ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་སོ་དྲུག་པ།༽སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བགྲོད་ལམ་དུ་སྐྱོད་དགོས།

ཁུངས། ཀློག་གྲངས།

༄༅།། སྤྱི་ཁོག་གི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བགྲོད་ལམ་དུ་སྐྱོད་དགོས།

(2014ལོའི་ཟླ་4ཚེས་15ཉིན།)

རྒྱལ་ཁབ་བདེ་འཇགས་ཀྱི་གནས་བབ་འགྱུར་ལྡོག་གི་ཁྱད་ཆོས་གསར་པ་དང་འཕེལ་ཕྱོགས་གསར་པའི་གནད་ཟིན་པར་བྱས་ཏེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བགྲོད་ལམ་ཞིག་གཏོད་དགོས།།

ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་བསྐྱེད་དེ་བདེ་བར་སྡོད་དུས་ཉམས་ཉེས་དྲན་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ཏང་གིས་ཏང་སྐྱོང་རྒྱལ་སྐྱོང་བྱེད་ཚེ་ངེས་པར་དུ་ནམ་ཡིན་ཡང་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་ཞིག་ཡིན། ང་ཚོའི་ཏང་གིས་སྲིད་དབང་སྐྱོང་བའི་གོ་གནས་སྲ་བརྟན་གཏོང་བ་དང་། མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས་ན། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་ནི་དོན་ཆེན་ཨང་དང་པོ་ཡིན།།

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཐག་བཅད་པ་ནི། རྒྱལ་ཁབ་སྐྱོང་བའི་མ་ལག་དང་རྒྱལ་ཁབ་སྐྱོང་བའི་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ་དང་།  རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བའི་དགོས་གཏུགས་ཆེ་བའི་བླང་བྱ་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུའི་འགན་སྲུང་གལ་ཆེན་ཞིག་ཡིན་ཞིང་།   དེའི་དམིགས་ཡུལ་ནི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ཀྱི་མདུན་དུ་ལྷགས་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་སྔར་ལས་ལེགས་པར་བསྟུན་ནས། གཅིག་བསྡུས་གཅིག་གྱུར་དང་ནུས་ཆེ་དབང་གྲགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་སྒྲིག་སྲོལ་བཙུགས་ཏེ། རྒྱབ་ཁབ་བདེ་འཇགས་ཀྱི་ལས་ཀར་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དེ་ཡིན།  །

