
ཏང་གི་བཀོད་འདོམས་ལ་ཉན་པ་དང་རྒྱལ་ཁ་ལེན་ཐུབ་ལ་སྤྱོད་ཚུལ་བཟང་བའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་དགོས།
2013ལོའི་ཟླ3པའི་ཚེས11ཉིན།
དམག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བཟུང་ནས། གནས་བབ་གསར་པའི་འོག་དམག་སྟོབས་ཆེ་རུ་སྐྱེད་པའི་ཏང་གི་དམིགས་ཡུལ་ངེས་པ་དང་། ཕྱོགས་ཡོངས་ནས་དམག་དཔུང་གི་གསར་བརྗེ་ཅན་དང་དེང་རབས་ཅན་དང་དངོས་གཞི་ཅན་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གི་བཀོད་འདོམས་ལ་ཉན་པ་དང་རྒྱལ་ཁ་ལེན་ཐུབ་ལ་སྤྱོད་ཚུལ་བཟང་བའི་མི་དམངས་དམག་དཔུང་ཞིག་འཛུགས་སྐྲུན་བྱེད་པའི་དོན་དུ་འབད་འཐབ་བྱེད་དགོས།
ཏང་གི་བཀོད་འདོམས་ལ་ཉན་པ་དང་། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་མི་དམངས་དམག་དཔུང་ཞིག་འཛུགས་སྐྱོང་བྱ་རྒྱུ་ནི་གནས་བབ་གསར་པའི་འོག་ཏང་གི་དམག་སྟོབས་ཆེ་རུ་སྐྱེད་པའི་དམིགས་ཡུལ་ཡིན། ཏང་གི་བཀོད་འདོམས་ལ་ཉན་པ་ནི་བླ་སྲོག་ཡིན་པ་དེས་དམག་དཔུང་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་གཏན་འབེབས་བྱས་ཡོད་པ་དང་། རྒྱལ་ཁ་ལེན་ཐུབ་པ་ནི་སྙིང་པོ་ཡིན་པ་དེས་དམག་དཔུང་གི་གཞི་རྩའི་འགན་ནུས་དང་དམག་དཔུང་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ཁ་ཕྱོགས་མཚོན་ཡོད། སྤྱོད་ཚུལ་བཟང་བ་ནི་ཁག་ཐེག་ཡིན་པ་དེ་ནི་དམག་དཔུང་གི་ངོ་བོ་དང། དམིགས་འབེན། ཁྱད་ཆོས་བཅས་ལ་ཐུག་ཡོད། དམག་ཡོངས་ཀྱིས་དམག་སྟོབས་ཆེ་རུ་སྐྱེད་པའི་དམིགས་འབེན་འདིའི་གནད་ཟིན་དགོས་པ་དང་། དེ་སྤྱད་དེ་དམག་དཔུང་གི་འཛུགས་སྐྲུན་དང་། བསྒྱུར་བཅོས། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་བཅས་ལ་གཅིག་གྱུར་གྱི་བཀོད་འདོམས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་གི་འཛུགས་སྐྲུན་དེ་ཧུར་བརྩོན་གྱིས་ཆུ་ཚད་གསར་པ་ཞིག་ལ་འདེགས་དགོས། ཏང་གི་བཀོད་འདོམས་ལ་ཉན་པ་ཞེས་པའི་དམག་སྟོབས་སྐྱེད་པའི་བླ་སྲོག་འདི་སེམས་ལ་བརྟན་པོར་བཅངས་ནས། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པའི་རྩ་བའི་རྩ་དོན་དང་མི་དམངས་དམག་དཔུང་གི་རྩ་བའི་དམིགས་འབེན་འགྱུར་བ་མེད་པར་རྒྱུན་འཁྱོངས་བྱས་ཏེ། དམག་དཔུང་ཉིད་མཐའ་གཅིག་ཏུ་བློ་དཀར་བ་དང་མཐའ་གཅིག་ཏུ་དྭངས་གཙང་། མཐའ་གཅིག་ཏུ་བློས་འཁེལ་བ་བཅས་ཡོང་རྒྱུ་ཁག་ཐེག་བྱེད་དགོས་པ་དང་། བྱ་སྤྱོད་ཡོད་ཚད་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་བཀོད་འདོམས་ལ་ཉན་དགོས། དམག་འཁྲུག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་ཞེས་པའི་དམག་སྟོབས་ཆེ་རུ་སྐྱེད་པའི་གལ་གནད་འདི་དམ་དུ་བཟུང་ནས། དམག་དཔོན་ཚོས་དམག་ལ་ཞུགས་ནས་དམག་འཁྲུག་རྒྱག་པ་དང་། དམག་མི་ཁྲིད་དེ་དམག་འཁྲུག་རྒྱག་པ། དམག་སྦྱོང