
༄༅།། རང་རྒྱལ་འདི་ཉིད་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
(2014ལོའི་ཟླ་2ཚེས་27ཉིན།)
དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་ཀ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་གོང་འཕེལ་ལ་ཐུག་ཡོད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལས་ཀ་དང་འཚོ་བར་ཐུག་ཡོད་པའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་པོ་ཞིག་ཡིན་པས། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་ཆེ་ས་ནས་གཞིགས་ཏེ་སྤྱི་ཡོངས་ནས་བཀོད་སྒྲིག་དང་། ཕྱོགས་སོ་སོ་སྡེབ་འཛིན། གསར་གཏོད་སྒོས་གོང་སྤེལ་བཅས་བྱས་ཏེ། རང་རྒྱལ་འདི་ཉིད་དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།།
ད་ལྟའི་འཛམ་གླིང་དུ་ཆ་འཕྲིན་ལག་རྩལ་གྱི་གསར་བརྗེ་དབྱར་གྱི་མཚོ་མོ་ལྟར་རྒྱས་བཞིན་ཡོད་པས། རྒྱལ་སྤྱིའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། དམག་དོན་སོགས་ཁྱབ་ཁོངས་ཀྱི་གོང་འཕེལ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད་པ་རེད། ཆ་འཕྲིན་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་གཉིས་ཕན་ཚུན་སྐུལ་འདེད་གཏོང་རེས་བྱེད་པ་དང་། འཕྲིན་སྦྲེལ་དྲ་བ་དེ་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིར་ཁྱབ་ནས་མི་རྣམས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཟབ་མོ་བཏང་ཡོད། རང་རྒྱལ་ཡང་དར་རྒྱུན་དྲག་པོ་དེའི་ནང་གནས་ཡོད་པས། དེའི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། རང་རྒྱལ་གྱི་འཕྲིན་སྦྲེལ་དྲ་བ་དང་ཆ་འཕྲིན་ཅན་གྱི་ལས་ཀའི་ཐད་གོང་འཕེལ་གྱི་གྲུབ་འབྲས་མངོན་གསལ་ཆེ་བ་ཐོབ་ཡོད་པ་དང་། དྲ་རྒྱ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་འཐེན་ཡོད་པ་དང་དྲ་དམངས་ཀྱི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་གྱུར་ཏེ། རང་རྒྱལ་འདི་ཉིད་དྲ་རྒྱའི་རྒྱལ་ཁབ་ཆེན་པོ་ཆགས་ཡོད། དེ་དང་ལྷན་དུ་ཤེས་དགོས་པ་ཞིག་ནི། ང་ཚོ་རང་རྟེན་གསར་གཏོད་ཀྱི་ཐད་ལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད་པ་དང་། ས་ཁོངས་ཁག་བར་དང་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་ཅུང་ཟད་མངོན་གསལ་ཆེ་ལ། ཁྱད་པར་དུ་མི་རེའི་ཆ་སྙོམ་གྱི་དྲ་ཆེན་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ན་ཧེ་བག་ཆེ་ཙམ་གནས་ཡོད་པ་དང་། རྒྱལ་ནང་གི་མཉམ་སྦྲེལ་དྲ་རྒྱའི་གོང་འཕེལ་གྱི་བུམ་སྐེ་ལྟ་བུའི་ཚོད་བཀག་སྔར་བཞིན་མངོན་གསལ་ཆེ་བ་བཅས་རེད།།
དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་དེ་རྒྱལ་ཁབ་ཅིག་གི་ཁྱབ་ཁོངས་མང་པོར་ཆ་བཞག་ན་སྐྲ་རྩེ་གཅིག་གིས་ལུས་ཕུང་ཡོངས་རྫོགས་སྒུལ་ནུས་པའི་བདག་ཉིད་ཅན་ཡིན་པས། ང་ཚོའི་མདུན་དུ་ལྷགས་པའི་གནས་བབ་དང་ལས་འགན་གསལ་པོར་ངེས་དགོས་པ་དང་། ལས་ཀ་དེ་ཡག་པོར་སྒྲུབ་པའི་གལ་འགངས་ཆེ་ཚུལ་དང་དགོས་གཏུགས་ཆེ་ཚུལ་སྒོ་ཀུན་ནུས་ཤེས་རྟོགས་བྱས་ཏེ། བབས་དང་སྟབས་ལ་བསྟུན་ནས་བྱ་བ་རྩོམ་དགོས། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ནི་ཕུང་པོ་གཅིག་གི་གཤོག་ཟུང་དང་སྒུལ་བྱེད་ཀྱི་འཁོར་ལོ་ཟུང་ཡིན་པས། ངེས་པར་དུ་གཅིག་གྱུར་གྱིས་འཆར་འགོད་དང་། གཅིག་གྱུར་གྱིས་བཀོད་སྒྲིག གཅིག་གྱུར་གྱིས་སྐུལ་འདེད། གཅིག་གྱུར་གྱིས་ལག་བསྟར་བཅས་བྱེད་དགོས། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་ཀ་ཡག་པོར་སྒྲུབ་དགོས་ན། བདེ་འཇགས་དང་གོང་འཕེལ་གཉིས་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ། གོམ་སྟབས་གཅིག་གྱུར་དང་། དཔུང་བ་མཉམ་གཤིབ་ཀྱིས་མཉམ་སྐྱོད་ཡོང་བར་བྱེད་པ་དང་། བདེ་འཇགས་ཀྱིས་གོང་འཕེལ་འགན་སྲུང་དང་གོང་འཕེལ་གྱིས་བདེ་འཇགས་ལ་སྐུལ་འདེད་གཏོང་བའི་ཐོག་ནས། ཡུན་རིང་བདེ་འཇགས་ཡོང་བའི་རྣམ་པ་དང་ཡུན་རིང་བདེ་སྐྱོང་ཡོང་བའི་བྱ་གཞག་ཧུར་ཐག་གིས་འགྲུབ་པར་བྱེད་དགོས།།
དྲ་ཐོག་གླེང་ཕྱོགས་ཀྱི་ལས་ཀ་ཡག་པོར་བསྒྲུབ་རྒྱུ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་པ་དང་། དྲ་ཐོག་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་དང་ལེགས་སྒྱུར་བྱེད་པ་དང་། དྲ་ཐོག་སྒྲོག་སྤེལ་བྱེད་པའི་ཆོས་ཉིད་བེད་སྤྱོད་བྱས་ཏེ། དབྱངས་རྟ་གཙོ་བོ་དར་སྤེལ་དང་དྲང་ཕྱོགས་ཀྱི་ནུས་སྟོབས་སྐུལ་སློང་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་བསྲིང་དང་ཉམས་ལེན་ཤུགས་ཆེན་བྱེད་པ། དྲ་ཐོག་གླེང་ཕྱོགས་ཀྱིས་སྣེ་ཁྲིད་བྱེད་པའི་དུས་དང་ཚད་དང་ཕན་ནུས་བཅས་ཁོང་དུ་ཆུད་པ་བྱས་ནས་དྲ་རྒྱའི་གནམ་ངོ་ཐང་དུ་འཇུག་དགོས།།