མིག་སྔའི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་ནང་དོན་དང་ཁྱབ་ཡུལ་དེ་ལོ་རྒྱུས་སྟེང་གི་དུས་སྐབས་གང་ཞིག་ལས་ཀྱང་ཕུན་སུམ་ཚོགས་པར་གྱུར་ཡོད་པ་དང་།   ཡུལ་དུས་ཀྱི་ཁྱབ་ཁོངས་དེ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་རྒྱ་ཆེ་བར་གྱུར་ཡོད་ལ།  ཕྱི་ནང་གི་རྒྱུ་རྐྱེན་དེ་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་རྙོག་འཛིང་ཆེ་བར་གྱུར་ཡོད་པས།  ངེས་པར་དུ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ།  མི་དམངས་བདེ་འཇགས་ཡོང་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་། ཆབ་སྲིད་བདེ་འཇགས་ཡོང་རྒྱུ་རྩ་བར་འཛིན་པ། དཔལ་འབྱོར་བདེ་འཇགས་ཡོང་རྒྱུ་རྨང་གཞིར་འཛིན་པ།  དམག་དོན་དང་རིག་གནས་དང་སྤྱི་ཚོགས་གསུམ་བདེ་འཇགས་ཡོང་རྒྱུ་འགན་སྲུང་དུ་འཛིན་པ།  རྒྱལ་སྤྱི་བདེ་འཇགས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྟེན་གཞིར་འཛིན་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་བགྲོད་ལམ་ཞིག་གཏོད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་ན། ངེས་པར་དུ་ཕྱིའི་བདེ་འཇགས་ལ་མཐོང་ཆེན་བྱེད་པས་མི་ཚད་ནང་གི་བདེ་འཇགས་ལ་ཡང་མཐོང་ཆེན་བྱེད་དགོས་པ་སྟེ། ནང་ཕྱོགས་སུ་གོང་འཕེལ་གཉེར་བ་དང་། གསར་སྒྱུར་གཉེར་བ། བརྟན་བརླིང་གཉེར་བ་བཅས་ཀྱི་ཐོག་ནས་དུས་བདེ་ཞོད་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་པ་དང་།  ཕྱི་ཕྱོགས་སུ་ཞི་བདེ་གཉེར་བ་དང་། མཉམ་ལས་གཉེར་བ། མཉམ་ཁེ་གཉེར་བ་བཅས་ཀྱི་ཐོག་ནས་ཞི་མཐུན་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་དགོས་པ་དང་གཅིག  རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པས་མི་ཚད་རྒྱལ་དམངས་ཀྱི་བདེ་འཇགས་ལ་ཡང་མཐོང་ཆེན་བྱེད་དགོས་པ་སྟེ།  མི་དམངས་རྩ་བར་འཛིན་པ་དང་མི་རྩ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། རྒྱལ་ཁབ་བདེ་འཇགས་ཡོང་བར་བྱེད་པ་ཐམས་ཅད་མི་དམངས་ཀྱི་དོན་དུ་ཡིན་པ་དང་།ཐམས་ཅད་མི་དམངས་ལ་རྒྱབ་བརྟེན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ཀྱི་མང་ཚོགས་ཀྱི་རྨང་གཞི་དངོས་གནས་བརྟན་པོ་འདིང་དགོས་པ་གཉིས། སྲོལ་རྒྱུན་གྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པས་མི་ཚད་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ལ་ཡང་མཐོང་ཆེན་བྱེད་དགོས་པ་སྟེ།  ཆབ་སྲིད་ཀྱི་བདེ་འཇགས་དང་། རིག་གནས་ཀྱི་བདེ་འཇགས། སྤྱི་ཚོགས་ཀྱི་བདེ་འཇགས། ཚན་རྩལ་གྱི་བདེ་འཇགས། ཆ་འཕྲིན་གྱི་བདེ་འཇགས། སྐྱེ་ཁམས་ཀྱི་བདེ་འཇགས།  ཐོན་ཁུངས་ཀྱི་བདེ་འཇགས། ཉིང་རྡུལ་གྱི་བདེ་འཇགས་བཅས་གཞི་གཅིག་ཏུ་བསྡུས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་མ་ལག་ཅིག་འཛུགས་དགོས་པ་དང་གསུམ། གོང་འཕེལ་གྱི་གནད་དོན་ལ་མཐོང་ཆེན་བྱེད་པས་མི་ཚད་བདེ་འཇགས་ཀྱི་གནད་དོན་ལ་ཡང་མཐོང་ཆེན་བྱེད་དགོས་པ་སྟེ།  གོང་འཕེལ་ནི་བདེ་འཇགས་ཀྱི་རྨང་གཞི་ཡིན་པ་དང་། བདེ་འཇགས་ནི་གོང་འཕེལ་གྱི་ཆ་རྐྱེན་ཡིན་ཞིང་། རྒྱལ་ཁབ་སྟོབས་འབྱོར་རྒྱས་ན་གཞི་ནས་དམག་སྟོབས་ཆེ་རུ་སྐྱེད་ཐུབ་པ་དང་། དམག་སྟོབས་ཆེ་རུ་བསྐྱེད་ན་གཞི་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཐུབ་པ་བཅས་དང་བཞི། རང་ཉིད་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པས་མི་ཚད་ཐུན་མོང་གི་བདེ་འཇགས་ལ་ཡང་མཐོང་ཆེན་བྱེད་དགོས་པ་སྟེ། ལས་དབང་གཅིག་པའི་ཚོགས་སྡེ་བསྒྲིགས་ནས་ཕྱོགས་ཚང་མ་གཉིས་ཕན་མཉམ་ཁེ་ཡོང་བ་དང་།   ཐུན་མོང་ཐོག་བདེ་འཇགས་ཡོང་བའི་དམིགས་འབེན་གྱི་ཕྱོགས་སུ་མཉམ་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།།

ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་གཅིག་བསྡུས་གཅིག་གྱུར་དང་། ཚན་རིག་དང་མཐུན་པར་འཆར་འགོད། གཅིག་གྱུར་དང་ཁ་ཐོར་ཟུང་འབྲེལ། མཐུན་སྦྱོར་ངང་བྱ་བ་རྩོམ་པ། འཇོན་ཆེ་ནུས་ལྡན་བཅས་ཀྱི་རྩ་དོན་ལྟར། གཙོ་གནད་ལ་དམིགས་གཏོང་པ་དང་རྩ་བ་བཟུང་ནས་ཡན་ལག་ཁྲིད་པའི་སྒོ་ནས་རྒྱལ་ཁབ་བདེ་འཇགས་ལས་ཀའི་གཅིག་གྱུར་གྱི་བཀོད་སྒྲིག་ལ་རྩེ་གཅིག་ཏུ་དམིགས་ནས་དོན་འཁྱོལ་དཔྱིས་ཕྱིན་པ་བྱེད་དགོས།།