ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་སོ་བཞི་པ།༽ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དེ་ཨང་དང་པོར་འཇོག་དགོས།

ཁུངས། ཀློག་གྲངས།

​༄༅།། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དེ་ཨང་དང་པོར་འཇོག་དགོས།

(2013ལོའི་ཟླ་11ཚེས་24ཉིན།)

ཐེངས་འདིའི་རྐྱེན་ངན་གྱིས་ང་ཚོར་སླར་ཡང་ཉེན་བརྡ་ཞིག་བཏང་ཡོད།  བདེ་འཇགས་ཐོན་སྐྱེད་ནི་ངེས་པར་དུ་ཉེན་བརྡ་རྟག་གཏོང་དང་ལྷོད་མེད་དམ་འཛིན་བྱེད་དགོས་པ་ལས།   ལྷོད་ཡངས་སྤུ་ཙམ་བྱེད་མི་རུང་སྟེ།  དེ་ལས་ལྡོག་ན་རྒྱལ་ཁབ་དང་མི་དམངས་ལ་ཟློག་ཐབས་མེད་པའི་གྱོང་གུན་བཟོ་སྲིད། ངེས་པར་དུ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་བ་བཟོས་ཏེ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་སྐོར་གྱི་ཞིབ་བཤེར་ཆེན་པོ་ཟབ་མོར་སྤེལ་བ། ནན་ཏན་གྱིས་བསླབ་བྱ་བསྡུ་ལེན་བྱེད་པ། གཅིག་ཤེས་ཀུན་གྲོལ་བྱེད་པར་དོ་སྣང་བཅས་བྱས་ཏེ། ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀར་ཤུགས་སྣོན་རྒྱག་དགོས། །

ཐེངས་འདིའི་རྐྱེན་ངན་གྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་བཟོས་པའི་གྱོང་གུན་ནི་བློ་ཕངས་དགོས་པ་ཞིག་རེད།  མིག་སྔར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་། ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཆིང་ཏའོ་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་བཅས་དང་།  དེ་བཞིན་དུ་འབྲེལ་ཡོད་ཕྱོགས་ཚང་མས་ཐུན་མོང་དུ་འབད་བརྩོན་བྱས་པ་བརྒྱུད་དེ། དོན་རྐྱེན་ཐག་གཅོད་བྱེད་པའི་ལས་ཀར་འབྲས་བུ་ཐོག་མ་ཐོབ་ཡོད། གོམ་རིམ་རྗེས་མ་ནི་སྟོབས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་གསོ་བྱ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་གཤིན་པོའི་འདས་འཇུག་བཀོད་སྒྲིག་ཡག་པོ་བྱ་རྒྱུ། ཁྱིམ་མི་ལ་སེམས་གསོ་ཡག་པོ་བྱ་རྒྱུ། མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱ་རྒྱུ་བཅས་ཡིན། ཐེངས་འདིའི་རྐྱེན་ངན་རྩད་ཞིབ་ཐག་གཅོད་བྱ་རྒྱུ་དམ་འཛིན་བྱེད་དགོས་པ་དང་།  ཁྲིམས་ལྟར་འབྲེལ་ཡོད་མི་སྣར་ཁག་འགན་བདའ་འདེད་བྱེད་དགོས།  །

རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་།  རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ་ཚོས་བདེ་འཇགས་ངང་གོང་སྤེལ་གཏོང་དགོས་པའི་ལྟ་བ་བརྟན་པོར་སྐྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དེ་ཨང་དང་པོར་འཇོག་དགོས།  ས་གནས་ཁག་དང་སྡེ་ཚན་ཁག་དང་། རིགས་སྣ་ཚོགས་པའི་ཁེ་ལས་བཅས་ཚང་མས་བདེ་འཇགས་ཐོན་སྐྱེད་ཐད་ཚད་གཞི་མཐོན་པོ་འཛིན་པ་དང་བླང་བྱ་ནན་མོ་འདོན་པ་རྒྱུན་འཁྱོངས་བྱས་ཏེ།  ཚོང་འགུགས་དངུལ་འདྲེན་བྱེད་པ་དང་།  ལས་གཞི་གཤོམ་དུས་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ་དམ་པོར་སྲུང་དགོས་པ་དང་།  བདེ་འཇགས་ཐོན་སྐྱེད་ཀྱི་དམིགས་ཚད་དཔྱད་ཞིབ་གལ་ཆེ་རུ་གཏོང་དགོས།  བདེ་འཇགས་ཐོན་སྐྱེད་དང་བདེ་འཇགས་ཐོན་སྐྱེད་ཐད་ཀྱི་དོན་རྐྱེན་ཚབས་ཆེན་གྱི་ཉེན་ཁའི་སྐོར་ལ་“གཅིག་ཆད་ཁྲ་སློག་”ལག་བསྟར་བྱེད་དགོས། འགན་འཁྲི་རི་ལས་ལྗིད། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་བར་འཛུགས་རྒྱུ་དམ་འཛིན་བྱས་ཏེ།  ཏང་སྲིད་འགོ་ཁྲིད་པ་དང་པོས་ངོ་སྒྲུབ་ངོ་འཛིན་བྱས་ཏེ་སྒྲུབ་དགོས།  བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དེ་ལས་གནས་རེ་རེའི་ཐོག་དང་མི་རེ་རེའི་ཐོག་ཏུ་དཀྲི་དགོས་པ་དང་།  ལས་རིགས་དོ་དམ་བྱེད་ན་ངེས་པར་དུ་དེའི་བདེ་འཇགས་ཐོན་སྐྱེད་ལ་ཡང་དོ་དམ་བྱེད་དགོས་པ་དང་།  ལས་སྒོ་དོ་དམ་བྱེད་ན་ངེས་པར་དུ་དེའི་བདེ་འཇགས་ཀྱང་དོ་དམ་བྱེད་དགོས་པ་རྒྱུན་འཁྱོངས་དང་།  ལྟ་སྐུལ་དང་ཞིབ་བཤེར་ལ་ཤུགས་སྣོན་དང་། དཔྱད་ཞིབ་དང་བྱ་དགའམ་ཆད་པ་ལ་གཟབ་ནན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀར་སྐུལ་འདེད་གཏོང་དགོས།།

ཁེ་ལས་ཡོད་ཚད་ཀྱིས་ངེས་པར་དུ་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་ནན་ཏན་གྱིས་ཁུར་ཏེ། བདེ་འཇགས་ཐད་ཀྱི་གཏོང་སྒོ་དོན་ལ་གནས་པ་དང་། བདེ་འཇགས་སྐོར་གྱི་གསོ་སྦྱོང་དོན་ལ་གནས་པ། རྨང་གཞིའི་དོ་དམ་དོན་ལ་གནས་པ། འཕྲལ་བསྟུན་སྐྱོབ་རོགས་དོན་ལ་གནས་པ་བཅས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཁག་ཐེག་བྱེད་དགོས། ཀྲུང་དབྱང་གི་ཁེ་ལས་ཀྱིས་སྣེ་ཁྲིད་ནས་མིག་དཔེ་སྟོན་དགོས།  རིམ་པ་ཁག་གི་སྲིད་གཞུང་གིས་རང་བདག་ཁོངས་ཀྱི་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་དགོས་པ་དང་། ཁྲིམས་སྲོལ་ལྟར་ནན་སྒྲུབ་ནན་འཛིན་བྱེད་དགོས།།

