ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་སོ་བདུན་པ།༽རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ལྷིང་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ཁུངས། ཀློག་གྲངས།

༄༅།།  རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ལྷིང་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

(2014ལོའི་ཟླ་4ཚེས་25ཉིན།)

གནས་བབ་གསར་པ་དང་འགྲན་སློང་གསར་པའི་མདུན་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ལྷིང་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ནི། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་། “ལོ་བརྒྱ་གཉིས་ཀྱི་”འབད་འཐབ་དམིགས་འབེན་མངོན་འགྱུར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར་ཆ་མཚོན་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ས་ཁུལ་ཁག་དང་སྡེ་ཁག་ཚང་མས་རང་ལས་རང་སྒྲུབ་དང་རང་འགན་རང་འཁུར། གཞོགས་འདེགས་དམ་པོ་དང་ཤུགས་བསྒྲིལ་མཉམ་ལས།  ཁག་འཁུར་ལེན་ཕོད་པ་དང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ།  རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ལྷིང་འཇགས་སྲུང་སྐྱོང་བྱེད་པའི་སྒྲིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།།

བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་དུ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བསྒྱུར་བཅོས་དང་གོང་སྤེལ་དང་བརྟན་བརླིང་གསུམ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱས་ཡོད་པ་དང་།   ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་ལྷིང་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་རྨང་གཞིའི་རང་བཞིན་གྱི་ལས་ཀ་ཞིག་ཏུ་བརྩིས་ཡོད།   ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་གནས་བབ་ཆེན་པོ་བརྟན་བརླིང་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད། “བདེ་བའི་དུས་ལ་ཉེན་ཁ་མི་བརྗེད། གནས་པའི་དུས་ལ་འཇིག་པ་མི་བརྗེད། འཇགས་པའི་དུས་ལ་འཁྲུག་ཟིང་མི་བརྗེད།”ཟེར་བ་ལྟར།  ང་ཚོས་དེ་དང་ཕྱོགས་མཚུངས་ངེས་པར་དུ་གསལ་པོར་ཤེས་དགོས་པ་ནི། གནས་བབ་གསར་པའི་འོག་གི་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་ལྷིང་འཇགས་ལ་འཕྲད་པའི་འཇིགས་སྐུལ་དང་འགྲན་སློང་མང་དུ་འགྲོ་བ་དང་།  ལྷག་པར་དུ་འཇིགས་སྐུལ་དང་འགྲན་སློང་སྣ་ཚོགས་མཉམ་འགུལ་གྱི་བྱེད་རྐྱེན་མངོན་གསལ་ཇེ་ཆེར་འགྲོ་བ་རེད།   དེ་ལ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་འཛིན་དགོས་པ་དང་གཞི་ཐིག་གི་བསམ་གཞིགས་ཆེར་སྐྱེད་ཀྱིས་རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་།  དོ་དམ་དང་། ཐག་གཅོད་བཅས་ནུས་ལྡན་བྱེད་དགོས་པ་དང་།  སྤྱི་ཚོགས་ལྷིང་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་དང་། ཐག་གཅོད། འདུམ་སེལ་བཅས་ཤུགས་དང་ལྡན་པར་བྱེད་དགོས།།

ས་ཁུལ་ཁག་དང་སྡེ་ཁག་ཁག་ཚང་མས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐར་ཕྱིན་བྱེད་པ་དང་།  རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་གནས་བབ་འགྱུར་ལྡོག་འགྲོ་བའི་ཁྱད་ཆོས་གསར་པ་དང་འཕེལ་ཕྱོགས་གསར་པའི་གནད་ཟིན་པར་བྱས་ཏེ།  ཕྱིའི་བདེ་འཇགས་ལ་མཐོང་ཆེན་བྱེད་པས་མི་ཚད་ནང་གི་བདེ་འཇགས་ལ་ཡང་མཐོང་ཆེན་བྱེད་པ་དང་།  རྒྱལ་ཁབ་མངའ་ཁོངས་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པས་མི་ཚད་རྒྱལ་དམངས་ཀྱི་བདེ་འཇགས་ལ་ཡང་མཐོང་ཆེན་བྱེད་པ། སྲོལ་རྒྱུན་གྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པས་མི་ཚད་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ལ་ཡང་མཐོང་ཆེན་བྱེད་པ།   གོང་འཕེལ་གྱི་གནད་དོན་ལ་མཐོང་ཆེན་བྱེད་པས་མི་ཚད་བདེ་འཇགས་ཀྱི་གནད་དོན་ལ་ཡང་མཐོང་ཆེན་བྱེད་པ། རང་ཉིད་ཀྱི་བདེ་འཇགས་ལ་མཐོང་ཆེན་བྱེད་པས་མི་ཚད་ཐུན་མོང་གི་བདེ་འཇགས་ལ་ཡང་མཐོང་ཆེན་བྱེད་པ་བཅས་ཀྱི་སྒོ་ནས་རྒྱལ་ཁབ་བདེ་འཇགས་ཡོང་བའི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། མི་དམངས་མང་ཚོགས་ལ་རྒྱལ་ཁབ་བདེ་འཇགས་སྐོར་གྱི་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་ནས། དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་འདུ་ཤེས་ཆེ་རུ་སྐྱེད་དགོས།།

འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་། བསྒྱུར་བཅོས་བརྟན་བརླིང་གོང་སྤེལ་གསུམ་གྱི་སྤྱི་ཁོག་དང་འབྲེལ་བ་ཡོད་པ་དང་།  དེ་ནི་མེས་རྒྱལ་གྱི་གཅིག་གྱུར་དང་། སྤྱི་ཚོགས་ཀྱི་ལྷིང་འཇགས།   མི་དམངས་ཀྱི་བདེ་སྐྱིད་བཅས་སྲུང་སྐྱོང་བྱེད་པའི་འཐབ་རྩོད་ཅིག་ཡིན་པས། ངེས་པར་དུ་བློ་ཐག་ཆོད་པའི་བྱེད་ཐབས་སྤྱད་དེ། རྡུང་རྡེག་དྲག་པོ་གཏོང་བའི་བཙན་སྟབས་རྒྱུན་འཁྱོངས་བྱས་ཏེ། གཏུམ་སྤྱོད་འཇིགས་སྐུལ་བའི་ཧམ་ཤེད་བློ་ཐག་རྦད་ཆོད་ཀྱིས་གནོན་དགོས།  འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་ཀའི་བཀོད་པ་འཐུས་སྒོ་ཚང་བ་འཛུགས་དགོས་པ་དང་།  འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་ཀའི་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་།  འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཆེད་ལས་དང་མང་ཚོགས་ཟུང་འབྲེལ་དང་མང་ཚོགས་ལ་རྒྱབ་རྟེན་བཅོལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  དམངས་འགོག་དམངས་བཅོས་ཀྱི་བྱེད་སྒོ་རྣམ་པ་སྣ་ཚོགས་གཏིང་ཟབ་མོར་སྤེལ་དགོས་པ་དང་། གཞོམ་གཞིག་མེད་པའི་ལྕགས་རི་བཙན་པོ་བརྩིགས་ནས་གཏུམ་སྤྱོད་འཇིག་སྐུལ་བ་ཚོ་“ཁྲོམ་དུ་ཙི་ཙི་མཐོང་ན་ཀུན་གྱིས་རྡུང་སྐད་རྒྱག་པའི”་གནས་སུ་འབྱིན་དགོས། རྒྱལ་གཅེས་ཆོས་ལུགས་མི་སྣའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཆོས་དད་མང་ཚོགས་ལ་དྲང་ཕྱོགས་ནས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ།  ཁོང་ཚོའི་རྒྱུན་ལྡན་གྱི་ཆོས་ལུགས་དགོས་མཁོ་སྐོང་དགོས་པས་མི་ཚད་ཆོས་ལུགས་ཐལ་སྐྱོད་པའི་བསམ་བློའི་སིམ་འཛུལ་བཀག་འགོག་ནུས་ལྡན་ཡང་བྱེད་དགོས།།

གཏུང་སྤྱོད་འཇིགས་སྐུལ་བྱེད་སྒོས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྣང་མེད་དུ་གཏོང་བ་དང་། མི་ཆོས་རིང་ལུགས་རྡོག་རོལ་དུ་གཏོང་བས། འགྲན་འཛུགས་ཡུལ་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་སྤྱི་མཐུན་བསྲུང་བྱའི་གཞི་ཐིག་ཡིན་པས། དེ་ནི་མི་རིགས་ཀྱི་གནད་དོན་མ་ཡིན་ལ། ཆོས་ལུགས་ཀྱི་གནད་དོན་ཡང་མ་ཡིན་པར།  མི་རིགས་ཁག་གི་མི་དམངས་ཀྱི་སྤྱི་དགྲ་རེད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡིད་ཆེས་དང་རྒྱབ་རྟེན་བཅོལ་བ་དང་། ཁོང་ཚོར་མཐུན་སྒྲིལ་བྱས་ཏེ་མཉམ་དུ་མི་རིགས་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་ལྷིང་འཇགས་སྲུང་སྐྱོང་བྱེད་དགོས།།

