ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ང་གཉིས་པ།༽ ཤེས་དཔལ་སྤེལ་རེས་བྱས་པས་རྣམ་པར་བཀྲ། ཤེས་དཔལ་སྦྱོང་རེས་བྱུང་བས་ཕུན་སུམ་ཚོགས།

ཁུངས། ཀློག་གྲངས།

༄༅། །ཤེས་དཔལ་སྤེལ་རེས་བྱས་པས་རྣམ་པར་བཀྲ། ཤེས་དཔལ་སྦྱོང་རེས་བྱུང་བས་ཕུན་སུམ་ཚོགས།

(2014ལོའི་ཟླ་3ཚེས་27ཉིན།)

ཤེས་དཔལ་སྤེལ་རེས་བྱས་པས་རྣམ་པར་བཀྲ། ཤེས་དཔལ་སྦྱོང་རེས་བྱུང་བས་ཕུན་སུམ་ཚོགས། ཤེས་དཔལ་ཕན་ཚུན་སྤེལ་རེས་དང་སྦྱོང་རེས་བྱེད་པ་ནི་མིའི་རིགས་ཀྱི་ཤེས་དཔལ་ཡར་རྒྱས་ཡོང་བ་དང་འཛམ་གླིང་གི་ཞི་བདེ་གོང་འཕེལ་ཡོང་བའི་སྒུལ་ཤུགས་གལ་ཆེན་ཡིན། །

ཤེས་དཔལ་སྤེལ་རེས་དང་སྦྱོང་རེས་ལ་སྐུལ་འདེད་གཏོང་བར་ཡང་དག་པའི་རྣམ་འགྱུར་དང་རྩ་དོན་འཛིན་དགོས། ངའི་ལྟ་ཚུལ་ལ། གལ་ཆེ་ཤོས་ནི་གཤམ་གསལ་གྱི་ཕྱོགས་འགའ་རྒྱུན་འཁྱོངས་བྱེད་དགོས་ཀྱི་འདུག །

དང་པོ། ཤེས་དཔལ་ནི་སྣ་ཚོགས་རྣམ་པར་བཀྲ་བའི་བདག་ཉིད་ཅན་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་ནི་སྣ་མང་ཅན་ཡིན་པས་གཞི་ནས་ཕན་ཚུན་སྤེལ་རེས་དང་སྦྱོང་རེས་བྱེད་པའི་རིན་ཐང་ལྡན་པ་རེད། ཉི་མའི་འོད་ལ་ཁ་མདོག་བདུན་ཡོད་པ་བཞིན་འཛམ་གླིང་ཡང་སྣ་མང་ཕུན་སུམ་ཚོགས་པོ་རེད།  རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་ཤེས་དཔལ་ནི་རྒྱལ་ཁབ་དེ་དང་མི་རིགས་དེའི་ཐུན་མོང་གི་དྲན་འཛིན་ཡིན། འགྲོ་བ་མིའི་རིགས་ཀྱིས་ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་ནང་དུ་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་གསར་སྐྲུན་བྱས་ཡོད་པ་རེད། ཤ་རྗེན་ཟ་བ་དང་ཁྲག་དྲོན་འཐུང་བ་ནས་ཞིང་གྲོང་སོ་ནམ་གྱི་བར་དང་། བཟོ་ལས་གསར་བརྗེ་ནས་ཆ་འཕྲིན་སྤྱི་ཚོགས་ཀྱི་དུས་སུ་བབས་ནས། རྔམ་བརྗིད་ལྡན་པའི་ཤེས་དཔལ་གྱི་དར་རྒྱས་རིས་སུ་བཀྲ་ལ། སེམས་ཀྱི་དང་བ་འདྲེན་པའི་ཤེས་དཔལ་གྱི་ཕུན་སུམ་ཚོགས་པའི་བསྟན་བཅོས་ལེགས་པར་བརྩམས་ཡོད་པ་རེད། །

“མེ་ཏོག་སྣ་གཅིག་བཞད་པས་དཔྱིད་མི་འཆར། །མེ་ཏོག་སྣ་བརྒྱ་བཞད་པས་དཔྱིད་དཔལ་འབར། །” ཞེས་པ་ལྟར་གལ་སྲིད་འཇིག་རྟེན་ཐོག་ན་མེ་ཏོག་གཅིག་མ་གཏོགས་མེད་ན།  མེ་ཏོག་གཅིག་པུ་དེ་ཤིན་ཏུ་མཛེས་པའི་དབང་དུ་བཏང་ནའང་གཅིག་པུ་ཁེར་ལུས་དོན་མེད་ཡིན། ཀྲུང་ཧྭའི་ཤེས་དཔལ་ཡིན་ནའང་འདྲ། འཛམ་གླིང་ཐོག་བྱུང་བའི་ཤེས་དཔལ་གཞན་དག་ཡིན་ནའང་འདྲ། ཚང་མ་མིའི་རིགས་ཀྱིས་གསར་སྐྲུན་བྱས་པའི་གྲུབ་འབྲས་ཡིན།

