡུལ་དུ་གྱུར་པ་རེད། ལོ་རྒྱུས་ཀྱི་སྐྱོ་གར་འདི་ཡང་བསྐྱར་འཁྲབ་ག་ལ་རུང་ངམ། འབྱོར་ཕྱུག་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོའི་དམིགས་འབེན་ཡིན་ལ་ང་ཚོའི་འགན་འཁྲི་ཡང་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ལ་འཁུར་བའི་འགན་འཁྲི་ཡིན་ལ། སྔོན་བྱོན་པར་འཁུར་བའི་འགན་འཁྲི་དང་ཕྱི་རབས་པར་འཁུར་བའི་འགན་འཁྲི་ཡང་ཡིན། ང་ཚོས་འཐབ་ཇུས་ངོས་ཀྱི་ཚུགས་ཤུགས་དང་འགྱུར་མེད་དད་སེམས་བཅངས་ནས་རང་ཉིད་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་སྐྱོད་དགོས་པ་དང་། རང་ཉིད་ཀྱི་དམིགས་ཡུལ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། །
ཀྲུང་གོ་ཉིད་དར་རྒྱས་བྱུང་ཡོད་ལ། ང་ཚོས་“རྒྱལ་ཁབ་དར་ན་བཙན་ངེས་”ཞེས་པའི་གཏན་ཚིགས་ཁས་མི་ལེན་པར་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་རྒྱུ་ཡིན་མོད། འོན་ཀྱང་ཀྲུང་ཧྭ་མི་རིགས་ལ་མི་རིགས་གཞན་པས་གང་འདོད་ཀྱིས་བརྙས་བཅོས་བྱེད་པའི་དུས་སྐབས་ནི་ལྡོག་པ་མེད་པར་རྫོགས་ཟིན་པ་རེད། ང་ཚོར་གདེང་ཚོད་དེ་ལྟ་བུ་ཡོད་དོན་གང་ཡིན་ཞེ་ན། ང་ཚོའི་རྒྱལ་ཁབ་དར་རྒྱས་བྱུང་ཡོད་པས་རེད། ད་ལྟ། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་དང་རྒྱལ་སྤྱིར་ཤུགས་རྐྱེན་གཏོང་ཤུགས་བསྟུད་མར་ཆེ་རུ་ཕྱིན་ཡོད་པ་དེ་ནི། ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་ལོ་ངོ་བརྒྱ་ཕྲག་གི་འབད་བརྩོན་ལ་བརྟེན་ནས་ཐོབ་པའི་བརྩི་བཀུར་རེད། ཉེ་རབས་ནས་བཟུང་ཀྲུང་གོའི་རང་དབང་དང་རྒྱལ་ཁབ་ཀྱི་ལ་རྒྱ་ཤོར་ཚུལ་དང་། ཕྱི་རྒྱལ་བས་ཀྲུང་གོར་དབང་ཡོད་བཙན་ཤེད་སྤྱོད་པའི་ཉམ་ངའི་ལོ་རྒྱུས་དྲན་ཚེ། བསྡུར་བ་གསལ་པོ་ཞིག་ཆགས་ཡོད་ཨང་། །
ཀྲུང་ཧྭའི་ཤེས་དཔལ་ཉིད་ལོ་ངོ་སྟོང་ཕྲག་འགར་ཤར་མར་དར་བ་དེར་གཞན་དང་མ་འདྲ་བའི་རིན་ཐང་གི་མ་ལག་ཅིག་ལྡན་ཡོད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྐྱེན་ཆགས་ཟིན་པས། ཀྲུང་གོ་བའི་སེམས་ལ་རྩ་བ་ཚུགས་ཡོད་པ་དང་། ཀྲུང་གོ་བའི་བསམ་བློ་གཏོང་སྟངས་དང་བྱ་བ་སྤྱོད་སྟངས་ལ་ངང་ངམ་ཤུགས་ཀྱིས་ཤུགས་རྐྱེན་གཏོང་གི་ཡོད། དེང་སང་ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་ལ་ངེས་པར་དུ་རིག་གནས་དེ་ལས་གསོ་བཅུད་ཕུན་ཚོགས་ལེན་དགོས་ལ། དེ་ལྟར་མ་བྱས་ཚེ་སྐྱེ་སྟོབས་དང་འཕེལ་སྟོབས་ཡོད་མི་སྲིད། དཔེར་ན། ཀྲུང་ཧཱའི་རིག་གནས་ནང“འབངས་ནི་རྒྱལ་ཁབ་ཀྱི་གཞི་མ་ཡིན་” ཞེས་པ་དང་། “རང་བྱུང་གི་ཆོས་དང་མི་ཆོས་གཞི་མཐུན་པ” ཞེས་པ། “བསྟུན་མཁས་ཀྱང་གཞན་རྗེས་མི་འབྲང་བ” ཞེས་པ་གཙིགས་སུ་འཛིན་པ་དང་། “རྒྱུ་སྐར་ཚོགས་རྣམས་ཡོ་གཟུར་མེད་པ་བཞིན། །མཁས་པས་ནམ་ཡང་རང་སྟོབས་བསྐྱེད་པར་བྱ”ཞེས་པ་དང་། “རྒྱ་ཆེན་མཛད་པ་སྐྱོང་བའི་ཚེ། །ས་སྟེང་ཐམས་ཅད་སྤྱི་སྐལ་ཡིན”ཞེས་པ་བཅས་གཙིགས་སུ་འཛིན་པ།། རྒྱལ་ཁམས་དར་དང་རྒུད་པ་གང་། །འབངས་མི་སེར་ལའང་འཁུར་སྐལ་ཡོད”ཅེས་པ་གཙིགས་སུ་འཛིན་པ། སྤྱོད་བཟང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་དང་། རིག་གནས་ལ་བརྟེན་ནས་འདུལ་སྦྱོང་བྱེད་པའི་ལྟ་བ་འཛིན་པ། །“ མཁས་པས་ལུགས་ངོ་ཤེས་” ཞེས་པ་དང་། །“ མཁས་པའི་བློ་ནི་དཀྱེལ་པོ་ཆེ་”ཞེས་པ།།“དམ་པས་ཚུལ་ལུགས་ངོ་བོར་འཛིན་”ཞེས་པ་བཅས་གཙིགས་སུ་འཛིན་པ། །“ཁ་དན་ཚིག་ལ་གནས་དགོས། །བསྒྲུབ་པ་དོན་དང་ལྡན་དགོས”ཞེས་པ་དང་། །“ཁ་དན་ཚིག་ལ་མ་གནས་པ། །དེ་ལ་གཏམ་ཞེས་ཇི་ལྟར་གདགས” ཞེས་པ་གཙིགས་སུ་འཛིན་པ། །“ བཟང་སྤྱོད་ཅན་ལ་གྲོགས་པོ་མགྲོན་དུ་འཁོར་” ཞེས་པ་དང་། །“ སྙིང་རྗེ་ཅན་གྱིས་མི་ལ་བྱམས་” ཞེས་པ།“ དགེ་བའི་སེམས་ཀྱིས་མི་ལ་འགྲོགས་” ཞེས་པ། །“ གང་ཞིག་བདག་གིས་མི་འདོད་པ། །དེ་ཉིད་གཞན་ལ་སྤྱད་མི་བྱ” ཞེས་པ། །“ འགྲོ་བའི་ལམ་གྲོགས་དང་སྡོད་པའི་སོ་གྲོགས་བྱེད་”ཅེས་པ་དང་། །“ རང་གི་རྒན་ལ་བཀུར་བ་བཞིན། །གཞན་གྱི་རྒན་ལའང་བཀུར་བར་བྱ། །རང་གི་བུ་ལ་བྱམས་པ་བཞིན། །གཞན་གྱི་བུ་ལའང་བྱམས་པར་བྱ”ཞེས་པ།“དབུལ་སྐྱོབ་མུག་གསོ་བྱེད་པ་གཅེས་” ཞེས་པ། །“ ཉུང་ན་མི་སྐྱོན་མི་སྙོམ་པ་སྐྱོན་”ཞེས་པ་བཅས་གཙིགས་སུ་འཛིན་པ་སོགས་ལྟ་བུ་ཡིན། འདི་དང་འདི་ལ་སོགས་པའི་བསམ་བློ་དང་ལྟ་བ་ནི་འདས་དང་ད་ལྟ་ཀུན་ཏུ་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ཅན་ཡིན་པ་དང་། ཀུན་ལ་རྟག་བརྟན་གྱི་དུས་རབས་སྙིང་སྟོབས་ལྡན་ཡོད། བསམ་བློ་དང་ལྟ་བ་དེ་དག་ནི་དུས་ཀྱི་འགྲོས་དང་བསྟུན་ནས་བསྟུད་མར་དུས་བསྟུན་མདུན་སྐྱོད་ཡོང་བ་ཡིན་ལ། རང་ངོས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་ཆགས་རང་བཞིན་ཡང་ལྡན་ཡོད། ང་ཚོས་ཀྲུང་གོ་བའི་སྐྱེ་བ་བླངས་པ་ལ། གཞི་རྩ་ནི་ང་ཚོར་ཀྲུང་གོ་བའི་ཐུན་མོང་མ་ཡིན་པའི་བསམ་པའི་ཞིང་ཁམས་མངའ་ཡོད་པ་དང་། མི་སེར་རྣམས་ཀྱིས་ཉིན་གྱི་ཟས་དང་མཚན་གྱི་གཉིད་ལྟར་སྤྱད་ཀྱང་བཏང་སྙོམས་སུ་ལུས་ཡོད་པའི་རིན་ཐང་ལྟ་བ་ལྡན་པ་དེ་ཡིན། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དེས་ཀྲུང་གོའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ་སྒོ་ཀུན་ནས་མཚོན་ཡོད། །
རིན་ཐང་ལྟ་བ་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་དང་སྤྱི་ཚོགས་ལ་ངོས་འཛིན་དང་སྒྱུར་བཀོད་བྱེད་པའི་གོ་རིམ་ནང་དུ་བྱུང་བ་དང་ནུས་པ་ཐོན་པ་ཞིག་ཡིན། མི་རིགས་མི་གཅིག་པ་ཁག་དང་རྒྱལ་ཁབ་མི་གཅིག་པ་ཁག་ནི་དེ་དག་གི་རང་བྱུང་ཆ་རྐྱེན་དང་གོང་འཕེལ་བརྒྱུད་རིམ་མི་གཅིག་པའི་དབང་གིས་དེ་དག་སོ་སོའི་ལྟེ་བའི་རིན་ཐང་ལྟ་བ་ལ་ཡང་ཁྱད་ཆོས་བྱེ་བྲག་པ་ལྡན་ཡོད། མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་གི་ལྟེ་བའི་རིན་ཐང་ལྟ་བ་ནི་མི་རིགས་དེ་དང་རྒྱལ་ཁབ་དེའི་ལོ་རྒྱུས་རིག་གནས་དང་མཐུན་དགོས་པ་དང་། མི་རིགས་དེ་དང་རྒྱལ་ཁབ་དེའི་མི་དམངས་ཀྱིས་སྤེལ་བཞིན་པའི་འབད་བྱ་བརྩོན་བྱ་དང་ཟུང་འབྲེལ་བྱེད་དགོས་ལ། མི་རིགས་དེ་དང་རྒྱལ་ཁབ་དེས་ཐག་གཅོད་བྱེད་དགོས་པའི་དུས་རབས་ཀྱི་གནད་དོན་དང་མཐུན་དགོས། འཛམ་གླིང་སྟེང་ན་ཡོངས་སུ་འདྲ་བའི་ལོ་མ་ཆ་གཅིག་ཀྱང་ཡོད་མི་སྲིད། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་ཆ་བཞག་ན། ངེས་པར་དུ་རང་གིས་རང་ངོ་ཤེས་པ་དང་། གང་ནས་བྱུང་ཞིང་གང་ལ་འགྲོ་དགོས་པ་ཤེས་དགོས། གསལ་པོར་ཤེས་ལ་འཁྲུལ་མེད་ཤེས་པར་བྱས་རྗེས། བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྱོགས་དེ་དེད་ནས་མདུན་སྐྱོད་བྱེད་དགོས།
