
༄༅། ། རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱེད་དགོས།
(2012ལོའི་ཟླ་12ཚེས་8ཉིན་དང་ཚེས་10ཉིན།)
དམག་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བཟུང་ནས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་སྐོར་གྱི་བསྒྲུབ་གཞི་གཙོ་བོ་དང་སྒྲུབ་ཕྱོགས་གཙོ་བོ་ལག་བསྟར་མཐར་ཕྱིན་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་བྱེད་ཕྱོགས་སྐོར་གྱི་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ཏང་གི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པ་ནི་དམག་སྟོབས་ཆེ་རུ་སྐྱེད་པའི་བླ་སྲོག་དང་། དམག་འཁྲུག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་ནི་དམག་སྟོབས་ཆེ་རུ་སྐྱེད་པའི་གལ་གནད། ཁྲིམས་ལྟར་དམག་སྐྱོང་དང་དམག་དཔུང་ནན་སྐྱོང་བྱེད་པ་ནི་དམག་སྟོབས་ཆེ་རུ་སྐྱེད་པའི་རྨང་གཞི་བཅས་ཡིན་པ་སེམས་ལ་བརྟན་འཛིན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་གསར་བརྗེ་ཅན་དང་དེང་རབས་ཅན་དང་དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས།།
བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྲུན་ཉིད་དམག་དཔུང་གི་འཛུགས་སྐྲུན་ཁག་ཀུན་གྱི་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་འཛུགས་སྐྲུན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་སྤྱད་དེ་དཔོན་དམག་ཚོར་དྲག་ཆས་སྤྲས་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ། དེང་རབས་གསར་བརྗེའི་དམག་དཔུང་གི་ལྟེ་བའི་རིན་ཐང་ལྟ་བ་རྒྱུན་ཆད་མེད་པར་གསོ་སྐྱོང་དང་། རང་དམག་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཕུལ་དུ་བྱུང་བའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བྱས་ནས། དཔོན་དམག་ཚོས་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་བཀོད་འདོམས་ལ་ཉན་པ། འགན་འཁྲི་སྒྲུབ་པ་བཅས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་ལས་བརྟན་པོར་འདིང་དགོས། མིག་མདུན་དང་སླད་ཕྱིན་དུས་ཡུན་ཞིག་ནང་བསམ་བློ་ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་ཆེས་གལ་འགངས་ཆེ་བའི་ལས་འགན་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ལག་བསྟར་བཅས་བྱ་རྒྱུ་དེ་ཡིན། དོན་དངོས་དང་ཟུང་འབྲེལ་བྱ་རྒྱུར་དོ་སྣང་དང་། སྦྱངས་པ་གོ་ཆོད་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དེ་དམག་དཔུངགི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། དམག་དོན་ལས་འགན་སྒྲུབ་པའི་ལག་ལེན་གྱི་ནང་ལག་བསྟར་དོན་འཁྱོལ་བྱེད་དགོས། དམག་འཁྲུག་རྒྱག་པའི་ཚད་གཞིའི་ཐོག་ནས་དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་དཔོན་དམག་ཚོའི་དམག་ལ་ཞུགས་ནས་དམག་འཁྲུག་རྒྱག་པ་དང་། དམག་མི་ཁྲིད་དེ་དམག་འཁྲུག་རྒྱག་པ། དམག་སྦྱོང་བྱས་ཏེ་དམག་འཁྲུག་རྒྱག་པ་བཅས་ཀྱི་བསམ་བློ་ཆེ་རུ་སྐྱེད་དགོས་པ་དང་། དམག་འཁྲུག་དངོས་ཀྱི་དགོས་མཁོར་བསྟུན་ནས་དམག་དཔུང་སྦྱོང་བརྡར་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་དང་། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་གིས་གཙོ་ཁྲིད་བྱས་ཏེ་དེང་རབས་ཅན