ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཞེ་ལྔ་པ།༽ ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས།

ཁུངས། ཀློག་གྲངས།

༄༅། ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས།

(2013ལོའི་ཟླ་4ཚེས་8ཉིན་དང་། ཟླ་10ཚེས་6ཉིན།)

གཅིག

སྐམ་ས་ཆེན་པོའི་ཕྱོགས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སེམས་རྩ་བརྟན་པོ་ཡོད་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གསལ་པོ་ཡོད། ང་ཚོས་ཐའེ་ཝན་ལ་འཛིན་པའི་བྱེད་ཕྱོགས་དང་སྲིད་ཇུས་ཆེན་པོ་ཁག་གི་རྒྱུན་མཐུད་རང་བཞིན་མཐའ་འཁྱོངས་དང་། མུ་མཐུད་དུ་ཕན་འབྲས་ཐོན་པའི་སྲིད་ཇུས་ཁག་ལག་བསྟར་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བའི་གོང་འཕེལ་ལ་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་དང་། སྔར་ལས་ལྷག་པའི་སྒོ་ནས་ངོགས་གཉིས་ཀྱི་སྤུན་ཟླ་ཚོར་བདེ་སྐྱིད་བསྐྲུན་རྒྱུ་ཡིན། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ལྷག་བསམ་རྣམ་དག་གིས་མཐུན་སྒྲིལ་དང་མཉམ་ལས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་དུ་ཐུན་མོང་ཐོག་དཀའ་སྤྱད་འབད་འཐབ་བྱེད་དགོས། །

ངོགས་གཉིས་ཕྱོགས་ཡོངས་དང་ཐད་ཀ་དང་གཉིས་ཕྱོགས་སུ“ཤར་གཏོང་གསུམ”ཡོང་རྒྱུ་མངོན་འགྱུར་བྱུང་ཟིན་པ་དང་། ལྷག་པར་དུ་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་སྤྱི་ཁོག་གྲོས་ཆིངས་བཞག་ནས་ལག་བསྟར་བྱས་པ་དེས། ངོགས་གཉིས་ཀྱི་དཔལ་འབྱོར་འབྲེལ་བའི་གོང་འཕེལ་གྱི་དུས་རིམ་གསར་པའི་སྒོ་མོ་ཕྱེ་ཡོད། “སྐབས་བབ་དང་བསྟུན་མོས་ན་སྐལ་འགོ་ཐོབ།  སྐབས་བབ་འབྱེད་ཤེས་ན་དོན་བྱ་འགྲུབ” ཟེར་བ་ལྟར། ངོགས་གཉིས་ཀའི་ཀྲུང་གོ་བར་ཆ་བཞག་ན། གལ་ཆེ་བ་ནི་ལོ་རྒྱུས་ཀྱི་གོ་སྐབས་ངོས་འཛིན་དང་ཤེས་རྟོགས་རྣལ་མ་ཞིག་བྱས་ཏེ། དུས་རབས་ཀྱི་འཕེལ་རྒྱུན་དང་བསྟུན་ནས་ལག་གདང་གཅིག་སྦྲེལ་གྱིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས། །

དང་པོ། ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་གི་མི་ཡིན་པའི་ལྟ་བ་བཟུང་ནས། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་རེ་བ་ཡོད། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་ཧྭ་མི་རིགས་ཡིན་པ་དང་། ངོགས་གཉིས་ཀྱི་དཔལ་འབྱོར་ཡང་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཡིན། ང་ཚོས་སྤུན་ཟླ་ཐའེ་ཝན་པའི་དགོས་མཁོ་དང་ཁེ་ཕན་ལ་བསམ་བློ་སྔར་ལས་མང་བ་གཏོང་བ་དང་། མ་རྩ་འཇོག་པ་དང་དཔལ་འབྱོར་མཉམ་ལས་ཀྱི་ཁྱབ་ཁོངས་སུ་ཐའེ་ཝན་གྱི་ཁེ་ལས་ལ་སྐམ་ས་ཆེན་པོའི་ཁེ་ལས་དང་ཐོབ་ཐང་གཅིག་མཚུངས་གང་མགྱོགས་སུ་སྤྲོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས།  ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཟབ་སྤེལ་བྱེད་པར་སྔར་ལས་རྒྱ་ཆེ་བའི་བར་སྟོང་འདོན་སྤྲོད་བྱ་རྒྱུ་ཡིན།