ན་ནིང་གི་ཟླ་12ཚེས་26ཉིན་ལ། བློ་མཐུན་མའོ་ཙེ་ཏུང་འཁྲུངས་ནས་ལོ་ངོ་120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་ངས་འདི་འདྲ་ཞིག་བཤད་མྱོང་ཡོད། སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ960ཡི་ས་གཞི་རྒྱ་ཆེན་པོའི་སྟེང་དུ་ལངས་ནས། ཀྲུང་ཧྭ་མི་རིགས་ཀྱིས་ཡུན་རིང་འབད་འཐབ་བྱས་ནས་གསོག་འཇོག་བྱས་པའི་རིག་གནས་ཀྱི་གསོ་བཅུད་ལ་རོལ་བ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་13ཀྱིས་འགྲིལ་བའི་སྟོབས་མངའ་བས་ན། ང་ཚོར་རང་ལམ་རང་གིས་བསྐྱོད་པར་གར་སྟེགས་རྒྱ་ཆེན་པོ་ཡོད་པ་དང་། ལོ་རྒྱུས་ཀྱི་བསགས་ནོར་འགྲན་ཟླ་བྲལ་བ་ཡོད་ཅིང་། མདུན་སྐྱོད་ཀྱི་ཚུགས་ཤུགས་གཞན་དྲིང་མི་འཇོག་པ་ཡོད། ཀྲུང་གོའི་མི་དམངས་ལ་དེ་ལྟ་བུའི་གདེང་ཚོད་ཡོད་དགོས་པ་དང་། ཀྲུང་གོ་བ་རེ་རེ་ཚང་མར་དེ་ལྟ་བུའི་གདེང་ཚོད་ཡོད་དགོས། ང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་བསྐྲུན་པའི་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་ཁེངས་པ་བསྐྱུངས་ནས་སློབ་སྦྱོང་དང་མིག་དཔེ་བྱེད་དགོས་པ་ལོས་ཡིན་མོད། འོན་ཀྱང་རང་རྒྱུད་བརྗེད་ཅིང་རང་ལུགས་དོར་ནས་རྒྱལ་ཁབ་གཞན་པའི་གོང་འཕེལ་གྱི་དཔེ་སྲོལ་འདྲ་བཤུ་བྱེད་མི་ཉན་ལ། ཕྱིའི་རྒྱལ་ཁབ་གང་རུང་གིས་ཉམས་ཆེན་པོས་གདམས་ངག་བཤད་རིགས་ནི་ང་ཚོས་གཏན་ནས་ཁས་ལེན་བྱེད་མི་སྲིད།
ངས་སྐད་ཆ་འདི་བཤད་དོན་ནི། ང་ཚོའི་དམིགས་འབེན་མངོན་འགྱུར་དང་། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ན་ངེས་པར་དུ་བགྲོད་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཆེ་རུ་བསྐྱེད་དེ། “འཇིགས་པ་ཀུན་གྱིས་མི་གནོན་པས། །ཕྱོགས་ཀྱི་རླུང་ནག་བཏང་སྙོམས་འཇོག་” ཟེར་བ་ཞིག་ཡོད་དགོས་པ་དེ་ཡིན། “གདེང་ཚོད་གསུམ་པོ་” འདི་ནི་ང་ཚོས་ལྟེ་བའི་རིན་ཐང་ལྟ་བར་ངེས་པ་བརྙེད་པར་བརྟེན་ནས་འདེགས་སྐྱོར་བྱེད་དགོས་ཀྱི་ཡོད།
ང་ཚོས་གཞོན་ནུ་ཚོར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཞེས་པའི་གནད་དོན་འདི་བཤད་དགོས་དོན་གང་ཡིན་ཟེར་ན། རྒྱུ་མཚན་ནི་གཞོན་ནུའི་རིན་ཐང་འཛིན་ཕྱོགས་ཀྱིས་མ་འོངས་པའི་སྤྱི་ཚོགས་ཀྱི་རིན་ཐང་འཛིན་ཕྱོགས་ཐག་གཅོད་ཀྱི་ཡོད་པ་དང་། དེ་བཞིན་དུ་གཞོན་ནུ་ནི་རིན་ཐང་ལྟ་བ་ཆགས་པའི་སྒང་ཡིན་ཙ་ན། དུས་སྐབས་འདིའི་རིན་ཐང་ལྟ་བའི་སྦྱོང་གོམས་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། དེ་ནི་གོས་ཀྱི་སྒྲོག་གུ་སྒྲོག་པ་ནང་བཞིན་ཏེ། གལ་སྲིད་སྒྲོག་གུ་གཅིག་སྒྲོག་ནོར་ཐེབས་པ་ཡིན་ན། དེ་འཕྲོས་སྒྲོག་གུ་ཡང་ཚང་མ་སྒྲོག་ནོར་མ་ཐེབས་རང་ཐེབས་ཡིན་པ་ལྟ་བུ་རེད། དེ་བས་མི་ཚེའི་སྒྲོག་གུ་ནི་ཐོག་མ་ཉིད་ནས་འགྲིག་པོར་སྒྲོག་དགོས། “ཁྲོན་པ་འདྲུ་བ་ལ། ཐོག་མར་ས་དོང་ཚུན་གསུམ་ནས་སྔོག་འགོ་རྩོམ་དགོས་པ་དང་། དེ་ནས་གཏིང་མཐའ་མེད་པར་གཏུགས་དགོས”ཞེས་ཟེར་སྲོལ་ཡོད། གཞོན་ནུ་ཚོས་ད་ལྟ་ཉིད་ནས་འགོ་རྩོམ་པ་དང་། རང་ཉིད་ཀྱི་ཐོག་ནས་འགོ་རྩོམ་དགོས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་རང་ཉིད་ཀྱི་གཞི་རྩའི་བསྲུང་བྱ་ཆགས་པར་བྱེད་དགོས་པས་མི་ཚད། བྱ་བ་སྤྱོད་ལམ་གྱི་ཐོག་ནས་སྤྱི་ཚོགས་ཡོངས་སུ་ཁྱབ་སྤེལ་བྱེད་དགོས། །