བདེ་འཇགས་ཐོན་སྐྱེད་ཐད་ཆུ་མ་བྱུང་གོང་ལ་རགས་རྒྱག་པ་རྒྱུན་འཁྱོངས་བྱེད་དགོས།  མུ་མཐུད་དུ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་པོ་སྤེལ་ནས། “ཡོངས་ལ་ཁེབས་པ་དང་གུ་ཡངས་སྤུ་ཙམ་མེད་པ། ཁྲིམས་བསྟར་ནན་མོ་བྱེད་པ། དོན་འབྲས་གཙིགས་སུ་འཛིན་པ་”བཅས་བྱེད་ཐུབ་དགོས།  བརྡ་ཐོ་མི་གཏོང་བ་དང་། སྐད་འཕྲིན་མི་གཏོང་བ། སྙན་ཞུ་མི་ཉན་པ། འགྲོ་རོགས་དང་སྣེ་ལེན་མི་དགོས་པར་ཐད་ཀར་གཞི་རིམ་དང་གནས་ཡུལ་དངོས་ལ་རྒྱུག་པའི་ཐབས་ཀྱིས་གསང་བཤེར་གསང་འདྲི་བྱེད་དགོས་པ་དང་། ལྷག་པར་དུ་ས་འོག་གི་སྣུམ་འདྲེན་སྦུག་ལམ་དྲ་བ་ལྟ་བུའི་མིག་གིས་མི་རིག་པའི་བག་ཉལ་རྐྱེན་ངན་འབྱུང་གནས་ལ་ཞིབ་བཤེར་ཟབ་མོ་བྱེད་དགོས། བག་ཉལ་རྐྱེན་ངན་བཅོས་སྒྲིག་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ལས་ཀའི་འགན་འཁྲིའི་ལམ་ལུགས་བཙུགས་ནས།  སུས་ཞིབ་བཤེར་བྱེད་ན་དེས་མིང་རྟགས་འགོད་དགོས་པ་དང་། དེས་འགན་འཁྲི་འཁུར་དགོས་པ་ལག་བསྟར་བྱེད་དགོས།  འཕྲི་ཆ་གཅིག་ཀྱང་མེད་པ་དང་། ལུས་ཆ་ཤོར་ཆ་ཟུར་ཙམ་མེད་པ། ཁྲེལ་སེལ་སླ་བཅོས་མི་བྱེད་པ་བཅས་བྱས་ཏེ། མིག་མཐོང་ལག་ཟིན་གྱི་དོན་འབྲས་ཐོན་ཐུབ་པར་བྱེད་དགོས།།

“བཟོ་གྲྭ་གཅིག་ལ་ཆག་སྒོ་བྱུང་ན། བཟོ་གྲྭ་ཀུན་ལ་བསླབ་བྱ་ཐོབ་པ་དང་། ས་གནས་གཅིག་ལ་བག་ཉལ་རྐྱེན་ངན་ཡོད་ན། རྒྱབ་ཁབ་ཡོངས་ལ་ཉེན་བརྡ་གཏོང་བ”བྱེད་ཐུབ་དགོས།  ས་གནས་ཁག་དང་ལས་རིགས་དང་ཁྱབ་ཁོངས་ཁག་གིས་བདེ་འཇགས་དོན་རྐྱེན་གྱིས་བཟོས་པའི་བསླབ་བྱ་དང་ལེན་ཟབ་མོ་བྱས་ནས། བདེ་འཇགས་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་། བདེ་འཇགས་ཀྱི་ལྟ་སྐུལ་དང་དོ་དམ་ལེགས་སྒྱུར།  སྔོན་ཟོན་བྱེད་ཐབས་དོན་འཁྱོལ་བཅས་བྱེད་དགོས། །

དགུན་ཁ་སླེབས་ཟིན་པས། ལོ་གསར་གྱི་སྔ་གཞུག་ནི་ནམ་ཡང་དོན་རྐྱེན་འབྱུང་མང་དུས་ཡིན། ཚང་མས་ཏང་དང་མི་དམངས་ལ་འགན་འཁྲི་ཚད་མཐོན་པོ་འཁུར་བའི་རྣམ་འགྱུར་འཛིན་པ་དང་། བདེ་འཇགས་ལ་རིག་པ་དམ་པོར་སྒྲིམ་པ། ལས་ཀ་ཁག་ཕྲ་རྒྱས་འཐུས་གསུམ་དུ་འཛིན་པ་བཅས་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་དོན་རྐྱེན་ཚབས་ཆེན་བཀག་འགོག་བྱས་ནས།  རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་རྒྱུན་མཐུད་དུ་བརྟན་བརླིང་དང་ཡག་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད།།