ངས་ཧྥ་རན་སིའི་ལུ་ཝོར་ཕོ་བྲང་ལ་ལྟ་སྐོར་བྱས་མྱོང་བ་དང་། ཀྲུང་གོའི་གོང་མའི་ཕོ་བྲང་དངོས་མང་རྟེན་མཛོད་ཁང་ལའང་ལྟ་སྐོར་བྱས་མྱོང་སྟེ། དེ་དག་ཏུ་གཅེས་སུ་ཉར་བའི་སྒྱུ་རྩལ་གྱི་གཅེས་ནོར་གྱ་ནོམ་པས་ནི་ཏག་ཏག་སྣ་མང་ཕུན་ཚོགས་ཤེས་དཔལ་གྱི་གྲུབ་འབྲས་སྐྱེ་བོ་རྣམས་ཀྱི་མིག་གི་དགའ་སྟོན་དུ་བཤམས་ཡོད་པ་རེད། ཤེས་དཔལ་སྤེལ་རེས་དང་སྦྱོང་རེས་བྱེད་པ་ལ། ཤེས་དཔལ་རྣམ་པ་གཅིག་རང་གཙུག་ཏུ་བཀུར་བའམ་ཡང་ན་ཤེས་དཔལ་ཅིག་ཤོས་ཀྱི་ཉམས་སྨོད་པ་སྔོན་འགྲོ་བྱེད་མི་འོས།  ཀྲུང་གོ་བས་ལོ་ངོ་2000ལྷག་གི་སྔོན་ནས་ “ཆོས་ཀུན་མི་འདྲ་བ་དེ་ཆོས་ཀྱི་རང་བཞིན་ཡིན།” ཞེས་པའི་གནས་ལུགས་རྟོགས་ཡོད།  ཤེས་དཔལ་སྤེལ་རེས་དང་སྦྱོང་རེས་ལ་སྐུལ་འདེད་བྱས་ན་མིའི་རིགས་ཀྱི་ཤེས་དཔལ་རྣམ་པར་བཀྲ་བར་གྱུར་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ལ་སྙིང་པོ་ལྡན་པའི་བསམ་པའི་འཚོ་བའི་ལོངས་སྤྱོད་སྦྱིན་པ་དང་། སྔར་བས་གདམ་ག་མང་བའི་མ་འོངས་པ་གསར་འབྱེད་ཀྱི་སྐལ་བཟང་ཐོབ་ཐུབ། །

གཉིས་པ། ཤེས་དཔལ་ནི་འདྲ་མཉམ་ཅན་གྱི་ངོ་བོ་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་ནི་འདྲ་མཉམ་ཡིན་པས་གཞི་ནས་ཕན་ཚུན་སྤེལ་རེས་དང་སྦྱོང་རེས་བྱེད་པའི་སྔོན་འགྲོ་ཡོད་པ་རེད། མིའི་རིགས་ཀྱི་ཤེས་དཔལ་སྣ་ཚོགས་པ་རིན་ཐང་གི་ངོས་ནས་འདྲ་མཉམ་ཡིན་པ་དང་། རང་རང་སོ་སོར་དགེ་མཚན་རེ་དང་སྐྱོན་ཆ་རེ་ཡོད་པ་རེད། འཛམ་གླིང་སྟེང་དུ་སྐྱོན་མེད་རྫོགས་ལྡན་གྱི་ཤེས་དཔལ་ཅིག་ཡོད་མི་སྲིད་ལ། དགེ་མཚན་ཅི་ཡང་མེད་པའི་ཤེས་དཔལ་ཀྱང་ཡོད་མི་སྲིད་པས། ཤེས་དཔལ་ལ་མཐོ་དམན་དང་བཟང་ངན་གྱི་དབྱེ་བ་མེད། །