རྒྱ་ཆེའི་གཞོན་ནུ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་པར། གཤམ་གསལ་གྱི་ཕྱོགས་འགའ་ནས་བརྩོན་འགྲུས་བྱེད་དགོས་པ་སྟེ།
གཅིག་ནི་སློབ་སྦྱོང་ལ་བརྩོན་པ་སྤྱད་དེ། དཀའ་སྤྱད་སྡུག་རུས་བྱེད་དགོས་པ་དང་། ཡོན་ཏན་རྣལ་མ་སྦྱོང་དགོས། ཤེས་བྱ་ཡོན་ཏན་ནི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་པའི་རྨང་གཞི་གལ་ཆེན་ཡིན། གནའ་བོའི་ཀེ་རི་སིའི་མཚན་ཉིད་རིག་པ་སྨྲ་བའི་གསུང་སྒྲོས་ལས། ཤེས་བྱ་ནི་སྤྱོད་བཟང་ངོ་ཞེས་དང་རང་རྒྱལ་གྱི་གནའ་མིའི་གཏམ་དཔེར་ཡང་“སྦྱང་བ་མེད་ན་ཡོན་ཏན་མི་རྒྱས། །བརྩོན་པ་མེད་ན་ཤེས་མཐའ་མི་ཆོད ” ཅེས་ཟེར་སྲོལ་ཡོད། སློབ་གྲྭ་ཆེན་མོའི་རིང་གི་ལང་ཚོའི་དཔལ་ཡོན་ནི་མི་ཚེ་གཅིག་ལ་ཐེངས་གཅིག་མ་གཏོགས་མེད་པས་གཅེས་སྤྲས་བྱེད་དགོས། སློབ་གཉེར་གྱི་གནད་ནི་བརྩོན་འགྲུས་དང་བརྟག་དཔྱད་དང་རྒྱུན་གཏན་བཅས་ཡིན། སྐུ་ཞབས་ལུའུ་ཞུན་གྱིས “ལྷན་སྐྱེས་ཀྱི་ཡོན་ཏན་ཅན་ཟེར་བ་ཞིག་གང་ན་ཡོད་དམ། ཁོ་བོས་ནི་མི་གཞན་གྱིས་ཁ་ཧྥེ་འཐུང་བའི་དུས་ཚོད་ཚང་མ་ལས་ཀའི་སྟེང་དུ་སྤྱོད་ཀྱི་ཡོད།” སློབ་ཆེན་གྱི་དུས་སྐབས་ནི་“སློབ་གྲོགས་ལང་ཚོ་དར་བབས་ཚེ། །བསམ་རྒྱ་ཆེ་ཞིང་བློ་རིག་རྒྱས ”ཞེས་གསུངས་པ་ལྟར། དགེ་རྒན་གྱི་སློབ་སྟོན་ཡོད་པ་དང་། སློབ་གྲོགས་ཚོའི་རྩོད་གླེང་ཡོད་པ། གཙུག་ལག་རྒྱ་མཚོ་ལྟ་བུའི་སྣེ་ཤན་ཡོད་པས་ན། བསམ་པ་གཞན་ལ་མི་གཡེང་བར་ཤེས་བྱ་ཡོན་ཏན་གྱི་སྦྱང་བར་བརྩོན་དགོས། ད་ལྟ་སློབ་སྦྱོང་ལ་འབད་བརྩོན་མི་བྱེད་ན་ནམ་འབད་བརྩོན་བྱེད་དམ། དེ་བས་རིག་པའི་གནས་ལ་འབད་འབུངས་བྱས་ཏེ། སྦྱངས་ཐོབ་ཀྱི་ཤེས་བྱ་དེ་རྒྱུད་ལ་འབྱོར་བར་བྱས་ཏེ་རང་ལྟ་འགྲུབ་དགོས་པ་དང་། རིག་པའི་གནས་ཀུན་ལ་འཇུག་དགོས་པས་མི་ཚད། ད་དུང་རྒྱལ་ཁབ་ལ་སེམས་འཁུར་དང་། མི་དམངས་ལ་སེམས་འཁུར། འཛམ་གླིང་ལ་སེམས་འཁུར་བཅས་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ལེན་བྱེད་ཤེས་དགོས།
གཉིས་ནས་སྤྱོད་ལམ་གསོ་སྦྱོང་བྱས་ཏེ། ཀུན་སྤྱོད་ཀྱི་སྦྱངས་གོམས་ལ་ཤུགས་སྣོན་དང་ཀུན་སྤྱོད་ཀྱི་ཉམས་ལེན་ལ་མཐོང་ཆེན་བྱེད་དགོས། “ཀུན་སྤྱོད་ཀུན་གྱི་གཞི་མ་ཡིན་”ཟེར་བ་དང་། སྐུ་ཞབས་ཚའེ་ཡོན་ཕའེ་ཡིས “ཀུན་སྤྱོད་མེད་ན་ལུས་སྟོབས་དར་ཞིང་བློ་རིག་རྒྱས་ཀྱང་སྡིག་གི་གྲོགས་སུ་ཟད་”ཅེས་གསུངས་པ་ལྟར། ཀུན་སྤྱོད་ནི་མི་སྒེར་དང་སྤྱི་ཚོགས་ལ་ཆ་བཞག་ནས་བཤད་ན། མཐའ་གཅིག་ཏུ་རྨང་གཞིའི་རང་བཞིན་གྱི་དོན་སྙིང་ལྡན་ཡོད་པ་དང་། མི་ཆོས་དང་བྱ་བ་གང་རྩོམ་ཡང་གནད་དང་པོ་ནི་ཀུན་སྤྱོད་གསོ་སྦྱོང་བྱ་རྒྱུ་དེ་ཡིན། འདི་ནི་ང་ཚོའི་མི་བཀོལ་སྤྱོད་བྱེད་པའི་ཚད་གཞི་དེ་སྤྱོད་ཡོན་གཉིས་ལྡན་ལས་ཀུན་སྤྱོད་ཨང་དང་པོར་འཇོག་པའི་རྒྱུ་མཚན་ཡིན་ཏེ། ཀུན་སྤྱོད་ནི་གཙོ་བོ་ཡིན་ལ་ཁ་ཕྱོགས་ཡིན་པ་དང་། སྐྱེ་བོ་གང་ཡང་སྤྱོད་ལམ་ཤེས་པ་དང་། ཀུན་སྤྱོད་སྲུང་བ། རང་སྤྱོད་ལ་གཟབ་ནན་བཅས་ཡིན་ན་གཞི་ནས་རང་གི་ཡོན་ཏན་ལ་སྤྱད་ཡུལ་ཡོད། ཀུན་སྤྱོད་གསོ་སྦྱོང་བྱེད་ན་རིང་ས་མཐོ་ས་