ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་སོ་གསུམ་པ།༽སྡོད་ཁང་འགན་སྲུང་དང་མཁོ་སྤྲོད་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོར་གཏོང་དགོས།

ཁུངས། ཀློག་གྲངས།

​༄༅།། སྡོད་ཁང་འགན་སྲུང་དང་མཁོ་སྤྲོད་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོར་གཏོང་དགོས།

(2013ལོའི་ཟླ་10ཚེས་29ཉིན།)

སྡོད་ཁང་འགན་སྲུང་དང་མཁོ་སྤྲོད་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོར་གཏང་རྒྱུ་དེ་ནི།  མང་ཚོགས་ཀྱི་སྡོད་ཁང་གི་གཞི་རྩའི་དགོས་མཁོ་བསྐང་རྒྱུ་དང་མི་དམངས་ཡོངས་ལ་སྡོད་དུས་ཁང་པ་ཡོད་པ་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་པོ་ཡིན་ལ།  སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་སྐུལ་སྤེལ་གཏོང་བ་དང་།  མི་དམངས་མང་ཚོགས་ཀྱིས་བསྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱད་རྒྱུ་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་གིས་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་འབེན་ལས་འགན་ཁག་དང་སྲིད་ཇུས་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ། སྡོད་ཁང་འགན་སྲུང་དང་མཁོ་སྤྲོད་མ་ལག་གི་འཛུགས་སྐྲུན་དེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་སྲིད་བཟང་ལས་གཞི་ཞིག་

ཏུ་ཧུར་ཐག་གིས་སྒྲུབ་དགོས།

སྡོད་ཁང་གི་གནད་དོན་ནི་དམངས་འཚོའི་གནད་དོན་ཡིན་ལ་གོང་སྤེལ་གྱི་གནད་དོན་ཡང་ཡིན་པ་དང་།  དེ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་།  མི་དམངས་བདེ་སྡོད་ལས་བརྩོན་ཡོང་བ། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་སྤྱི་ཡོངས། སྤྱི་ཚོགས་ཞི་མཐུན་དང་བརྟན་བརླིང་ཡོང་བ་བཅས་དང་འབྲེལ་ཡོད།  ཏང་དང་རྒྱལ་ཁབ་ཀྱིས་ཐོག་མ་ཉིད་ནས་མང་ཚོགས་ཀྱི་སྡོད་ཁང་གི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད།  དུས་ཡུན་རིང་པོར་འབད་བརྩོན་བྱས་པ་བརྒྱུད་རང་རྒྱལ་གྱི་སྡོད་ཁང་གི་གོང་འཕེལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།  དུས་མཚུངས་ང་ཚོས་ཤེས་དགོས་པ་ཞིག་ནི། མང་ཚོགས་ཀྱི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་པ་དང་། སྡོད་ཁང་ལ་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་གཞི་རྩའི་དགོས་མཁོ་ད་དུང་རྩ་བའི་ཐོག་སྐོང་ཐུབ་མེད་པ། འགན་སྲུང་རང་བཞིན་གྱི་སྡོད་ཁང་ད་དུང་སྤྱི་ཆའི་ཐོག་འདང་གི་མེད་པ། སྡོད་ཁང་ཐོན་ཁུངས་ཀྱི་བགོ་སྒྲིག་ད་དུང་ལུགས་མཐུན་དང་དོ་མཉམ་བྱུང་མེད་པ་སོགས་ཀྱི་གནད་དོན་གནས་ཡོད།  མི་དམངས་མང་ཚོགས་ཀྱིས་སྡོད་དུས་ཁང་པ་ཡོད་པའི་ཕྱོགས་སུ་རེ་ལྟོས་ཆེན་པོ་བྱེད་ཀྱི་ཡོད་པས། ང་ཚོས་ངེས་པར་དུ་སེམས་ཐག་སྔར་ལས་ཆེ་བ་གཅོད་པ་དང་། ཤུགས་སྔར་ལས་ཆེ་བ་ཞིག་རྒྱག་པའི་ཐོག་ནས་སྡོད་ཁང་གོང་འཕེལ་གྱི་ནང་དུ་གནས་པའི་གནད་དོན་སྣ་ཚོགས་ཐག་གཅོད་ཡག་པོ་བྱེད་དགོས།།

