ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཞེ་བཞི་པ།༽ཞང་ཀང་དང་ཨའོ་མོན་དང་མེས་རྒྱལ་ནང་སའི་ལས་དབང་ནམ་ཡང་གཅིག་ཏུ་འབྲེལ་ཡོད།

ཁུངས། ཀློག་གྲངས།

ཞང་ཀང་དང་ཨའོ་མོན་དང་མེས་རྒྱལ་ནང་སའི་ལས་དབང་ནམ་ཡང་གཅིག་ཏུ་འབྲེལ་ཡོད།

(2012ལོའི་ཟླ12པའི་ཚེས20ཉིན་དང་། 2013ལོའི་ཟླ3པའི་ཚེས18ཉིན། 2013ལོའི་ཟླ12པའི་ཚེས18ཉིན།)

གཅིག

སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་སྲིད་འགན་ཁུར་པའི་ཚུན་དུ། ལིའང་ཀྲེན་ཡིང་གིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དོ་དམ་བདག་སྐྱོང་རུ་ཁག་གི་སྣེ་ཁྲིད་དེ་སྟོབས་སྐྱེད་ཡར་བརྩོན་དང་དངོས་དོན་ལྷུར་ལེན་བྱས་ཡོད་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་ལིའང་ཀྲེན་ཡིང་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀ་ཁས་ལེན་གྱི་ཡོད་ལ། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་དོན་སྒྲུབ་པར་མུ་མཐུད་དུ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ཚང་མས་ཀྲུང་དབྱང་གི་འགོ་ཁྲིད་ཐུན་མོང་གསར་རྙིང་སྐབས་བརྗེ་བྱས་རྗེས་ཀྲུང་དབྱང་གིས་ཞང་ཀང་དང་ཨའོ་མོན་ལ་འཛིན་པའི་བྱེད་ཕྱོགས་དང་སྲིད་ཇུས་ལ་འགྱུར་ལྡོག་འབྱུང་མིན་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེ་རིང་། ངས་གོ་སྐབས་འདི་དང་བསྟུན་ནས་བསྐྱར་སྒྲོག་བྱ་རྒྱུར། ཀྲུང་དབྱང་གིས་“རྒྱལ་གཅིག་ལུགས་གཉིས་”ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། གཟབ་ནན་སྒོས་རྩ་བའི་བཅའ་ཁྲིམས་ལྟར་བྱ་བ་སྒྲུབ་རྒྱུའི་བྱེད་ཕྱོགས་འགྱུར་ལྡོག་གཏོང་མི་སྲིད་པ་དང་གཅིག  སྲིད་འཛིན་འགོ་གཙོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་དོན་སྒྲུབ་པ་དང་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་པ་དང་གཉིས། ཞང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གཉིས་ཀྱིས་དཔལ་འབྱོར་གོང་སྤེལ་གཏོང་བ་དང་། དམངས་འཚོ་ལེགས་བཅོས་བྱེད་པ། དམངས་གཙོར་སྐུལ་འདེད་གཏོང་བ། ཞི་མཐུན་ལ་སྐུལ་སྤེལ་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱང་འགྱུར་ལྡོག་གཏོང་མི་སྲིད་པ་དང་གསུམ་བཅས་ཡིན། ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པས་བཏོན་པའི་ཀང་ཨའོ་གཉིས་ཀྱི་ལས་ཀའི་སྐོར་གྱི་ཆེ་ཕྱོགས་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་ནི་ཀྲུང་དབྱང་གིས་དུས་ཡུན་རིང་པོར་ཀང་ཨའོ་གཉིས་ཀྱི་ལས་ཀར་འཛིན་པའི་བྱེད་ཕྱོགས་སྲིད་ཇུས་དང་གཅིག་རྒྱུན་གཅིག་འཛིན་ཡིན། གནད་འགག་ནི་ཆ་ཚང་བ་དང་གནད་ལ་འཁེལ་བའི་སྒོ་ནས་“རྒྱལ་གཅིག་ལུགས་གཉིས་”ཀྱི་བྱེད་ཕྱོགས་ལ་གོ་བ་ལེན་པ་དང་ལག་བསྟར་བྱེད་པ། རྩ་བའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་བརྩི་འཇོག་དང་དེ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་དེ་ཡིན།