ནས་འཛིན་དགོས་པར་མ་ཟད། ཐ་མལ་ཕལ་བ་ཡང་འཛིན་དགོས། མེས་རྒྱལ་ལ་དྲིན་གཟོ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ནི་ཀུན་སྤྱོད་ཆེན་པོ་ཡིན་པ་དང་། ཀུན་སྤྱོད་ཆེན་པོ་གསོ་སྦྱོང་བྱེད་མཁན་ཡིན་ན་གཞི་ནས་དོན་བྱ་ཆེན་པོ་འགྲུབ་ཐུབ། དེ་དང་ལྷན་དུ་དོན་དག་ཕྲ་ཆུང་ཡག་པོར་བསྒྲུབ་རྒྱུ་དང་། སྤྱོད་པ་ཙག་ཙིག་ཡག་པོ་གཅུན་རྒྱུ་ནས་འགོ་བརྩམས་ཏེ། “དགེ་བའི་ཕྱི་རྗེས་འབྲངས་དགོས་ལ་སྡིག་གི་རྔ་མ་གཅོད་དགོས་”ཟེར་བ་ལྟར། སེམས་པ་རྣལ་དུ་ཕབ་ནས་སྤྱི་སྒེར་གྱི་ཀུན་སྤྱོད་གསོ་སྦྱོང་ཡག་པོ་བྱེད་དགོས་པ་དང་། ངལ་རྩོལ་བྱེད་ཤེས་པ་དང་། བསྲི་ཚགས་བྱེད་ཤེས་པ། དྲིན་ལན་གཟོ་ཤེས་པ། རོགས་རེས་བྱེད་ཤེས་པ། ཁེངས་སྐྱུང་བྱེད་ཤེས་པ། བཟོད་པ་སྒོམ་ཤེས་པ། བཤགས་པ་བྱེད་ཤེས་པ། རང་འཇུན་བྱེད་ཤེས་པ་བཅས་བྱེད་དགོས།
གསུམ་ནས་སྤང་བླང་ཤེས་པར་བྱས་ཏེ། བཟང་ངན་གྱི་ངོ་རྫུན་འབྱེད་མཁས་པ་དང་། བརྡར་གཅོད་གདམ་ག་ལ་མཁས་པར་བྱེད་དགོས། “ཐོས་ཏེ་མ་བསམས་ན་བོགས་མི་ཐོན་པ་དང་། བསམས་ཏེ་མ་སྦྱངས་ན་རྨོངས་པར་འགྱུར”ཟེར་སྲོལ་ཡོད། བཟང་ངན་ཤེས་པ་དང་། ཁ་ཕྱོགས་ལ་མི་རྨོངས་པ། འགྲོ་ལམ་དྲང་བ་བཅས་བྱུང་ན། མི་རྣམས་ཀྱིས་བརྩལ་བའི་ངལ་བ་ལ་གཞི་ནས་གྲུབ་འབྲས་ཐོབ་སྲིད། འཛམ་གླིང་གི་གཏིང་ཟབ་ལ་རྙོག་འཛིང་ཆེ་བའི་འཕོ་འགྱུར་གྱི་གདོང་དང་། ཆ་འཕྲིན་དུས་རབས་ཀྱི་བསམ་བློའི་ཡོ་ལང་སྣ་ཚོགས་ཕན་ཚུན་འཁྲུག་པའི་གདོང་། སྣ་ཚོགས་འགྱུར་བག་ཆེ་ལ་ཉ་ཉུང་མཉམ་བསྲེས་དང་ས་ལ་རྡོ་འདྲེས་ཀྱི་སྤྱི་ཚོགས་སྣང་ཚུལ་གྱི་གདོང་། སློབ་གཉེར་དང་བརྩེ་དུང་དང་ལས་ཀའི་གདམ་ག་སོགས་ཕྱོགས་གང་ཅིའི་བསམ་གཞིགས་གཏོང་བའི་གདོང་བཅས་སུ། གནས་སྐབས་སུ་རྨོངས་རྙི་ལ་ཚུད་པ་དང་། སོམ་ཉི་སྐྱེ་བ། ཡིད་ཐང་ཆད་པ་བཅས་ནི་རྒྱུན་སྲོལ་གྱི་མི་ཚེའི་འགྲོ་ལུགས་རེད། གནད་འགག་ནི་བསམ་གཞིགས་བྱེད་ཤེས་པ་དང་། དབྱེ་ཞིབ་བྱེད་མཁས་པ། གདམ་ག་ཡང་དག་བྱེད་པ་དང་། སྒམ་བརླིང་རང་ཚུགས་དང་། བག་ཡངས་ཡིད་བརྟན། འགྱུར་མེད་རང་སྤེལ་བཅས་བྱེད་ཐུབ་དགོས། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ་དང་། རིན་ཐང་ལྟ་བ་བཅས་སྐྱེད་དགོས་པ་སྟེ། གནད་ཀྱི་ལྡེའུ་མིག་འདི་དག་ལག་ཏུ་ཟིན་པའི་རྗེས་ལ་སླར་ཡང་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་པ་དང་མི་ཚེའི་བརྒྱུད་རིམ་ལ་བལྟས་ཚེ། བཟང་ངན་དང་། ཡིན་མིན། གཙོ་ཕལ་བཅས་ཡོད་ཚད་དང་། བདེན་རྫུན་དང་། དགེ་སྡིག མཛེས་བཙོག་བཅས་ཡོད་ཚད་རང་བཞིན་གྱིས་ཝ་ལེར་གསལ་སྲིད་ལ། རང་བཞིན་གྱིས་བརྡར་ཤ་ཡང་དག་པ་གཅོད་ཐུབ་ཅིང་གདམ་ག་ཡང་དག་པ་བྱེད་ཐུབ། དེ་ཡང་“སྔོག་བརྒྱའི་ངལ་དང་འཚག་བརྒྱའི་སྡུག་མྱངས་མོད།། བྱེ་ཟེགས་རྙོག་མ་ཕུད་མཐར་གསེར་ལ་ཐུག”ཅེས་པ་ནང་བཞིན་རེད།