ང་འཛམ་གླིང་སྟེང་གི་ཡུལ་ལུང་མང་པོར་འཚམ་འདྲིར་བསྐྱོད་མྱོང་བ་དང་། དེ་དག་གི་སྐབས་སུ་བྱེད་དགའ་ཤོས་ཤིག་ནི་གླིང་ཆེན་ལྔའི་ཤེས་དཔལ་མི་གཅིག་པ་ཤེས་རྟོགས་བྱ་རྒྱུ་དང་། ཤེས་དཔལ་གང་དེ་དག་གི་ཤེས་དཔལ་གཞན་དག་དང་མི་འདྲ་ས་དང་ཁྱད་ཆོས་གནས་ས་ཤེས་རྟོགས་བྱ་རྒྱུ། ཤེས་དཔལ་དེ་དག་ལ་སྤྱོད་པའི་མི་རྣམས་ཀྱི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཤེས་རྟོགས་བྱ་རྒྱུ་དེ་ཡིན། ང་རང་གནའ་བོའི་མ་ཡའི་ཤེས་དཔལ་གྱི་མཚོན་བྱེད་ཡིན་པའི་ཆི་ཆིན་དབྱི་ཁྲ་ལ་སོང་མྱོང་བ་དང་། དབྱི་སི་ལམ་ཤེས་དཔལ་གྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ཨེ་དབུས་ཀྱི་གནའ་མཁར་སཱ་མཱའར་གན་དུ་སོང་མྱོང་ཡོད། ང་ལ་བསམ་ཚོར་ཟབ་མོ་ཞིག་བྱུང་བ་ནི། ཤེས་དཔལ་སྣ་ཚོགས་ཀྱི་སྙིང་པོ་ཤེས་རྟོགས་བྱེད་དགོས་ན་ངེས་པར་དུ་འདྲ་མཉམ་དང་ཁེངས་སྐྱུང་གི་རྣམ་འགྱུར་འཛིན་དགོས་པ་དེ་ཡིན། གལ་སྲིད་མཐོ་ས་བཟུང་ནས་ཤེས་དཔལ་ཅིག་ལ་ལྟ་ཚུལ་བཟུང་ཚེ་ཤེས་དཔལ་དེའི་སྙིང་པོ་མི་རྟོགས་པས་མི་ཚད། ཤེས་དཔལ་དེ་དང་གཏན་ནས་མཐུན་ཐབས་མེད། ལོ་རྒྱུས་དང་དངོས་ཡོད་གཉིས་ཐད་ནས་རང་རློམ་དང་ཕྱོགས་ལྟ་ནི་ཤེས་དཔལ་སྤེལ་རེས་ཀྱི་འགོག་རྐྱེན་ཆེ་ཤོས་ཡིན་པ་ར་སྤྲོད་བྱས་ཡོད། །

གསུམ་པ། ཤེས་དཔལ་ནི་ཁོང་ཡངས་ཀྱི་བདག་ཉིད་ཅན་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་ནི་ཁོང་ཡངས་དང་ལྡན་པས་གཞི་ནས་ཕན་ཚུན་སྤེལ་རེས་དང་སྦྱོང་རེས་བྱེད་པའི་སྒུལ་ཤུགས་ལྡན་པ་རེད། ཆུ་བོ་ཐམས་ཅད་རྒྱ་མཚོར་འབབ། །དེ་བས་ཆུ་གཏེར་ཞེས་སུ་གྲགས། །ཞེས་ཟེར་བ་ལྟར། མིའི་རིགས་ཀྱིས་གསར་སྐྲུན་བྱས་པའི་ཤེས་དཔལ་ཐམས་ཅད་ངལ་རྩོལ་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་དང་། ཤེས་དཔལ་རེ་རེ་ཚང་མར་ཐུན་མིན་རང་ཆོས་རེ་ལྡན་ཡོད་པ་རེད། ཤེས་དཔལ་གྱི་གནད་དོན་སྟེང་དུ་ཞྭ་དཔེ་ལྷམ་འགེབས་དང་ལྷམ་བསྟུན་རྐང་གཞོགས་བྱེད་པ་ནི་དཔེ་མི་སྲིད་པས་མི་ཚད་གནོད་པ་ཧ་ཅང་ཆེ་བ་ཞིག་རེད། ཤེས་དཔལ་གྱི་གྲུབ་འབྲས་ཡོད་ཚད་ལ་བརྩི་འཇོག་བྱེད་རིན་ཡོད་པ་དང་། ཤེས་དཔལ་གྱི་གྲུབ་འབྲས་ཡོད་ཚད་ལ་གཅེས་སྤྲས་བྱེད་དགོས། །

ལོ་རྒྱུས་ཀྱིས་ང་ཚོར་གདམས་པར། སྤེལ་རེས་དང་སྦྱོང་རེས་བྱས་ན་གཞི་ནས་ཤེས་དཔལ་ཞིག་ལ་སྐྱེ་སྟོབས་རྒྱས་ཐུབ་པ་རེད། ཁོང་ཡངས་ཀྱི་བསམ་པ་བཟུང་ཕྱིན་“ཤེས་དཔལ་གྱི་གདོང་ཐུག” ཟེར་བ་འབྱུང་མི་སྲིད་པས། ཤེས་དཔལ་ཞི་མཐུན་ཡོང་རྒྱུ་མངོན་འགྱུར་བྱེད་ཐུབ། དེ་ནི་ཀྲུང་གོ་བའི་ཁ་དཔེ་ལ “ལ་ཕུག་སྔོ་ཚོད་གཉིས། སུ་དགའ་དེ་དགའ་ཡིན” ཟེར་བ་ལྟར་རེད། །