དྲ་ཐོག་གི་ཆ་འཕྲིན་ནི་རྒྱལ་ཁོངས་བརྒལ་ནས་འཁོར་རྒྱུག་བྱེད་པ་ཞིག་ཡིན་པ་དང་། ཆ་འཕྲིན་རྒྱུག་རྒྱུན་གྱིས་ལག་རྩལ་གྱི་དར་རྒྱུན་དང་། གྲོན་དངུལ་གྱི་འཁོར་རྒྱུན། ཤེས་ལྡན་པའི་འཁོར་རྒྱུན་བཅས་སྣེ་ཁྲིད་བྱེད་པ་རེད་ལ། ཆ་འཕྲིན་གྱི་ཐོན་ཁུངས་དེ་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་དང་སྤྱི་ཚོགས་ཀྱི་རྒྱུ་ནོར་ལ་འགྱུར་ཤུགས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད་པས། ཆ་འཕྲིན་བདག་གིར་ཟིན་མང་ཉུང་དེ་རྒྱལ་ཁབ་ཀྱི་མཉེན་སྟོབས་དང་འགྲན་རྩོད་ནུས་ཤུགས་ཆེ་ཞན་གྱི་མཚོན་རྟགས་གལ་ཆེན་པོ་ཆགས་ཡོད། ཆ་འཕྲིན་ལག་རྩལ་དང་ཐོན་ལས་འཕེལ་ཚད་ཀྱིས་ཆ་འཕྲིན་ཅན་གྱི་གོང་འཕེལ་ཆུ་ཚད་ཐག་གཅོད་ཀྱི་ཡོད་པས། སྙིང་པོའི་ལག་རྩལ་གྱི་རང་རྟེན་གསར་གཏོད་དང་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཆ་འཕྲིན་བསྡུ་ལེན་དང་། ཐག་གཅོད། སྒྲོག་སྤེལ། བེད་སྤྱོད། བདེ་འཇགས་བཅས་ཀྱི་ནུས་སྟོབས་ཆེ་རུ་བཏང་ནས་དམངས་འཚོ་ལ་ཕན་སྐྱེད་སྔར་ལས་ལྷག་པ་སྦྱིན་དགོས།།
དྲ་རྒྱའི་བདེ་འཇགས་མེད་ན་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱང་མེད་པ་དང་། ཆ་འཕྲིན་ཅན་མེད་ན་དེང་རབས་ཅན་མེད་པ་རེད། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ན། རང་ཉིད་ཀྱི་ལག་རྩལ་ཡོད་དགོས་ལ། མཐར་ཆོད་པའི་ནུས་པ་ཡོད་དགོས་པ་དང་གཅིག ཕུན་ཚོགས་སྣ་འཛོམས་ཀྱི་ཆ་འཕྲིན་ཞབས་ཞུ་ཡོད་དགོས་ལ། གྲ་རྒྱས་གོང་འཕེལ་གྱི་དྲ་རྒྱའི་རིག་གནས་ཡོད་དགོས་པ་དང་གཉིས། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཡག་པོ་ཡོད་དགོས་ལ། སྟོབས་ཤུགས་ཆེན་པོ་ལྡན་པའི་ཆ་འཕྲིན་གྱི་དཔལ་འབྱོར་ཡོད་དགོས་པ་དང་གསུམ། བྱང་ཚད་མཐོ་བའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཕྱོགས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་ཡོད་དགོས་པ་དང་བཞི། ཕྱོགས་གཉིས་དང་ཕྱོགས་མང་གི་འཕྲིན་སྦྲེལ་དྲ་བའི་ཐད་ཀྱི་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཧུར་ཐག་གིས་སྤེལ་དགོས་པ་དང་ལྔ་བཅས་ཡིན། དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་དེ“ལོ་བརྒྱ་གཉིས་ཀྱི”་འབད་འཐབ་དམིགས་འབེན་དང་ལྷན་དུ་གོམ་སྟབས་གཅིག་གྱུར་གྱིས་སྐུལ་འདེད་བཏང་ནས། དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་གཞི་རྩའི་ཐོག་ཁྱབ་གདལ་བྱུང་བ་དང་། རང་རྟེན་གསར་གཏོད་ནུས་ཤུགས་མངོན་གསལ་གྱིས་ཆེ་རུ་སོང་བ། ཆ་འཕྲིན་དཔལ་འབྱོར་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། དྲ་རྒྱའི་བདེ་འཇགས་འགན་སྲུང་ཤུགས་ཆེན་བྱེད་པ་བཅས་ཀྱི་དམིགས་འབེན་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་དགོས།།