བཞི་ནས་བབ་བརླིང་བྱས་ཏེ་ཏན་ཏན་ཏིག་ཏིག་གིས་བྱ་བ་རྣལ་མ་ཞིག་སྒྲུབ་པ་དང་། གཡོ་མེད་ཟོལ་མེད་ཀྱིས་མི་རྣལ་མ་ཞིག་བྱེད་དགོས། ངལ་བ་མི་རྩོལ་ཞིང་དོན་ཡོད་མི་བྱེད་པར་ཁ་སྟོང་ནང་ནས་ཚིག་སྟོང་བཤད་པ་འོས་མིན་ཏེ། དོན་ལ་གནས་པར་ཤུགས་རྒྱག་པ་དང་། སྤྱོད་ཡོན་གཉིས་གཞི་མཐུན་ཡོང་བའི་སྒོ་ནས་འབད་འབུངས་བྱས་ན་གཞི་ནས་ལྟེ་བའི་རིན་ཐང་ལྟ་བ་དེ་སྐྱེ་བོ་རྣམས་ཀྱི་ནང་སེམས་ཀྱི་དོན་གཉེར་བྱ་གཞིར་ཆགས་ཐུབ་པ་དང་། ཕྱི་གཟུགས་ཀྱི་རང་འགུལ་བྱ་སྤྱོད་ཆགས་ཐུབ། 《གུས་སྲོལ》 ལས། “དེ་ཉིད་རྒྱ་ཆེར་སྦྱང་བར་བྱ། དེ་ཉིད་རྟོག་ཅིང་འདྲི་བར་བྱ། དེ་ཉིད་ཞིབ་ཏུ་བསམ་པར་བྱ། དེ་ཉིད་གསལ་པོར་འབྱེད་པར་བྱ། དེ་ཉིད་ཀུན་ཏུ་སྤྱད་པར་བྱ་”ཞེས་གསུངས་ཡོད་པ་དང་། ཁ་ཅིག་གིས“སྐྱེས་བུ་དམ་པ་ནི་དཀའ་བ་སྤྱོད་འདོད་པའི་སྐྱེ་བོ་ཐ་མལ་བ་ཡིན་པ་དང་། སྐྱེ་བོ་ཐ་མལ་བ་ནི་དཀའ་བ་སྤྱོད་མི་འདོད་པའི་སྐྱེས་བུ་དམ་པ་ཡིན་” ཞེས་ཟེར་བ་ལྟར། གཞོན་ནུ་ལ་གོ་སྐབས་བཟང་པོ་ཡོད་པས། གནད་འགག་ནི་གོམ་སྟབས་བརྟན་དགོས་པ་དང་། རྨང་གཞི་བརྟན་པོ་འདིང་དགོས་ལ། ཆུ་ཐིགས་བསགས་པའི་རྒྱ་མཚོའི་དཔེ་བཞིན་བྱེད་དགོས། སེམས་པ་གཡེང་ཞིང་འཆོལ་བ་དང་། སྔ་དྲོ་ཡས་དང་ཕྱི་དྲོ་མས་བྱེད་པ། གནས་གཅིག་སྦྱངས་ནས་གནས་གཅིག་བརྗེད་པ། ལས་ཀ་གཅིག་རྗེས་གཅིག་ལ་སྐྱུར་བ་བཅས་པ་ནི་སློབ་གཉེར་དང་ལས་དོན་ཀུན་གྱི་འཛེམ་བྱ་ཡིན། “ས་སྟེང་སྒྲུབ་དཀའི་ལས་ཀུན་ཏུ། །སླ་བའི་གཞི་ནས་འགོ་རྩོམ་ལ། །ས་སྟེང་རྒྱ་ཆེན་ལས་ཀུན་ནི། །ཕྲ་བའི་གནས་ནས་འགོ་རྩོམ་པའོ”ཞེས་ཟེར་བ་ལྟར། ལེགས་གྲུབ་ཀྱི་རྒྱབ་ཏུ་ནམ་ཡང་དཀའ་སྤྱད་འབད་བརྩོན་གྱི་རྩ་བ་ཡོད། གཞོན་ནུ་ཚོས་དཀའ་སྡུག་ཆེ་བའི་ཁོར་ཡུག་དེ་རང་ཉིད་སྦྱོང་བརྡར་བྱེད་པའི་གོ་སྐབས་བཟང་པོར་འཛིན་དགོས་པ་དང་། བྱ་བ་ཕྲན་ཚེགས་རྣམས་བྱ་བ་ཆེན་པོར་བརྩིས་ཏེ་སྒྲུབ་དགོས་ཏེ། གོམ་པ་རེ་རེ་བཞིན་སྤོས་ནས་མདུན་དུ་བགྲོད་དགོས། ཆུ་ཡི་ཐིགས་པས་ཀྱང་བྲག་རྡོ་བརྟོལ་ནུས་པ་ལྟར། ཉམས་མེད་བརྩོན་འགྲུས་དང་ཞུམ་མེད་བློ་སྟོབས་ཡོད་ན་ལེགས་གྲུབ་ཀྱི་བསུ་མས་ཁྱེད་ལ་མདུན་ནས་བསྒུགས་ཏེ་བསྡད་ཡོད། །
ལྟེ་བའི་རིན་ཐང་ལྟ་བ་ནི་དུས་ཐུང་ནང་ལ་ཚེགས་མེད་དུ་འགྲུབ་ཐུབ་པ་ཞིག་མ་ཡིན་པར། སླ་བ་ནས་དཀའ་བ་དང་ཉེ་བ་ནས་ཟབ་པར་འཇུག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལྟེ་བའི་རིན་ཐང་ལྟ་བའི་བླང་བྱ་དེ་ཉིན་རྒྱུན་གྱི་སྤྱོད་པའི་བསྲུང་བྱར་ཆགས་པར་བརྩོན་དགོས་པ་དང་། དེ་ནས་རང་རྟོགས་ཀྱིས་ཉེ་བར་སྤྱོད་པའི་དད་སེམས་དང་ལྟ་བ་ཆགས་པར་བྱེད་དགོས། ལམ་འགྲོ་བྱུང་དུས་རི་ངོ་རི་དང་ཆུ་ངོ་ཆུར་འཛིན་པ་དང་། བར་ཆད་བྱུང་དུས་ཡིད་གཉིས་སྐྱེས་ཏེ་རི་ངོ་རི་དང་ཆུ་ངོ་ཆུར་མི་འཛིན་པ་བྱེད་མི་རུང་། ང་ཚོས་དུས་ནམ་ཡིན་ཡང་ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་དུ་བྱུང་ཞིང་འཕེལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་ཀྱི་འཕེལ་འགྲོས་དྲག་པོའི་ནང་དུ་བྱས་རྗེས་འཇོག་ལ་ལེགས་སྐྱེས་ཕུལ་ནས། རང་ཉིད་ཀྱི་རྙེད་དཀའི་མི་ཚེ་དོན་དང་ལྡན་པར་བྱེད་དགོས།
སློབ་གྲོགས་རྣམ་པ་དང་དགེ་རྒན་རྣམ་པ་ཚོ།