ཀྲུང་ཧྭའི་ཤེས་དཔལ་གྱིས་ལོ་ངོ་5000ལྷག་གི་ལོ་རྒྱུས་ཀྱི་བཤུལ་ལམ་འགྲིམས་ཡོད་ཀྱང་། དེས་ཐོག་མ་ཉིད་ནས་གཅིག་རྒྱུན་གཅིག་འཛིན་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཏིང་ཟབ་ཅིང་རྫོང་མཐུག་པའི་བསམ་པའི་དོན་གཉེར་གསོག་འཇོག་བྱས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ལ་ཁྱད་དུ་ཡོད་པའི་བསམ་པའི་ཁྱད་རྟགས་མཚོན་ཡོད་པས། ཀྲུང་ཧྭ་མི་རིགས་མུ་མཐུད་ནས་དར་ཞིང་རྒྱས་པར་ཕུན་སུམ་ཚོགས་པའི་འཚོ་བཅུད་འདོན་སྤྲོད་བྱས་ཡོད་པ་རེད། ཀྲུང་ཧྭའི་ཤེས་དཔལ་ནི་ཀྲུང་གོའི་ས་གཞི་ཆེན་པོའི་སྟེང་དུ་བྱུང་བའི་ཤེས་དཔལ་ཡིན་ལ། ཤེས་དཔལ་གཞན་དག་དང་སྤེལ་རེས་དང་སྦྱོང་རེས་བྱས་ཏེ་བྱུང་བའི་ཤེས་དཔལ་ཡང་ཡིན།

སྤྱི་ལོ་སྔོན་གྱི་ལོ་100ཙམ་གྱི་དུས་ལ། ཀྲུང་གོས་ནུབ་རྒྱུད་དུ་སྐྱོད་པའི་དར་གོས་ཚོང་ལམ་འབྱེད་འགོ་བརྩམས་ཡོད་པ་རེད། ཧན་རྒྱལ་རབས་ཀྱི་ཀྲང་ཆན་བྱ་བས་སྤྱི་ལོའི་སྔོན་གྱི་138ལོ་དང་119ལོར་ནུབ་ཕྱོགས་སུ་ཐེངས་གཉིས་བསྐྱོད་དེ་ཡུལ་དེར་ཀྲུང་ཧྭའི་རིག་གནས་སྤེལ་བ་དང་། རྒུན་འབྲུམ་དང་། མུའུ་ཞུས། སེ་འབྲུ། བསོ་མ། ཏིལ་སོགས་ནུབ་རྒྱུད་རིག་གནས་ཀྱི་གྲུབ་འབྲས་ཀྱང་ཚུར་དྲངས་ཡོད། ཧན་རྒྱལ་རབས་ནུབ་མའི་སྐབས་སུ། ཀྲུང་གོའི་གྲུ་གཟིངས་རུ་ཁག་རྒྱ་གར་དང་སི་རི་ལན་ཁ་ལ་སླེབས་ཏེ། ཀྲུང་གོའི་དར་གོས་སྤྱད་དེ་བེེཌཱུརྱ་དང་མུ་ཏིག་ཉོས་ཡོང་བ་རེད། ཀྲུང་གོའི་ཐང་རྒྱལ་རབས་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་ཕྱི་ཕྱོགས་ལ་སྤེལ་རེས་འཁྲུག་ཆ་ཆེ་ཤོས་ཀྱི་དུས་སྐབས་ཡིན། ལོ་རྒྱུས་དེབ་ཐེར་དུ་བཀོད་གསལ་ལ། ཐང་རྒྱལ་རབས་སྐབས་སུ་ཕན་ཚུན་ཕོ་ཉ་མངག་པའི་འབྲེལ་བ་ཅུང་ཡག་པའི་རྒྱལ་ཁབ་70་ལྷག་ཡོད་པ་དང་། སྐབས་དེའི་རྒྱལ་ས་ཁྲང་ཨན་མཁར་དུ་རྒྱལ་ཁབ་ཁག་གི་ཕོ་ཉ་དང་ཚོང་དཔོན་དང་སློབ་གཉེར་བ་སོགས་བུང་བའི་ཚོགས་བཞིན་འཁོར་གྱི་ཡོད་ཟེར།  སྤེལ་རེས་ཆེན་པོ་དེས་ཀྲུང་ཧྭའི་རིག་གནས་འཛམ་གླིང་དུ་སྤེལ་ཡོད་ལ།  རྒྱལ་ཁབ་ཁག་གི་རིག་གནས་དང་དངོས་ཟོག་ཀྱང་ཀྲུང་གོར་དྲངས་ཡོད་པ་རེད། དུས་རབས་15པའི་དུས་འགོར། ཀྲུང་གོའི་མིང་རྒྱལ་རབས་ཀྱི་སྐད་གྲགས་ཆེ་བའི་མཚོ་སྐྱོད་མཁན་ཀྲེང་ཧོ་ཐེངས་བདུན་རྒྱ་མཚོར་བསྐྱོད་དེ། ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མང་པོ་དང་ཐག་རིང་ཨ་ཧྥེ་རི་ཁའི་ཤར་རྒྱུད་མཚོ་ངོགས་ཀྱི་ཁེན་ནི་ཡ་ལ་འབྱོར་ཡོད་པས། ཀྲུང་གོ་དང་ལམ་རྒྱུད་དེའི་རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་མཛའ་བརྩེའི་འགྲོ་འོང་སྐོར་གྱི་གཏམ་རྒྱུད་བཞག་ཡོད་པ་རེད། མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོར་ཀྲུང་གོས་ཧུར་བརྩོན་གྱིས་དེང་རབས་ཀྱི་ཚན་རིག་ལག་རྩལ་སློབ་སྦྱོང་བྱས་ཡོད་པ་དང་། ཡོ་རོབ་ཀྱི་གནམ་རིག་དང་། གསོ་རིག རྩིས་རིག དབྱིབས་རིག  ས་རྒྱུས་རིག་པ་བཅས་ཀྱི་ཤེས་བྱ་ཀྲུང་གོར་ཤར་མར་དྲངས་ཡོད་པས། ཀྲུང་གོ་བའི་ཤེས་རྒྱ་བསྐྱེད་ཡོད་པ་རེད། དེའི་རྗེས་སུ་ཀྲུང་ཕྱིའི་ཤེས་དཔལ་སྤེལ་རེས་དང་སྦྱོང་རེས་དེ་བས་དར་རྒྱས་བྱུང་ཡོད་པ་དང་། དེའི་ཁྲོད་དུ་གདོང་ཐུག་དང་། འགལ་བ། སོམ་ཉི། བཀག་འགོག་བཅས་ཡོད་མོད་ཀྱི།  དེ་ལས་ཀྱང་མང་བ་ནི་སློབ་སྦྱོང་དང་། འཇུ་ལེན། འདྲེས་སྦྱོར། གསར་གཏོད་བཅས་རེད། །