གཉིས་པ། ངོགས་གཉིས་ཀྱིས་དཔལ་འབྱོར་ཁྱབ་ཁོངས་ཀྱི་མཐོ་རིམ་གྲོས་མོལ་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རེ་བ་ཡོད། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་སྐོར་གྱི་སྤྱི་ཁོག་གྲོས་ཆིངས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ཨུ་ལྷན་གྱི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱས་ཏེ། གནས་བབ་དང་། སྲིད་ཇུས། གོང་སྤེལ་འཆར་འགོད་བཅས་ཕྱོགས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་མཉམ་ལས་བྱེད་པའི་སྔོན་ཚོད་རང་བཞིན་དང་སྙོམ་འགྲིག་རང་བཞིན་ཤུགས་ཆེ་རུ་གཏོང་བའི་དགོས་པ་ཡོད། ཐོན་ལས་བར་གྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ཕར་ཚུར་མ་རྩ་འཇོག་རྒྱ་ཆེ་རུ་གཏོང་བ། དངུལ་རྩའི་ཞབས་ཞུའི་ལས་རིགས་ཀྱི་མཉམ་ལས་ཟབ་སྤེལ།  མཉམ་ལས་ཀྱི་འཇུག་སྒོ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས། །

གསུམ་པ།  ངོགས་གཉིས་ཀྱིས་དཔལ་འབྱོར་མཉམ་ལས་སྐོར་གྱི་སྤྱི་ཁོག་གྲོས་ཆིངས་ཀྱི་རྗེས་མཐུད་གྲོས་ཆིངས་གྲོས་མོལ་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས།  དཔལ་འབྱོར་མཉམ་ལས་བྱེད་ཚུལ་ལམ་ལུགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བའི་རེ་བ་ཡོད། ངོགས་གཉིས་ནས་ཞབས་ཞུའི་ཉོ་ཚོང་སྐོར་གྱི་གྲོས་ཆིངས་གང་མགྱོགས་ཀྱིས་འཇོག་འོས་པ་དང་། ད་ལོའི་ནང་ཚུན་དུ་དངོས་ཟོག་ཉོ་ཚོང་དང་རྩོད་གཞི་ཐག་གཅོད་བྱེད་པ་སོགས་ཀྱི་གྲོས་དོན་སྐོར་གྱི་གྲོས་བསྡུར་ལེགས་འགྲུབ་གང་ཐུབ་བྱེད་དགོས།  ངོགས་གཉིས་ཀས་སྐབས་བསྟུན་དང་དོན་འབྲས་ལྡན་པའི་སྒོ་ནས་དཔལ་འབྱོར་གོང་སྤེལ་མཉམ་གཏོང་དང་། ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་བརྒྱུད་རིམ་སྦྲེལ་མཐུད་བྱེད་པའི་ཐབས་ཤེས་འོས་འཚམ་དང་སྤྱད་འཐུས་པའི་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐྱེ་སྟོབས་གསར་པ་སྣོན་དགོས། །

བཞི་པ། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་མཐུན་སྒྲིལ་མཉམ་ལས་བྱས་ཏེ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལས་ལ་གཞོལ་རྒྱུའི་རེ་བ་ཡོད། སྐམ་ས་ཆེན་པོ་དང་ཐའེ་ཝན་གྱིས་བླངས་པའི་གོང་འཕེལ་གྱི་གྲུབ་འབྲས་རེ་རེ་ཚང་མ་ངོགས་གཉིས་ཀའི་ཀྲུང་གོ་བ་གཟི་བརྗིད་སྐྱེ་འོས་པ་ཞིག་ཡིན། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ཐུན་མོང་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་ནི། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ལེགས་སྐྱས་འབུལ་བ་རང་རེད། དེ་ཡང་ངོགས་ཀྱིས་བྱ་བ་ཚང་མའི་ཐད་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་ལ་བསམ་བློ་བཏང་བ་ཡིན་ཕྱིན། མདུན་སྐྱོད་ཀྱི་བཤུལ་ལམ་སྟེང་གི་དཀའ་ངལ་དང་འགོག་རྐྱེན་སྣ་ཚོགས་ཁྱད་དུ་བསད་དེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་ཐུབ་ངེས་རེད།།

(2013ལོའི་ཟླ་4ཚེས་8ཉིན་ཐའེ་ཝན་གྱི་ངོགས་གཉིས་ཐུན་མོང་ཚོང་རའི་ཐེབས་རྩ་ཚོགས་པའི་མཚན་འཛིན་རྐང་བདག་འགོ་འཛིན་ཞའོ་ཝན་ཁྲང་གཙོ་འཁོར་ལ་མཇལ་འཕྲད་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན།)