སྡོད་ཁང་འགན་སྲུང་དང་མཁོ་སྤྲོད་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོར་གཏོང་ན། སྲིད་གཞུང་གིས་སྤྱི་པའི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་ཚོང་ར་ཅན་དུ་སྒྱུར་བ་གཉིས་བར་གྱི་འབྲེལ་བ་དང་། སྡོད་ཁང་གོང་སྤེལ་གཏོང་བའི་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་བར་གྱི་འབྲེལ་བ།  དགོས་མཁོ་དང་འབྱུང་སྲིད་པ་བར་གྱི་འབྲེལ་བ།  སྡོད་ཁང་འགན་སྲུང་བྱེད་པ་དང་ཕན་བདེའི་རྙི་རྒྱ་འགོག་པའི་བར་གྱི་འབྲེལ་བ་བཅས་ཐག་གཅོད་ཡག་པོ་བྱེད་དགོས།  དེ་ཡང་ཚོང་ར་ཅན་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ན་གཞི་ནས་ཚོང་རའི་སྐྱེ་སྟོབས་སྒོ་ཀུན་ནས་འདོན་སྤེལ་བྱུང་ནས་རིམ་པ་མང་པོའི་སྡོད་ཁང་གི་དགོས་མཁོ་སྐོང་ཐུབ། ཕྱོགས་མཚུངས་མང་ཚོགས་ཁག་ཅིག་ནི་ངལ་རྩོལ་གྱི་ནུས་རྩལ་ཞན་པ་དང་། ལས་ཞུགས་འཐུས་པོ་མ་བྱུང་བ། ཡོང་འབབ་ཀྱི་ཆུ་ཚད་དམའ་བ་སོགས་རྒྱུ་རྐྱེན་གྱི་དབང་གིས་སྡོད་ཁང་གི་དཀའ་ངལ་ཐུག་སྲིད་པས། སྲིད་གཞུང་གིས་ངེས་པར་དུ་སྟོང་ཆ་དེ་གསབ་ནས། དཀའ་ངལ་ཅན་གྱི་མང་ཚོགས་ལ་གཞི་རྩའི་སྡོད་ཁང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས།།

རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་ཐོག་ནས་བལྟས་ན། སྤྱིའི་ཁ་ཕྱོགས་ནི་སྲིད་གཞུང་གིས་གཙོ་འགན་བླངས་ནས་གཞི་རྩའི་འགན་སྲུང་འདོན་སྤྲོད་བྱེད་པ་དང་།  ཚོང་རས་གཙོ་འགན་བླངས་ནས་རིམ་པ་མང་པོའི་དགོས་མཁོ་སྐོང་བའི་སྡོད་ཁང་མཁོ་སྤྲོད་ཀྱི་མ་ལག་འཛུགས་དགོས་པ་རེད། རང་རྒྱལ་གྱི་སྡོད་ཁང་བསྒྱུར་བཅོས་དང་གོང་སྤེལ་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་། རྒྱལ་ཁབ་གཞན་དག་གི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཕན་ལྡན་ལ་དཔེ་ལྟ་བྱེད་པ། སྡོད་ཁང་འཛུགས་སྐྲུན་གྱི་ཆོས་ཉིད་རང་བཞིན་གྱི་གནད་དོན་ཞིབ་འཇུག་ཟབ་མོ་བྱེད་པ། རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།  གཅིག་གྱུར་ཡིན་པ་དང་།   ཚད་ལྡན་ཡིན་པ། གནད་སྨིན་འཐུས་ཚང་། གཏན་ཆགས་ཡིན་པ་བཅས་ཀྱི་སྡོད་ཁང་མཁོ་སྤྲོད་མ་ལག་མགྱོགས་པོར་འཛུགས་སྐྲུན་བྱེད་དགོས།  ཐབས་བརྒྱ་ཇུས་སྟོང་གིས་སྡོད་ཁང་མཁོ་སྤྲོད་ཇེ་མང་དུ་གཏོང་བ་དང་ལྷན་དུ། མི་དམངས་མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་སྙོམ་སྒྲིག་བྱ་རྒྱུ་དེ་གལ་ཆེའི་གོ་གནས་སུ་བཞག་སྟེ། གོང་ཁེ་བ་དང་། བེད་ཆེ་བ། ཁོར་ཡུག་སྲུང་བ། ཐོན་ཁུངས་གྲོན་ཆུང་བ། བདེ་འཇགས་ལྡན་པ་བཅས་ཀྱི་སྡོད་ཁང་གི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་བར་འཛུགས་དགོས་པ་དང་།  རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྡོད་ཁང་འཛད་སྤྱོད་ཀྱི་དཔེ་སྲོལ་དར་སྤེལ་གཏོང་དགོས།།

“ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་བཀོད་ནང་བཏོན་པར།  གྲོང་ཁྱེར་དང་གྲོང་བརྡལ་གྱི་འགན་སྲུང་རང་བཞིན་ཅན་གྱི་སྡོད་ཁང་དང་སྤྱིལ་ཁང་ཁུལ་སྒྱུར་བཀོད་ཀྱི་སྡོད་ཁང་བཅས་ཁྲི་ཚོ3600འཛུགས་སྐྲུན་བྱ་རྒྱུ་དང་།   2015ལོར་སླེབས་མཚམས་རྒྱལ་ཡོངས་ཀྱི་འགན་སྲུང་རང་བཞིན་ཅན་གྱི་སྡོད་ཁང་གི་ཁེབས་ཚད་དེ20ཡས་མས་ལ་སླེབས་རྒྱུ་ཡིན།  འདི་ནི་སྲིད་གཞུང་གིས་མི་དམངས་ལ་ཁས་ལེན་བྱས་པ་ཡིན་པས། ངེས་པར་དུ་སྟོབས་ཤུགས་ཡོད་རྒུས་ལེགས་འགྲུབ་བྱེད་དགོས།  སྤྱི་པའི་བོགས་གཏོང་སྡོད་ཁང་གཙོ་གནད་དུ་བཟུང་ནས་གོང་སྤེལ་དང་། གླ་ཁེའི་སྡོད་ཁང་མགྱོགས་མྱུར་དུ་འཛུགས་སྐྲུན།  སྤྱིལ་ཁང་ཁུལ་སྣ་ཚོགས་ཀྱི་སྒྱུར་བཀོད་མགྱོགས་མྱུར་དུ་ལག་བསྟར་བཅས་བྱེད་དགོས།   ལས་ཀ་འདིར་སྐུལ་འདེད་གཏོང་བའི་གོ་རིམ་ནང་དུ།  གང་ཐུབ་ཅི་ཐུབ་ཀྱིས་བསྒྲུབ་རྒྱུ་དང་ནུས་ཚོད་ལྕོགས་ཚོད་ཀྱིས་བསྒྲུབ་རྒྱུ་ཟུང་འབྲེལ་བྱེད་པར་དོ་སྣང་བྱས་ཏེ། གཞི་རྩའི་སྡོད་ཁང་གི་དགོས་མཁོ་ཧུར་ཐག་གིས་སྐོང་དགོས། སྡོད་ཁང་ནི་མང་ཚོགས་ཆགས་ས་བརྟེན་ས་ཡིན་པས། སྤུས་ཚད་ཀྱི་བདེ་འཇགས་ནི་གལ་ཤིན་ཏུ་ཆེ་བ་རེད། འགན་སྲུང་རང་བཞིན་ཅན་གྱི་སྡོད་ཁང་གི་འཆར་བཀོད་ཀྱི་བཀོད་ཚུལ་དང་། སྒྲིག་ཆས་ཀྱི་ཆ་སྒྲིག ཁང་དབྱིབས་ཀྱི་ཇུས་འགོད་བཅས་ལེགས་སུ་གཏོང་དགོས་པ་དང་། ཨར་ལས་ཀྱི་སྤུས་ཀ་དམ་འཛིན་ཡག་པོ་བྱེད་དགོས།།