ཆ་འཕྲིན་ལག་རྩལ་དང་དྲ་རྒྱའི་ལག་རྩལ་ཞིབ་འཇུག་དང་གོང་སྤེལ་འཐབ་ཇུས་ཆ་ཚང་ཞིག་གཏན་འབེབས་བཟོས་ཏེ། ཚན་ཞིབ་གྲུབ་འབྲས་སྤོ་སྒྱུར་ཡོང་རྒྱུའི་གནད་དོན་ཤུགས་ཆེན་པོ་བརྒྱབ་ནས་ཐག་གཅོད་བྱེད་དགོས། ཁེ་ལས་གོང་སྤེལ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ནས་དེ་ཚོ་ལག་རྩལ་གསར་གཏོད་བྱེད་པའི་བྱེད་པོར་ཆགས་སུ་འཇུག་དགོས་པ་དང་། ཆ་འཕྲིན་ཐོན་ལས་གོང་སྤེལ་གཏོང་བའི་བྱེད་པོར་ཆགས་སུ་འཇུག་དགོས། ཁྲིམས་འཛུགས་ཀྱི་འཆར་བཀོད་དམ་འཛིན་གྱིས་གཏན་འབེབས་བཟོས་ཏེ། འཕྲིན་སྦྲེལ་དྲ་བའི་ཐོག་གི་ཆ་འཕྲིན་གྱི་ནང་དོན་དོ་དམ་དང་གནད་འགག་གི་ཆ་འཕྲིན་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོབ་བྱེད་པ་སོགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་གཏོང་དགོས་པ་དང་། ཁྲིམས་ལྟར་དྲ་རྒྱའི་བར་སྟོང་བཅོས་སྐྱོང་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།།
དྲ་རྒྱའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་ན། ཤེས་ལྡན་མི་སྣའི་ཐོན་ཁུངས་ཕྱོགས་བསྡུས་བྱས་ཏེ། ཆབ་སྲིད་བཟང་བ་དང་། ལས་སྒོ་འབྱོངས་པ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་དཔུང་ཁག་སྟོབས་ཆེན་ཞིག་འཛུགས་སྐྲུན་བྱེད་དགོས། “དམག་མི་ཁྲི་སྟོང་ཐོབ་སླ་ཡང་། །ལས་འཇོན་དམག་དཔོན་གཅིག་མི་རྙེད།།”ཟེར་བ་ལྟར། འཛམ་གླིང་གི་ཆུ་ཚད་ལྡན་པའི་ཚན་རིག་པ་དང་། དྲ་རྒྱའི་ལག་རྩལ་གྱི་སྣེ་འདྲེན་ཤེས་ལྡན་པ། ཕུལ་དུ་བྱུང་བའི་བཟོ་བཀོད་པ། ཆུ་ཚད་མཐོ་བའི་གསར་གཏོད་རུ་ཁག་བཅས་སྐྱེད་བསྲིང་བྱེད་དགོས།།
ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འགོ་ཁྲིད་ཚོ་ཆུང་གིས་གཅིག་བསྡུས་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་ཁག་གི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་སྐོར་གྱི་གནད་དོན་གལ་ཆེན་གྱི་རིགས་སྡེབ་འཛིན་དང་སྙོམ་སྒྲིག་དང་། རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གོང་སྤེལ་གཏོང་ཕྱོགས་སྐོར་གྱི་འཐབ་ཇུས་དང་། སྤྱི་ཁོག་གི་འཆར་བཀོད། གལ་ཆེའི་སྲིད་ཇུས་བཅས་གཏན་འབེབས་དང་ལག་བསྟར་བྱས་ཐོག བདེ་འཇགས་འགན་སྲུང་བྱེད་པའི་ནུས་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་སྐྱེད་དགོས།།