ཏང་ཀྲུང་དབྱང་གིས་འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་བྱེད་དགོས་པའི་འཐབ་ཇུས་ཀྱི་ཇུས་གཞི་བཀོད་ཡོད་པས། ང་ཚོ་དམིགས་འབེན་དེའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱེད་དགོས། ཀྲུང་གོའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་སྒྲུབ་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོད་ལྡན་པ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་མེད་པར་གཞན་གྱི་ཕྱི་རྗེས་འབྲངས་ནས་གཞན་ཆོས་འདྲ་བཤུ་བྱས་པ་ཡིན་ན་ལེགས་འགྲུབ་ཡོང་མི་སྲིད། འདིར་སྐད་ཆ་ཞིག་དྲངས་པས་ཆོག་སྟེ། ཇི་ཙམ་མི་རིགས་ཀྱི་ཡིན་ན་དེ་ཙམ་གྱིས་འཛམ་གླིང་གི་ཡིན་ཞེས་སོ། །འཛམ་གླིང་སྟེང་དུ་ཧཱ་ཧྥོར་སློབ་ཆེན་གཉིས་པ་དང་། ཨོ་ཁོ་སི་ཧྥོར་སློབ་ཆེན་གཉིས་པ། སི་ཐན་ཧྥུ་སློབ་ཆེན་གཉིས་པ། མཱ་སྡེའི་རྩིས་ཚན་སློབ་ཆེན་གཉིས་པ། ཆན་པུ་རུའེ་རྗུ་སློབ་ཆེན་གཉིས་པ་བཅས་ཡོད་མི་སྲིད་དེ། པེ་ཅིན་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཧྥུ་ཏན་སློབ་ཆེན། ནན་ཁའེ་སློབ་ཆེན་བཅས་པའི་ཀྲུང་གོའི་སློབ་ཆེན་གྲགས་ཅན་དངོས་དག་ནི་ཡོད་ཤ་སྟག་རེད། ང་ཚོས་འཛམ་གླིང་སྟེང་གི་སྔོན་ཐོན་གྱི་སློབ་གྲྭ་སྒྲུབ་པ་དང་སློབ་གསོ་གཉེར་བའི་ཉམས་མྱོང་ནན་ཏན་གྱིས་བསྡུ་ལེན་བྱེད་པ་དང་། དེ་བས་ཀྱང་སློབ་གསོའི་ཆོས་ཉིད་བརྩི་སྲུང་བྱས་ཏེ། ཀྲུང་གོའི་ས་གཞི་ཆེན་པོར་གཞི་བཅས་ནས་སློབ་ཆེན་སྒྲུབ་དགོས།
སྐུ་ཞབས་ལུའུ་ཞུན་གྱིས་གསུངས་དོན། “པེ་ཅིན་སློབ་ཆེན་ནི་ནམ་ཡང་གསར་སྐྱེ་ལ་རྩོམ་པ་ཅན་དང་། ལེགས་སྒྱུར་དང་ལས་འགུལ་གྱི་མདུན་བདར་ཡིན་པས། དེས་ཀྲུང་གོ་ཉིད་བཟང་ཕྱོགས་དང་ཡར་རྒྱས་ཀྱི་ཕྱོགས་སུ་འཁྲིད་དགོས།”ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་འབོད་བརྡ་བཏང་ཟིན་པ་དང་། རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་བསྒྱུར་བཅོས་ལ་ཡང་བླང་བྱ་ཁ་གསལ་བཏོན་ཡོད། ད་ལྟ། གནད་འགག་ནི་འཆར་འགོད་ཉིད་གོམ་པ་རེ་རེ་བཞིན་དུ་དོན་དངོས་སུ་སྒྱུར་དགོས་པ་དེ་རེད། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་རྣམས་སློབ་གསོའི་བསྒྱུར་བཅོས་ཀྱི་མདུན་སྣེ་རུ་བསྐྱོད་དེ། ཀུན་སྤྱོད་འཛུགས་སྤེལ་དང་མི་གསོ་སྐྱོང་བྱེད་པའི་གཞི་རྩའི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་ནས། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ལས་ཕྱོད་ཆེ་བ། སྔར་བས་སྒོ་མོ་ཕྱེ་བ། སློབ་གྲྭ་ཚན་རིག་དང་མཐུན་པར་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་པ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་ཀྱིས་འཛུགས་དགོས་པ་དང་། སློབ་གསོའི་བསྒྱུར་བཅོས་ཀྱི་མདུན་བདར་ཡག་པོ་ཞིག་བྱེད་དགོས། ཁོ་བོས་ཀྱང་པེ་ཅིན་སློབ་གྲྭ་ཆེན་མོས་འབད་འབུངས་ལྷུར་ལེན་དང་བསྒྱུར་བཅོས་གསར་གཏོད་བྱས་ཏེ། པེ་ཅིན་སློབ་ཆེན་པ་མི་རབས་འགའི་རིང་ནས་རེ་བའི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་རྒྱུའི་ཕུགས་འདུན་སྔ་ཙམ་ནས་འགྲུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན།
དགེ་རྒན་གྱིས་ཆེས་གཟི་བརྗིད་ལྡན་པ་དང་ཆེས་མཆོག་ཏུ་གྱུར་པའི་འགན་འཁྲི་འཁུར་ཡོད། སྐུ་ཞབས་མེ་དབྱི་ཆི་ཡིས་གསུངས་དོན། “སློབ་གྲྭ་ཆེན་མོ་ཟེར་བ་ནི་ཐོག་ཁང་ཆེན་མོ་ཡོད་པ་ཅན་ལ་གོ་བ་མ་ཡིན་པར། མཁས་པའི་དབང་པོ་ཡོད་པ་ཅན་ལ་གོ་དགོས།”ངས་གོ་བ་ལོན་ཚུལ་ལ། འདིར་བཤད་པའི་མཁས་པའི་དབང་པོ་ཟེར་བ་རིག་པའི་མཁས་པའི་དབང་པོ་ཡིན་པར་མ་ཟད། སྤྱོད་ལམ་གྱི་མཁས་པའི་དབང་པོ་ཡང་རེད། དགེ་རྒན་གྱིས་དུས་དང་རྣམ་པ་ཀུན་ཏུ་དཔེ་ཆ་ཁྲིད་དེ་སློབ་མ་སྐྱོང་བའི་འགན་འཁྲི་ཡིད་ལ་འཇགས་དགོས་པ་སྟེ། མི་འདེགས་ཀྱི་སྐས་ཀ་དང་ལམ་འདིང་གི་རྡེའུ་བྱེད་སྤྲོ་བའི་ཐོག་ནས། མི་གཤིས་ཀྱི་ཡིད་དབང་འགུགས་ཤུགས་ཀྱིས་སློབ་མའི་སེམས་སྣ་ཡར་འདྲེན་བྱེད་དགོས་པ་དང་། རིག་གཞུང་གི་སྦྱངས་པ་ཟབ་མོས་བློ་གྲོས་ཀྱི་སྒོ་མོ་འབྱེད་དགོས།
ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་སློབ་གྲྭ་ཆེན་མོའི་ལས་ཀར་ཚད་མཐོན་པོའི་མཐོང་ཆེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སློབ་མ་འཚར་ལོངས་ཡོང་རྒྱུར་སེམས་འཁུར་དང་གཅེས་སྐྱོང་བྱེད་དགོས་པ་དང་། ཁོང་ཚོས་ལང་ཚོའི་ཕུགས་འདུན་རྒྱ་ཆེར་འགོད་པ་དང་མི་ཚེའི་ལྟད་མོ་སྟོན་པར་ལས་སྟེགས་སྐྲུན་དགོས། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། དྲང་སྙོམ་དྲང་བདེན་གྱི་སྤྱི་ཚོགས་ཁོར་ཡུག་སྐྲུན་པ་དང་། སྤྱི་ཚོགས་ཀྱི་འཁོར་རྒྱུག་སྐུལ་འདེད་བཏང་ཐོག རྒྱ་ཆེའི་གཞོན་ནུ་རྣམས་ཀྱི་སྐྱེ་སྟོབས་དང་གསར་གཏོད་ནུས་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་བྱེད་དགོས། ལས་ཞུགས་དང་ལས་འབྱེད་སྐོར་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་མ་རྣམས་སྤྱི་ཚོགས་ལ་འཇུག་པའི་གོམ་པ་དང་པོ་ཡག་པོར་སྤོ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རྒྱུན་དུ་སློབ་མའི་ཁྲོད་དུ་ཕྱིན་ནས་ཁོང་ཚོ་དང་“ གྲོགས་པོ་སྒྲིག་དགོས་པ་དང་། ཁོང་ཚོའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་དགོས། ད་ལྟ་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཚོ་ལོ20ཡས་མས་ཡིན་པ་དང་། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་གྲུབ་པའི་དུས་ལ་སླེབས་ཚེ། མང་པོ་ཞིག་ལོ30ལའང་སོན་ཡོད་རྒྱུ་མ་རེད། དུས་རབས་འདིའི་དུས་དཀྱིལ་དུ་གཞི་རྩའི་ཐོག་དེང་རབས་ཅན་མངོན་དུ་གྱུར་པའི་དུས་ལ་སླེབས་ཚེ། མང་པོ་ཞིག་ལོ60ལ་སོན་ཡོད་ཀྱི་མ་རེད། དེ་ཡང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཚེ། ཁྱོད་ཚོ་དང་གཞོན་ནུ་ཁྲི་སྟོང་མང་པོ་ནི་དེའི་གོ་རིམ་ཡོངས་སུ་ཞུགས་མཁན་རེད། དད་སེམས་ཡོད་པ་དང་ཕུགས་འདུན་ཡོད་པ། འབད་འཐབ་བྱེད་པ། ལེགས་སྐྱེས་འབུལ་བ་བཅས་ཀྱི་མི་ཚེ་ཡིན་ན་གཞི་ནས་དོན་དང་ལྡན་པའི་མི་ཚེ་རེད། དེང་རབས་ཀྱི་གཞོན་ནུ་ཚོར་བྱས་རྗེས་འཇོག་པ་དང་ལེགས་སྐྱེས་འབུལ་བའི་ལས་སྟེགས་ཧ་ཅང་རྒྱ་ཆེན་པོ་ཡོད་པ་དང་། ཕུགས་འདུན་འགྲུབ་པའི་མདུན་ལམ་འོད་སྟོང་ལྡན་པ་ཡོད་པས། ཚང་མས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེ་བའི་ལག་ལེན་གྱི་ནང་དུ་རང་ཉིད་ཀྱི་ངོ་མཚར་ཆེ་བའི་མི་ཚེ་གཏོད་རྒྱུའི་རེ་བ་ཡོད།
ང་ལ་ཡིད་ཆེས་ཡོད་པ་ནི། དེང་རབས་ཀྱི་ཀྲུང་གོའི་གཞོན་ནུ་རྣམས་ཀྱིས་ཏང་དང་མི་དམངས་ཀྱིས་ཕྲག་ཏུ་བསྒོས་པའི་ལོ་རྒྱུས་ཀྱི་འགན་ལྕི་འཁུར་དུ་བླངས་ནས། ལང་ཚོའི་མེ་དབལ་སྦར་བ་དང་། མི་ཚེ་རྒྱ་བསྐྱེད་གཏོང་བ། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་བརྒྱུད་རིམ་ནང་དུ་དུས་རབས་ལ་ངོ་གནོང་མི་དགོས་པའི་དཔལ་དང་ལྡན་པའི་ལེའུ་ཞིག་རྩོམ་ཐུབ་ངེས་རེད།