སངས་རྒྱས་ཆོས་ལུགས་ནི་གནའ་རབས་རྒྱ་གར་དུ་བྱུང་ཡང་ཀྲུང་གོར་དར་རྗེས་དུས་ཡུན་རིང་པོར་དར་འཕེལ་བྱུང་རིང་། ཀྲུང་གོའི་རུའུ་ལུགས་རིག་གནས་དང་ཏའོ་ལུགས་རིག་གནས་དང་མཉམ་འདྲེས་བྱུང་མཐར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ནང་བསྟན་རིག་གནས་ཆགས་ཏེ། ཀྲུང་གོ་བའི་ཆོས་ལུགས་དད་མོས་དང་། མཚན་ཉིད་རིག་པའི་འདུ་ཤེས། རྩོམ་རིག་སྒྱུ་རྩལ། ཡུལ་གོམས་གཤིས་ལུགས་བཅས་ལ་བག་ཆགས་ཟབ་མོ་བཞག་ཡོད། ཀྲུང་གོའི་ཐང་རྒྱལ་རབས་ཀྱི་ཤོན་ཙང་བྱ་བ་ནུབ་ཕྱོགས་སུ་ཆོས་གདན་འདྲེན་ཞུ་རུ་བྱོན་ནས། དཀའ་བ་གྲངས་མེད་སྤྱད་པ་དེའི་ཐོག་ནས་ཡུལ་གྲུ་གཞན་གྱི་རིག་གནས་སློབ་སྦྱོང་བྱེད་པའི་ཐད་ཀྱི་ཀྲུང་གོ་བའི་བརྩོན་འགྲུས་དང་སྡུག་རུས་མཚོན་ཡོད།  ཁོང་གི་གཏམ་རྒྱུད་གཞིར་བཟུང་ནས་བརྩམས་པའི་ལྷ་སྒྲུང་བརྩམས་སྒྲུང་《ཐང་སིན་བླ་མའི་རྣམ་ཐར་》ཞེས་པ་ནི་ངས་བསམས་ན་ཚང་མས་མཁྱེན་སྲིད་ཀྱི་རེད། ཀྲུང་གོ་བས་ཀྲུང་ཧྭའི་རིག་གནས་གཞིར་བཟུང་ནས་ནང་བསྟན་གྱི་བསམ་བློ་གོང་འཕེལ་བཏང་སྟེ། ཐུན་མོང་མ་ཡིན་པའི་ནང་བསྟན་གཞུང་ལུགས་ཆགས་ཡོད་ལ། དེ་མིན་ད་དུང་ནང་པའི་ཆོས་ལུགས་དེ་ཉིད་ཀྲུང་གོ་བརྒྱུད་དེ་ལྗར་པན་དང་། ཁོ་རེ་ཡ། ཨེ་ཤ་ཡ་ཤར་ལྷོ་སོགས་ས་ཆར་དར་བ་རེད། །