་བྱས་ཏེ་དམག་འཁྲུག་རྒྱག་པ་བཅས་ཀྱི་བསམ་བློ་ཆེ་རུ་སྐྱེད་པ་དང་། འཐབ་འཛིང་གི་ནུས་སྟོབས་ཞེས་པའི་རྩ་བའི་ཚད་གཞི་གཅིག་པུ་འདི་ཉིད་སེམས་ལ་བརྟན་པོར་འཆང་བ། དམག་འཁྲུག་རྒྱག་པའི་བླང་བྱ་ལྟར་འཛུགས་སྐྲུན་དང་གྲ་སྒྲིག་འཛིན་པ་བཅས་བྱས་ཏེ། དམག་དཔུང་ཉིད་དགོས་མ་ཉིད་དུ་ཡོང་ཐུབ་པ་དང་། ཡོང་མ་ཉིད་དུ་འཐབ་ནུས་པ། འཐབ་མ་ཉིད་དུ་རྒྱལ་ཁ་ལེན་ཐུབ་པ་བཅས་ཡོང་རྒྱུ་ཁག་ཐེག་བྱེད་དགོས། སྤྱོད་ཚུལ་བཟང་བ་ནི་རང་དམག་གི་ཁྱད་རྟགས་མངོན་གསལ་དང་ཆབ་སྲིད་ཀྱི་དགེ་མཚན་ཡིན། ལས་ཀའི་སྤྱོད་ཚུལ་ལེགས་བཅོས་བྱ་རྒྱུ་དེ་གཏིང་ཟབ་སྤེལ་ནས་དམག་དཔུང་འཛུགས་སྐྲུན་དང་དོ་དམ་གྱི་ལྷུ་ཚིགས་རེ་རེའི་སྟེང་དུ་ལག་བསྟར་མཐར་ཕྱིན་བྱེད་པ་དང་། དངོས་གཉེར་དང་། དངོས་སྒྲུབ། དོན་འཁྱོལ་བཅས་བྱེད་པའི་ཐད་ཤུགས་ངོ་མ་རྒྱག་པ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་བྱེད་པའི་དམག་སྟོབས་ཆེ་རུ་སྐྱེད་པའི་རྨང་གཞི་འདི་བརྟན་པོར་འདིང་བ་བཅས་བྱས་ཏེ། དུས་ཡུན་རིང་པོའི་ནང་དུ་གྲུབ་པའི་མི་དམངས་དམག་དཔུང་གི་སྣང་བརྙན་བཟང་པོ་མཐའ་འཁྱོངས་བྱེད་དགོས།
དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་གཉིས་སྡེབ་གཅིག་ཏུ་བཟུང་སྟེ། རྒྱལ་ཁབ་སྟོབས་འབྱོར་རྒྱས་རྒྱུ་དང་དམག་སྟོབས་ཆེ་རུ་བསྐྱེད་རྒྱུ་གཉིས་ཧུར་བརྩོན་གྱིས་གཅིག་གྱུར་ཡོང་བར་བྱེད་དགོས། དམག་དམངས་མཉམ་གཅིག་ཏུ་གོང་སྤེལ་གཏོང་བའི་ལས་གཞི་ཆེན་པོ་འདི་སྔར་ལས་ཡག་པོར་སྒྲུབ་དགོས་པ་དང་། དགོས་མཁོས་སྣེ་ཁྲིད་བྱ་རྒྱུ་དང་རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་གནད་ཆེའི་ཁྱབ་ཁོངས་སུ་དམག་དམངས་མཉམ་འདྲེས་གཏིང་ཟབ་པའི་གོང་འཕེལ་གྱི་གནས་སྟངས་འབད་བརྩོན་གྱིས་ཆགས་པར་བྱེད་དགོས། དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དར་སྤེལ་དང་། གྲོན་ཆུང་བསྲི་ཚགས་ལྷུར་ལེན། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ། དམག་གྲོན་དོ་དམ་དང་བེད་སྤྱོད་ཡག་པོ་བཅས་བྱས་ཏེ་རྒྱལ་སྲུང་ཐད་བཏང་བའི་འགྲོ་སྒོ་ལ་ཕན་འབྲས་ཆེ་ཤོས་ཐོབ་ཏུ་འཇུག་དགོས། སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་དགོས་པ་དང་། དམག་དམངས་མཉམ་སྐྲུན་དང་ཞི་མཐུན་གསར་སྐྲུན་གྱི་བྱེད་སྒོ་སྤེལ་དགོས། ས་གནས་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་དང་། རྒྱལ་སྲུང་སྐོར་གྱི་སློབ་གསོ་ལ་ཤུགས་སྣོན། དམངས་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་ཆེར་སྐྱེད་བཅས་བྱས་ཏེ། རྒྱལ་སྲུང་ལ་སེམས་ཁུར་དང་། རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་སྲུང་སྐྱོབ་བཅས་བྱ་རྒྱུ་དེ་སྤྱི་ཚོགས་ཡོངས་ཀྱི་བསམ་བློའི་ངོས་འཛིན་གཅིག་མཐུན་དང་རང་རྟོགས་ཀྱི་བྱ་སྤྱོད་ཆགས་པར་བྱེད་དགོས།