གནས་བབ་གསར་པའི་འོག་གི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོདལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་སྒྲེང་བ་དང་།  མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐུན་མོང་ཐོག་དར་རྒྱས་ཕུན་ཚོགས་ཡོང་བའི་བརྗོད་གཞི་རྒྱུན་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་ཟབ་མོར་སྤེལ་བ། མི་རིགས་མཐུན་སྒྲིལ་ཡོང་བའི་བསམ་བློའི་རྨང་གཞི་བརྟན་པོར་འདིང་བ།  ཚད་གང་ཆེའི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་བཅས་བྱེད་དགོས།  གཞི་རིམ་རྩ་འཛུགས་དང་གཞི་རིམ་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཟབ་ཞིབ་ཕྲ་གསུམ་གྱི་མང་ཚོགས་ཀྱི་ལས་ཀ་མང་ཙམ་སྒྲུབ་དགོས།  ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཡང་དག་པར་ཤེས་རྟོགས་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་གནོད་པ་སྐྱེལ་བའི་འགལ་བ་དང་རྩོད་གཞི་དུས་ཐོག་ཏུ་ཐག་གཅོད་འོས་འཚམ་བྱེད་དགོས་པ་དང་། མངའ་ཁོངས་ཕྱི་ནང་གི་དགྲར་ལངས་སྟོབས་ཤུགས་ཀྱིས་མི་རིགས་གནད་དོན་སྤྱད་དེ་ཁ་ཕྲལ་དང་། སིམ་འཛུལ། གཏོར་བརླག་བཅས་བྱེད་པའི་བྱེད་སྒོ་བློ་ཐག་རྦད་ཆོད་ཀྱིས་བཀག་འགོག་དང་དེ་ལ་རྡུང་རྡེག་གཏོང་དགོས།།

རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ན། ངེས་པར་དུ་སྤྱི་ཚོགས་ཞི་མཐུན་དང་བརྟན་བརླིང་ཡོང་བའི་ལས་ཀ་ཡག་པོར་སྒྲུབ་དགོས་པ་དང་།  སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་འདུམ་སེལ་བྱེད་པའི་ལས་དོན་ཡག་པོར་སྒྲུབ་དགོས་ཤིང་།  ལམ་ལུགས་དང་། ལམ་སྲོལ། སྲིད་ཇུས། ལས་ཀ་བཅས་ཀྱི་ཐད་སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་འདུམ་སེལ་བྱེད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གོང་འཕེལ་གྱི་ཡོངས་ཁྱབ་རང་བཞིན་དང་། མཐུན་འབྱོར་རང་བཞིན།  རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བ་དང་།  དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ།  འབྱུང་རྩ་ཉིད་ནས་སྤྱི་ཚོགས་ཀྱི་འགལ་བ་སྔོན་འགོག་དང་ཉུང་འཕྲི་བྱེད་དགོས།  སྤྱི་ཚོགས་དྲང་སྙོམ་དྲང་བདེན་ཡོང་བར་སྐུལ་འདེད་དང་། མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་རྒྱུ་དེ་འགོ་རྩོམ་ས་དང་མཇུག་སྒྲིལ་ས་བྱས་ཏེ།   ཕྱོགས་གང་ཅིའི་ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  གོང་འཕེལ་གྱི་གྲུབ་འབྲས་དེ་སྔར་ལས་མང་བ་དང་དྲང་སྙོམ་ངང་མི་དམངས་ཡོངས་རྗོགས་ལ་ཕན་པའི་གསོས་སུ་འགྱུར་བ་བྱེད་དགོས།  མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་བཟོ་བ་དང་དོན་འཁྱོལ་བྱེད་དགོས་པ་དང་།  སྤྱི་ཚོགས་བརྟན་བརླིང་གི་ཉེན་ཁར་ཚོད་དཔག་བྱེད་པའི་ལམ་སྲོལ་འཐུས་ཚང་བཟོ་བ་དང་དོན་འཁྱོལ་བྱེད་དགོས་ལ།   ཁེ་ཕན་གྱི་རྩོད་གཞི་སྔོན་འགོག་དང་ཉུང་དུ་གཏོང་དགོས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་སྔར་ལས་ལྷག་པ་བྱེད་དགོས། སྤྱིཚོགས་ཀྱི་འགལ་བ་རིགས་ཁག་ལ་ཆ་མཚོན་ན། མང་ཚོགས་ཀྱི་སྣེ་ཁྲིད་བྱས་ཏེ་བཅའ་ཁྲིམས་ཀྱི་གོ་རིམ་དང་བཅའ་ཁྲིམས་ཀྱི་ཐབས་ཤེས་ཐོག་ནས་ཐག་གཅོད་བྱེད་དུ་འཇུག་དགོས་པ་དང་། དོན་དག་སྒྲུབ་ན་ཁྲིམས་ལ་བསྟུན་པ་དང་། དོན་དག་འཕྲད་ན་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་ན་ཁྲིམས་སྤྱོད་པ། འགལ་བ་སེལ་ན་ཁྲིམས་ལ་རྟེན་པ་བཅས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།།