ལོ་2000ལྷག་གི་རིང་ལ། སངས་རྒྱས་ཆོས་ལུགས་དང་། དབྱི་སི་ལམ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་སྔ་གཞུག་ཏུ་ཀྲུང་གོར་དར་བ་དང་། ཀྲུང་གོའི་རོལ་མོ་དང་། རི་མོ། རྩོམ་རིག་སོགས་ནས་ཀྱང་རྒྱུན་ཆད་མེད་པར་ཕྱིའི་ཤེས་དཔལ་གྱི་དགེ་མཚན་བླངས་ཡོད། ཀྲུང་གོའི་སྲོལ་རྒྱུན་གྱི་རི་མོ་འབྲི་རྩལ་དེ་ནུབ་ཕྱོགས་ཀྱི་སྣུམ་མཚོན་རི་མོ་དང་འདྲེས་སྦྱོར་བྱུང་ནས་གསར་གཏོད་བྱས་འབྲས་སུ། ཐུན་མིན་དགའ་བ་སྐྱེད་ནུས་ལྡན་པའི་ཀྲུང་གོའི་དོན་བྲིས་སྣུམ་མཚོན་རི་མོ་བྱུང་བ་དང་། ཞུས་པེ་ཧུང་སོགས་རི་མོའི་བདག་ཉིད་ཆེན་པོ་རྣམས་ཀྱི་བརྩམས་ཆོས་ལ་ཁྱབ་ཆེན་པོའི་བསྔགས་བརྗོད་ཐོབ་ཡོད། ཀྲུང་གོའི་ཤོག་བུའི་བཟོ་རྩལ་དང་། མེ་རྫས། པར་རྩལ། ཕྱོགས་སྟོན་འཁོར་ལོ་བཅས་པའི་གསར་གཏོད་རྣམ་པ་བཞི་ཡིས་འཛམ་གླིང་གི་གསར་སྒྱུར་ལ་སྐུལ་ཁྲིད་བྱས་ཡོད་པ་དང་། ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་སྐུལ་སྤེལ་བཏང་ཡོད། ཀྲུང་གོའི་མཚན་ཉིད་རིག་པ་དང་། རྩོམ་རིག གསོ་རིག དར་གོས། དཀར་ཡོལ། ཇ་ལོ་སོགས་ནུབ་ཕྱོགས་སུ་དར་ཁྱབ་བྱུང་ནས་ནུབ་ཕྱོགས་མི་མང་གི་ཉིན་རྒྱུན་གྱི་འཚོ་བའི་ནང་དུ་སིམས་ཡོད། 《མར་ཁོ་·པོ་ལོའི་ལམ་ཡིག》ཅེས་པས་སྐྱེ་བོ་གྲངས་མེད་ཀྱི་ཡིད་དབང་ཀྲུང་གོར་བཀུག་ཡོད་པ་རེད། །