གཉིས།

ངོགས་གཉིས་ཕྱོགས་གཉིས་ཀས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་བགྲོད་ལམ་ཡང་དག་པའི་ཐོག་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་འོས་པ་དང་། “ངོགས་གཉིས་ཁྱིམ་ཚང་གཅིག་གི་མི་ཡིན” ཞེས་པའི་ལྟ་བ་དར་སྤེལ་བཏང་ནས།  སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།  ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས། །

ལོ་རྒྱུས་ཀྱི་གོ་སྐབས་གཅེས་འཛིན་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་ཚུལ་ཡག་པོ་མཐའ་འཁྱོངས་བྱེད་དགོས། ངོགས་གཉིས་ཀའི་མི་མང་ཚང་མར་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་ག་ཆེན་པོ་ཡོང་རྒྱུའི་རེ་བ་ཡོད།  ཕྱོགས་གཉིས་ཀས་དམངས་སེམས་ལ་བསྟུན་ནས་གོ་སྐབས་མ་ཤོར་བར་ངོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཡོང་བའི་ཐད་འཕེལ་ག་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། །

ངོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ཐུན་མོང་གི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོར་འདིང་རྒྱུ་དེ་ནི།  ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་རྒྱུ་ཁག་ཐེག་བྱེད་པའི་གནད་འགག་རེད། མིག་རྒྱང་རིང་དུ་བལྟས་ཚེ། ངོགས་གཉིས་ཀྱི་ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བའི་གནད་དོན་དེ་མཇུག་མཐར་རིམ་གྱིས་ཐག་གཅོད་འབྱུང་ངེས་ཡིན་པ་དང་། གནད་དོན་དེ་དག་མི་རབས་ནས་མི་རབས་སུ་བསྐྱུར་མི་འོས་པ་ཡིན། ང་ཚོས་འདི་ལྟར་ཡང་ཡང་བཤད་ཡོད་དེ། ཀྲུང་གོ་གཅིག་གི་སྒྲོམ་གཞིའི་ནང་དུ་ངོགས་གཉིས་ཀྱི་ཆབ་སྲིད་ཀྱི་གནད་དོན་སྐོར་ཐའེ་ཝན་ཕྱོགས་དང་འདྲ་མཉམ་ངང་གྲོས་མོལ་བྱས་ཏེ། ཚུལ་མཐུན་ལུགས་མཐུན་གྱི་བཀོད་སྒྲིག་བྱེད་འདོད་ཡོད། ངོགས་གཉིས་ཀྱི་འབྲེལ་བའི་ནང་གི་ཐག་གཅོད་བྱེད་དགོས་པའི་དོན་དག་ལ་ཆ་མཚོན་ན། ཕྱོགས་གཉིས་ཀའི་གཙོ་སྐྱོང་སྡེ་ཁག་གི་འགན་འཁུར་པས་ཀྱང་ངོ་ཐུག་ནས་བསམ་འཆར་བརྗེ་རེས་བྱས་ཆོག་པ་རེད། །

ངོགས་གཉིས་ཀྱི་དཔལ་འབྱོར་ནི་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཡིན་པ་དང་། ཨེ་ཞི་ས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་འགྲོ་བའི་གནས་བབ་འོག་ཕྱོགས་གཉིས་ཀས་མཉམ་ལས་ལ་ཤུགས་བསྣོན་བརྒྱབ་ན་ད་གཟོད་འགྲན་རྩོད་ལ་ཁ་གཏད་སྔར་ལས་ལྷག་པ་འཇལ་ཐུབ། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལམ་ལུགས་ཅན་དུ་འགྱུར་བར་ཤུགས་སྣོན་རྒྱག་དགོས་པ་དང་། ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་སྔར་ལས་ཆེ་བ་བྱེད་དགོས། །

(2013ལོའི་ཟླ་10ཚེས་6ཉིན་ཐའེ་ཝན་གྱི་ངོགས་གཉིས་ཐུན་མོང་ཚོང་རའི་ཐེབས་རྩ་ཚོགས་པའི་མཚན་འཛིན་རྐང་བདག་འགོ་འཛིན་ཞའོ་ཝན་ཁྲང་གཙོ་འཁོར་ལ་མཇལ་འཕྲད་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན།)