
༄༅། །སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པར་ཧུར་ཐག་གིས་སྐྱོད་དགོས།
( 2013ལོའི་ཟླ་5ཚེས་24ཉིན། )
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་འབྲས་བུ་ད་ལྟ་གྲུབ་ཅིང་ཕན་འབྲས་བསྐལ་བརྒྱར་གནས་པའི་བྱ་གཞག་ཅིག་ཡིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་དགོས་གཏུགས་ཆེ་ཚུལ་དང་དཀའ་ཚེགས་ཆེ་ཚུལ་ངོས་འཛིན་གསལ་པོ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་གལ་འགངས་ཆེ་ཚུལ་དང་དགོས་པ་ཆེ་ཚུལ་ངོས་འཛིན་གསལ་པོ་བྱས་ཏེ། མི་དམངས་མང་ཚོགས་དང་བུ་རབས་ཚ་རྒྱུད་ལ་ཚད་མཐོའི་འགན་འཁྲི་འཁུར་བའི་རྣམ་འགྱུར་དང་འཁུར་སེམས་བཅངས་ནས། སེམས་ཐག་གཙང་བཅད་ཀྱིས་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་ཡག་པོ་དང་། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ཡག་པོ། སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དུས་རབས་གསར་པར་ཧུར་ཐག་སྐྱོད་པ་བཅས་བྱས་ནས་མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས། །
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་ནི་མི་དམངས་ཀྱི་ཕན་བདེ་དང་མི་རིགས་ཀྱི་མ་འོངས་པར་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཕྱོགས་ལྔ་གཞི་གཅིག་གི་སྤྱི་ཡོངས་བཀོད་པའི་ནང་དུ་བཞག་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། ཀྲུང་ཧྭ་མི་རིགས་དུས་གཏན་དུ་གོང་འཕེལ་ཡོང་རྒྱུ་མངོན་འགྱུར་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད། དེས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ཉིད་སྐོར་གྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་སོང་བ་མཚོན་ཡོད་པ་དང་། ང་ཚོའི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་འགྱུར་མེད་འདུན་པ་དང་ཆོད་སེམས་ཆེན་པོ་གསལ་པོར་བསྟན་ཡོད། །
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བཟུང་སྟེ། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོབ་བཅས་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་ལྟ་བ་སྐྱེད་པ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས། གྲོན་ཆུང་ལ་སྣང་ཆེན་བྱེད་པ་དང་། སྲུང་སྐྱོབ་ལ་སྣང་ཆེན་བྱེད་པ། རང་བྱུང་སོར་ཆུད་གཙོ་བོར་འཛིན་པ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས། སྐྱེ་ཁམས་འདུ་ཤེས་སྐྱེད་པ་དང་། སྐྱེ་ཁམས་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་བཅས་ལ་ཤུགས་བརྒྱབ་ནས་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་ཡོང་བའི་བར་སྟོང་གི་བཀོད་ཚུལ་དང་། ཐོན་ལས་ཀྱི་གྲུབ་ཚུལ། ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ཆགས་པར་བྱེད་དགོས། །
དཔལ་འབྱོར་གོང་སྤེལ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས་པ་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སྒྱུར་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་གོང་སྤེལ་གཏོང་བ་ཡིན་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ། སྔར་བས་རང་རྟོགས་ཀྱིས་ལྗང་མདོག་གི་གོང་འཕེལ་དང་། རེས་འཁོར་གྱི་གོང་འཕེལ། ཐཱན་དམའི་གོང་འཕེལ་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ཁོར་ཡུག་བློས་གཏོང་བ་རིན་དོད་བྱས་ཏེ་གནས་སྐབས་ཙམ་གྱི་དཔལ་འབྱོར་འཕར་སྣོན་ཡོང་ཐབས་བྱེད་པ་ནི་གཏན་ནས་མི་རུང་། །
རྒྱལ་ཁབ་ཀྱི་ས་ཁོངས་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྟེན་གཞི་ཡིན། མི་འབོར་ཐོན་ཁུངས་ཁོར་ཡུག་གསུམ་དོ་མཉམ་ཡོང་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་སྐྱེ་ཁམས་གསུམ་གྱི་ཕན་འབྲས་གཞི་མཐུན་ཡོང་དགོས་པའི་རྩ་དོན་ལྟར། རྒྱལ་ཁབ་ཀྱི་ས་ཁོངས་བར་སྟོང་གསར་སྤེལ་བྱ་རྒྱུ་སྤྱི་ཡོངས་ནས་འཆར་འགོད་དང་། ཐོན་སྐྱེད་ཀྱི་བར་སྟོང་དང་། འཚོ་བའི་བར་སྟོང་། སྐྱེ་ཁམས་ཀྱི་བར་སྟོང་བཅས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱས་ཏེ། རང་བྱུང་ལ་སོར་ཆུད་ཡོང་བའི་བར་སྟོང་སྔར་ལས་ཆེ་བ་འཇོག་དགོས། བྱེད་པོའི་ཕྱེད་ལས་ཐོན་ཁུངས་ཀྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