སྡོད་ཁང་སྐོར་གྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་བཟོས་ཏེ། སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཁྲིད་ཕྱོགས། སྐུལ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་། ཕྱོགས་གང་ཅིའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས། ས་ཞིང་སྐོར་གྱི་སྲིད་ཇུས་འཐུས་ཚང་བཟོས་ཏེ། དམངས་འཚོ་ལ་དམིགས་བསལ་ལྟ་བ་དང་། ཚན་རིག་དང་མཐུན་པར་ས་ཞིང་འདོན་སྤྲོད་བྱེད་པའི་འཆར་གཞི་འགོད་པ། སྡོད་ཁང་གི་སྤྱད་སའི་འདོན་སྤྲོད་སྤྱི་འབོར་མང་དུ་གཏོང་བ། འགན་སྲུང་རང་བཞིན་ཅན་གྱི་སྡོད་ཁང་གི་སྤྱད་ས་སྔོན་ལ་བཀོད་སྒྲིག་བཅས་བྱེད་དགོས། ནོར་སྲིད་ཀྱི་སྲིད་ཇུས་འཐུས་ཚང་བཟོས་ཏེ། ནོར་སྲིད་རང་བཞིན་ཅན་གྱི་གྲོན་དངུལ་དེ་འགན་སྲུང་རང་བཞིན་ཅན་གྱི་སྡོད་ཁང་འཛུགས་སྐྲུན་ལ་འགྲོ་སྒོ་གཏོང་ཤུགས་ཆེ་རུ་འོས་འཚམ་གཏོང་དགོས། སྲིད་ཇུས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། ཁེ་ལས་དང་སྡེ་ཚན་གཞན་དག་སྤྱི་པའི་བོགས་གཏོང་སྡོད་ཁང་གི་འཛུགས་སྐྲུན་དང་ཚོང་གཉེར་ལ་ཞུགས་པར་བློ་འགུགས་བྱེད་དགོས། ཁེ་གཉེར་མ་ཡིན་པའི་སྡེ་ཚན་འགན་སྲུང་རང་བཞིན་ཅན་གྱི་སྡོད་ཁང་གི་འཛུགས་སྐྲུན་དང་ཚོང་གཉེར་གྱི་བྱེད་སྒོར་ཐེ་ཞུགས་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཐོག  ཕྱོགས་གང་ཅི་ཐུན་མོང་ཐོག་ཞུགས་པའི་རྣམ་པ་ཆགས་པར་བྱེད་དགོས། །

འགན་སྲུང་བཞིན་ཅན་གྱི་སྡོད་ཁང་འཛུགས་སྐྲུན་ནི་རྒྱལ་ཁབ་དང་མི་དམངས་ལ་ཕན་ཐོགས་ཆེ་བའི་བྱ་བ་ཡག་པོ་ཞིག་ཡིན་མོད། འོན་ཀྱང་དེ་ཉིད་ཡག་པོར་སྒྲུབ་དགོས་པ་དང་། རོགས་རམ་གྱི་དགོས་མཁོ་ཡོད་པའི་སྡོད་ཁང་དཀའ་ངལ་ཅན་གྱི་མང་ཚོགས་ལ་དངོས་འབྲེལ་ཁེ་ཕན་ཐོབ་པ་བྱེད་དགོས་ན།   ངེས་པར་དུ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ཞུགས་འཐུས་དང་། བེད་སྤྱོད། ཕྱིར་འཐེན་སོགས་ཀྱི་ཕྱོགས་སུ་ཚད་ལྡན་གྱི་ལམ་སྲོལ་བཙུགས་ཏེ།  སྤྱི་པའི་ཐོན་ཁུངས་དེ་འདྲ་མཉམ་དང་བེད་སྤྱོད་ཡག་པོ་ཡོང་བར་བྱེད་དགོས། བགོ་བཤའ་དྲང་སྙོམ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འགན་སྲུང་བྱ་འོས་པའི་མང་ཚོགས་ལ་ཁེ་ཕན་ངོ་མ་ཐོབ་ཏུ་འཇུག་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲིམས་དང་མི་མཐུན་པར་བདག་འཛིན་བྱེད་པའི་བྱ་སྤྱོད་བཅོས་སྐྱོང་ནུས་ལྡན་བྱེད་དགོས་པ་དང་། དུས་མཚུངས་ལམ་ལུགས་ཀྱི་ཐོག་ནས་འཐུས་ཤོར་བྱུང་ས་ཁ་སྐོང་དང་སྔོན་འགོག་བྱེད་དགོས། ཁྲིམས་དང་མི་མཐུན་པར་འགན་སྲུང་རང་བཞིན་གྱི་སྡོད་ཁང་བདག་འཛིན་བྱས་རིགས་ལ་ཁྲིམས་སྲོལ་ལྟར་ཆད་པ་གཅོད་དགོས།།