་གྱི་འཛུགས་སྐྲུན་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། དམག་དཔུང་གིས་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་ཆ་ཤས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་ལེན་ཐུབ་པའི་ནུས་ཤུགས་སྲོག་ཤིང་དུ་གྱུར་པའི་དམག་དོན་ལས་འགན་སྣ་མང་ཅན་ལེགས་འགྲུབ་བྱེད་ཐུབ་པའི་ནུས་སྟོབས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་བྱེད་པའི་བྱེད་ཕྱོགས་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ཏེ། སྒྲིག་ཁྲིམས་དམ་པ་དང་། བཀའ་སྒྲུབ་ཅིང་ཁྲིམས་སྡོམ་པ། གོམ་སྟབས་གཅིག་གྱུར་ཡིན་པ་བཅས་ཀྱི་དམག་དཔུང་གི་སྤྱོད་ཚུལ་བཟང་པོ་སྐྱེད་བསྲིང་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ལས་ཀའི་ལྟེ་གནད་དེ་གཞི་རིམ་དུ་བཞག་ནས། དམག་དཔུང་གི་འཛུགས་སྐྲུན་དང་འཐབ་འཛིང་ནུས་སྟོབས་ཀྱི་རྨང་གཞི་སྔར་བས་སྲ་ཞིབ་བརྟན་པར་འདིང་དགོས།།
ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་པོ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ནས་བཟུང་གི་ཕུགས་འདུན་རླབས་ཆེ་ཤོས་ཡིན། ཕུགས་འདུན་འདི་ནི་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱེད་པའི་ཕུགས་འདུན་ཡིན་ཟེར་ཆོག་ལ། དམག་དཔུང་གི་ངོས་ནས་བཤད་ན་དམག་སྟོབས་རྒྱས་པར་བྱེད་པའི་ཕུགས་འདུན་རེད། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་དགོས་ན། རྒྱལ་སྟོབས་ཆེ་རུ་སྐྱེད་རྒྱུ་དང་དམག་སྟོབས་ཆེ་རུ་སྐྱེད་རྒྱུ་གཉིས་ཀྱི་གཅིག་གྱུར་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་ཧུར་བརྩོན་གྱིས་འཛུགས་སྐྲུན་བྱེད་དགོས། བློ་ཐག་རྦད་ཆོད་ཀྱིས་ཏང་གི་བཀོད་འདོམས་ལ་ཉན་པ་ནི་དམག་སྟོབས་ཆེ་རུ་སྐྱེད་པའི་བླ་སྲོག་ཡིན་པས། ངེས་པར་དུ་འགྱུར་བ་སྤུ་ཙམ་མེད་པར་ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སེམས་ཐག་གཙང་བཅད་ཀྱིས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་པ་དེ་སེམས་ལ་བརྟན་པོར་འཛིན་དགོས་པ་དང་གཅིག དམག་འཁྲུག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་ནི་དམག་སྟོབས་ཆེ་རུ་སྐྱེད་པའི་གལ་གནད་ཡིན་པས། ངེས་པར་དུ་དམག་འཁྲུག་རྒྱག་པའི་ཚད་གཞི་ལྟར་འཛུགས་སྐྲུན་དང་གྲ་སྒྲིག་བྱས་ཏེ། རང་དམག་དགོས་མ་ཉིད་དུ་ཡོང་ཐུབ་པ་དང་། ཡོང་མ་ཉིད་དུ་འཐབ་ནུས་པ། འཐབ་མ་ཉིད་དུ་རྒྱལ་ཁ་ལེན་ཐུབ་པ་བཅས་ཡོང་རྒྱུ་ཁག་ཐེག་བྱེད་དགོས་པ་དེ་སེམས་ལ་བརྟན་པོར་འཛིན་དགོས་པ་དང་གཉིས། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་བྱ་རྒྱུ་ནི་དམག་སྟོབས་ཆེ་རུ་སྐྱེད་པའི་རྨང་གཞི་ཡིན་པས། ངེས་པར་དུ་སྤྱོད་ཚུལ་བཟང་པོ་དང་སྒྲིག་ཁྲིམས་བཙན་པོ་མཐའ་འཁྱོངས་བྱས་ཏེ། དམག་དཔུང་ཉིད་ཚད་མཐོན་པོའི་གཅིག་སྡུད་གཅིག་གྱུར་དང་བདེ་འཇགས་བརྟན་བརླིང་ཡོང་རྒྱུ་ཁག་ཐེག་ཏན་ཏིག་བྱེད་དགོས་པ་དེ་སེམས་ལ་བརྟན་པོར་འཛིན་དགོས་པ་དང་གསུམ་བཅས་ཡིན། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དཔུང་སྐྱོད་བྱེད་རིང་། དཔའ་ངར་ལྡན་པའི་མི་དམངས་དམག་དཔུང་གིས་སྲོལ་རྒྱུན་དར་སྤེལ་དང་སྔ་འཛིན་ཕྱི་གཏོད་བྱས་ཏེ། ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་ནུས་པ་ལྡན་པར་སྒྲུབ་ཐུབ་ངེས་རེད།།