ཚང་མས་མཁྱེན་གསལ་ལྟར། ཀྲུང་གོར་ཆིན་གྱི་རྫ་བཟོས་གྱད་རྟ་ཡོད་པ་དེར་མི་རྣམས་ཀྱིས་“ས་འོག་གི་རུ་དམག”ཅེས་འབོད་ཀྱི་ཡོད། ཧྥ་རན་སིའི་ཙུང་ཐུང་ཞི་ར་ཁོ་ཡིས་དེར་གཟིགས་སྐོར་མཛད་རྗེས་“གཏོར་གཟུགས་བང་སོར་མ་མཇལ་ན་ཨེ་ཅིབ་ལ་སོང་བ་དོན་མེད་ཡིན། ཆིན་གྱི་རྫ་བཟོས་གྱད་རྟ་མ་མཇལ་ན་ཀྲུང་གོར་ཡོང་བ་དོན་མེད་རེད།”ཅེས་གསུངས་མྱོང་ཡོད། 1987ལོར། ལོ་ངོ་2000ལྷག་རིང་ས་འོག་ལ་གཏེར་དུ་སྦས་པའི་ཀྲུང་ཧྭའི་རིག་གནས་ཀྱི་གཅེས་ནོར་འདི་ཉིད་འཛམ་གླིང་རིག་གནས་ཤུལ་བཞག་གི་ནང་དུ་བཀོད་པ་རེད། ཀྲུང་གོར་ད་དུང་ཤེས་དཔལ་གྱི་གྲུབ་འབྲས་འབོར་ཆེན་ཡོད་པ་དེ་དག་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་དང་། འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག འཛམ་གླིང་གི་དྲན་བརྒྱུད་ཤུལ་བཞག་གི་མིང་ཐོ་བཅས་ལ་བཀོད་ཡོད། འདིར་ཁོ་བོས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱིས་ཀྲུང་ཧྭའི་ཤེས་དཔལ་ཉར་ཚགས་དང་དར་སྤེལ་ཐད་བཞག་པའི་མཛད་རྗེས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །

ད་ལྟའི་འཛམ་གླིང་དུ། མིའི་རིགས་ནི་རིག་གནས་དང་། རིགས་རྒྱུད། ཤ་མདོག ཆོས་ལུགས་བཅས་མི་གཅིག་པ་དང་སྤྱི་ཚོགས་ལམ་ལུགས་མི་གཅིག་པས་གྲུབ་པའི་ས་སྟེང་འདིར་འཚོ་ཞིང་གནས་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་གཅིག་ལ་གཅིག་འདྲེས་སུ་གནས་པའི་ལས་དབང་གཅིག་པའི་ཚོགས་སྡེ་ཆགས་ཡོད། །

ཀྲུང་གོ་བས་གནའ་སྔ་མོ་ཞིག་ནས་“བསྟུན་མཁས་ཀྱང་གཞན་རྗེས་མི་འབྲང་” ཞེས་བའི་གནས་ལུགས་རྟོགས་ཡོད། ལོ་ངོ་2500ཡི་གོང་ལ་འཚོ་བའི་ཀྲུང་གོའི་ལོ་རྒྱུས་སྨྲ་བ་ཙུའོ་ཆིའུ་མིང་གི་《ཙུའོ་བའི་དེབ་ཐེར》ནང་དུ་ཆི་རྒྱལ་ཁབ་ཀྱི་གོང་ཏའེ་ཧྥུ་ཡན་ཙིའི་“ཞི་མཐུན” སྐོར་གྱི་གཏམ་སྙན་པོ་ཞིག་བཀོད་ཡོད་པ་སྟེ། “མཐུན་པ་ནི་ཁུ་བ་འདྲ་སྟེ།  ཆུ་དང་། མེ།  སྐྱུར།  ཅང་། ཚྭ། ཅུ་ལི་བཅས་བསྡེབས་ནས་ཉ་ཤ་གཡོས་པ་ལྟར་རོ། །” “སྒྲ་ནི་རོང་འདྲ་སྟེ། རླུང་གཅིག བྲོ་གཉིས། སྙན་གསུམ། རྫས་བཞི། ངེས་ལྔ། གདངས་དྲུག  དབྱངས་བདུན།  སྲོལ་བརྒྱད། ཡུལ་དགུ་བཅས་པ་གཞི་གཅིག་ཏུ་བསྡེབས་པའོ། །” “ཆུ་ལ་ཆུ་སྦྱར་ན་སུ་ཡིས་བཏུང་ངམ། དབྱངས་ལ་ངེས་པ་གཅིག་ལས་མེད་ན་སུ་ཡིས་ཉན་ནམ།”ཞེས་ཟེར། །

འཛམ་གླིང་ན་རྒྱལ་ཁབ་དང་ས་ཁུལ་200ལྷག་དང་། མི་རིགས་2500ལྷག་དང་། ཆོས་ལུགས་རིགས་དུ་མ་ཡོད་པ་ལ། གལ་སྲིད་འཚོ་བ་སྐྱེལ་སྟངས་གཅིག་མ་གཏོགས་མེད་པ་དང་། སྐད་རིགས་གཅིག་མ་གཏོགས་མེད་པ། རོལ་མོ་རིགས་གཅིག་མ་གཏོགས་མེད་པ། ཆ་བྱད་རིགས་གཅིག་མ་གཏོགས་མེད་པ་བཅས་ཡིན་ན་བློ་ལ་ཇི་ལྟར་འགོང་ངམ། །