་མགྱོགས་པོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ལེགས་སྒྱུར་གསར་སྤེལ་དང་། གཙོ་གནད་གསར་སྤེལ། གསར་སྤེལ་ཚོད་འཛིན། གསར་སྤེལ་བཀག་སྡོམ་བཅས་ཀྱི་བྱེད་པོའི་བྱེད་ལས་ཀྱི་གཏན་འབེབས་གཞིར་ནན་པོ་བཟུང་ནས། སྐྱེ་ཁམས་དམར་ཐིག་གི་རྒྱ་འདེབས་དགོས་པ་དང་དེ་ནན་སྲུང་བྱེད་དགོས་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་གྲོང་ཁྱེར་དང་གྲོང་བརྡལ་ཅན་ལ་སྐུལ་འདེད་གཏོང་བའི་བཀོད་ཚུལ་དང་། ཞིང་ལས་གོང་སྤེལ་གཏོང་བའི་བཀོད་ཚུལ། སྐྱེ་ཁམས་བདེ་འཇགས་ཡོང་བའི་བཀོད་ཚུལ་བཅས་འགོད་དགོས་པ། རྒྱལ་ཁབ་དང་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་འགན་སྲུང་བྱེད་དགོས་པ། སྐྱེ་ཁམས་ཀྱི་ཞབས་ཞུའི་བྱེད་ལས་ཆེ་རུ་གཏོང་དགོས། སྐྱེ་ཁམས་དམར་ཐིག་གི་འདུ་ཤེས་བརྟན་པོར་སྐྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གནད་དོན་ཐོག་བཀག་རྒྱ་ལས་གོམ་པ་གང་ཡང་བརྒལ་མི་རུང་ལ། དེ་ལས་ལྡོག་ན་ཆད་པ་གཅོད་དགོས།
ཐོན་ཁུངས་གྲོན་ཆུང་བྱེད་པ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྩ་བའི་ཐབས་ཇུས་ཡིན། ཐོན་ཁུངས་གྲོན་ཆུང་དང་ཞིབ་གཉེར་ངང་བེད་སྤྱོད་བྱེད་པར་ཤུགས་རྒྱག་པ་དང་། ཐོན་ཁུངས་བེད་སྤྱོད་གཏོང་སྟངས་རྩ་བའི་ཐོག་ནས་སྒྱུར་བར་སྐུལ་འདེད་གཏོང་བ། གོ་རིམ་ཡོངས་སུ་གྲོན་ཆུང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་ཁུངས་དང་། ཆུ། ས་ཞིང་བཅས་པའི་འཛད་གྲོན་ཆུང་དུ་ཚད་ཆེན་པོ་གཏོང་དགོས་པ་དང་། རེས་འཁོར་དཔལ་འབྱོར་གོང་སྤེལ་གཏོང་དགོས་པ། ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་གོ་རིམ་དེ་འབོར་ཚད་ཉུང་འཕྲི་ཅན་དང་། ཡང་བསྐྱར་བེད་སྤྱོད། ཐོན་ཁུངས་ཅན་བཅས་སུ་འགྱུར་བར་སྐུལ་སྤེལ་གཏོང་དགོས། །
གནད་ཆེའི་སྐྱེ་ཁམས་ཉམས་གསོའི་ལས་གཞི་ལག་བསྟར་དང་། སྐྱེ་ཁམས་ཐོན་རྫས་ཐོན་སྐྱེད་བྱེད་ནུས་ཆེ་རུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་མི་དང་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་ཡོང་བའི་རྩ་བའི་རྨང་གཞི་ཡིན། མི་དམངས་མང་ཚོགས་ཀྱིས་ཁོར་ཡུག་གི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ན་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བའི་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། སྔོན་འགོག་གཙོ་བོར་འཛིན་རྒྱུ་དང་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆུ་དང་རླུང་ཁམས་དང་ས་རྒྱུ་སོགས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གནད་ཆེའི་འབབ་རྒྱུད་དང་ས་ཁོངས་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཙོ་གནད་ལས་རིགས་དང་གཙོ་གནད་ས་ཁོངས་ཀྱི་རླུང་ཁམས་སྦགས་བཙོག་བཅོས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། །
ལམ་ལུགས་དམ་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལག་བསྟར་བྱས་ན་མ་གཏོགས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བློས་འཁེལ་བའི་འགན་སྲུང་བྱེད་མི་ཐུབ། གལ་ཆེ་ཤོས་ནི་སྤྱི་ཚོགས་དང་དཔལ་འབྱོར་གོང་སྤེལ་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས། ཐོན་ཁུངས་ཀྱི་འཛད་གྲོན་དང་། ཁོར་ཡུག་ལ་ཐེབས་པའི་གནོད་འཚེ། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་ཚུལ་མཚོན་བྱེད་ཀྱི་དམིགས་ཚད་དེ་དག་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་ཏུ་བཅུག་སྟེ། དེ་ཉིད་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཁྲིད་ཕྱོགས་དང་སྡོམ་འཆིང་ཆགས་པར་བྱེད་དགོས། ཁག་འགན་བདའ་འདེད་ལམ་ལུགས་བཙུགས་ནས། སྐྱེ་ཁམས་ཁོར་ཡུག་སྣང་མེད་དུ་བསྐྱུར་ནས་ཇུས་ཐག་བྱུང་རྒྱལ་དུ་གཅོད་མཁན་དང་། མཇུག་འབྲས་ཚབས་ཆེན་བཟོ་མཁན་ལ་ངེས་པར་དུ་དེར་འབྲེལ་ཁག་འགན་བདའ་འདེད་བྱེད་དགོས་པས་མི་ཚད། མི་ཚེ་གང་པོར་བདའ་འདེད་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་བརྒྱབ་ནས། དམངས་ཡོངས་ཀྱི་གྲོན་ཆུང་གི་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། སྐྱེ་ཁམས་ཀྱི་འདུ་ཤེས་བཅས་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་དར་སྲོལ་བཟང་པོ་སྐྲུན་དགོས། །