ཡུས་ཀོའི་གསུང་སྒྲོས་ལས། འཛམ་གླིང་སྟེང་ན་རྒྱ་ཆེ་ཤོས་ནི་རྒྱ་མཚོ་ཡིན། རྒྱ་མཚོ་ལས་ཀྱང་རྒྱ་ཆེ་བ་ནི་ནམ་མཁའ་ཡིན། ནམ་མཁའ་ལས་ཀྱང་རྒྱ་ཆེ་བ་ནི་མིའི་བློ་རྒྱ་ཡིན་ཞེས་ཟེར་བ་ལྟར། ཤེས་དཔལ་མི་འདྲ་བར་ཁ་ཕྱོགས་དུས་ང་ཚོར་ནམ་མཁའ་ལས་ཀྱང་དཀྱེལ་ཆེ་བའི་བློ་རྒྱ་དགོས་ཀྱི་ཡོད། ཤེས་དཔལ་ནི་ཆུ་དང་འདྲ་སྟེ་གྲག་མེད་ངང་དུ་དངོས་ཀུན་གསོ་བར་བྱེད། ང་ཚོས་ཤེས་དཔལ་མི་གཅིག་པ་ཁག་ཕན་ཚུན་བརྩི་འཇོག་དང་ཞི་མཐུན་མཉམ་གནས་ཡོང་རྒྱུར་སྐུལ་འདེད་བཏང་ནས། ཤེས་དཔལ་སྤེལ་རེས་དང་སྦྱོང་རེས་བྱེད་པ་དེ་རྒྱལ་ཁབ་ཁག་གི་མི་དམངས་མཛའ་མཐུན་ཡོང་བའི་གསེར་ཟམ་དང་། མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་ཡོང་བའི་སྒུལ་ཤུགས། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྦྲེལ་ཐག་བཅས་ཆགས་སུ་འཇུག་འོས་པ་རེད། ང་ཚོས་ཤེས་དཔལ་མི་གཅིག་པ་ཀུན་ལས་བློ་གྲོས་དང་འཚོ་བཅུད་བླངས་ནས། མི་རྣམས་ལ་བསམ་པའི་འདེགས་ཤིང་དང་སེམས་པའི་བསྟི་གནས་འདོན་སྤྲོད་བྱས་ཏེ། ལག་གདང་སྦྲེལ་ནས་མིའི་རིགས་ཐུན་མོང་ལ་འཕྲད་པའི་འགྲན་སློང་སྣ་ཚོགས་ཐག་གཅོད་བྱེད་འོས། །

1987ལོར། ཀྲུང་གོའི་ཧྲའན་ཞིའི་ཧྥ་མོན་དགོན་པའི་ས་འོག་གཞལ་ཡས་ཁང་ནས་མིག་དབང་འཕྲོག་པའི་བེེཌཱུརྱའི་ཡོལ་གོ་20རྙེད་ཡོད་ལ། ཡོལ་གོ་དེ་དག་ནི་ཐང་རྒྱལ་རབས་དུས་སུ་ཀྲུང་གོར་སྤྱན་དྲངས་པའི་རོ་མ་ཤར་མ་དང་དབྱི་སི་ལམ་གྱི་བེེཌཱུརྱའི་ཡོལ་གོ་རེད། ངས་ཡུལ་གྲུ་གཞན་པའི་ཡོལ་གོ་དེ་དག་མིག་གིས་ལོངས་སུ་སྤྱོད་རིང་གནད་དོན་ཞིག་ལ་བསམ་བློ་ཡུན་རིང་བཏང་བ་ཡིན།  གང་ཡིན་ཟེར་ན། ཤེས་དཔལ་མི་གཅིག་པར་ཁ་ཕྱོགས་དུས་དེ་དག་གིས་ཐོན་སྐྱེད་བྱས་པའི་བཀོད་ལེགས་དངོས་སྤྱད་ལོངས་སུ་སྤྱོད་པ་ཙམ་གྱིས་མི་ཆོག་པར། དེ་བས་ཀྱང་དེ་དག་གི་ཤུགས་བསྟན་མི་ཆོས་ཀྱི་དགོངས་པ་ཉམས་སུ་མྱོང་དགོས་པ་དང་།  དེ་དག་གིས་སྒྱུ་རྩལ་གྱི་ལམ་ནས་མཚོན་པའི་འདས་པའི་དུས་ཀྱི་མིའི་འཚོ་བ་ཁོ་ན་ཉམས་སུ་མྱོང་བ་ཙམ་གྱིས་མི་ཆོག་པར། དེ་བས་ཀྱང་དེའི་ནང་དུ་དྲིལ་བའི་དགོངས་པ་གསར་སྐྱེས་ཡོང་དུ་འཇུག་དགོས་པ་དེ་ཡིན། །