རྒྱལ་ཁབ་གོང་འཕེལ་ཡོང་ཚུལ་ཧ་ཅང་བཟང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུའི་འོད་ཟེར་རྣམ་པར་བཀྲ་བའི་མདུན་ལྗོངས་ང་ཚོའི་མདུན་དུ་བཤམས་ཡོད། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཉེ་རབས་ནས་བཟུང་གི་ཕུགས་འདུན་རླབས་ཆེ་ཤོས་ཡིན་ཞེས་ངས་བཤད་མྱོང་ཡོད། རྒྱ་ཆེའི་སྤུན་ཟླ་ཞང་ཀང་བ་རྣམས་ཀྱིས་དེ་ལ་དོ་ཁུར་བྱེད་བཞིན་པ་ང་ལ་ཡིད་ཆེས་ཡོད་པ་དང་། མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་ཆེན་པོ་ལྡན་པའི་རྒྱ་ཆེའི་སྤུན་ཟླ་ཞང་ཀང་བ་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་དང་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དོན་དུ་སྟོབས་ཤུགས་འབུལ་ངེས་པའང་ང་ལ་ཡིད་ཆེས་ཡོད།

(2012ལོའི་ཟླ12པའི་ཚེས20ཉིན་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ལིའང་ཀྲེན་ཡིང་ལ་མཇལ་འཕྲད་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན།)

གཉིས།

དེ་རིང་ནི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ13འཁོར་བའི་ཉིན་མོ་ཡིན་པས། ཐོག་མར་ངའི་སྤུན་ཟླ་ཨའོ་མོན་པ་རྣམས་ལ་སྙིང་ཉེ་བའི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་དོན་དེ་ཚུའེ་ཧྲི་ཨན་གྱིས་བརྒྱུད་སྒྲོག་གནང་རོགས། མིག་སྔར་ཨའོ་མོན་གྱི་སྤྱི་ཡོངས་ཀྱི་གནས་བབ་ཡག་པོ་ཡོད་པ་དང་། ཚུའེ་ཧྲི་ཨན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣ་ལ་མཐུན་སྒྲིལ་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པས། ཨའོ་མོན་གྱི་དར་རྒྱས་བརྟན་བརླིང་དང་གོང་འཕེལ་མཐའ་འཁྱོངས་བྱས་ཡོད། ཀྲུང་དབྱང་གིས་ཚུའེ་ཧྲི་ཨན་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀར་ཁས་ལེན་གྱི་ཡོད། 

ཀྲུང་དབྱང་གིས་སྔར་རྒྱུན་ལྟར་“རྒྱལ་གཅིག་ལུགས་གཉིས་”དང་། “ཨའོ་མོན་པས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་དང་ཨའོ་མོན་གྱི་རྩ་བའི་བཅའ་ཁྲིམས་ལག་བསྟར་མཐར་ཕྱིན་བྱ་རྒྱུ་དང་། སྔར་རྒྱུན་ལྟར་སྲིད་འཛིན་འགོ་གཙོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་དོན་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ། སྔར་རྒྱུན་ལྟར་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ནས་དཔལ་འབྱོར་གོང་སྤེལ་དང་། དམངས་འཚོ་ལེགས་བཅོས། དམངས་གཙོར་སྐུལ་འདེད། ཞི་མཐུན་སྐུལ་སྤེལ་བཅས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ང་ཚོ་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཨའོ་མོན་གྱི་བྱ་གཞག་ཁག་སྔར་ལས་ལྷག་པར་གོང་འཕེལ་ཡོང་རྒྱུར་ཡང་ཡིད་ཆེས་བརྟན་པོ་ཡོད། །

(2012ལོའི་ཟླ12པའི་ཚེས20ཉིན་ལ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན།)

གསུམ།

ཞང་ཀང་དང་ཨའོ་མོན་གཉིས་མེས་རྒྱལ་ནང་ས་དང་ནམ་ཡང་ལས་དབང་གཅིག་ཏུ་འབྲེལ་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་ན། ཞང་ཀང་དང་ཨའོ་མོན་གཉིས་དང་མེས་རྒྱལ་ནང་སའི་བར་དགེ་མཚན་གསབ་རེས་ཀྱིས་ཐུན་མོང་ཐོག་གོང་འཕེལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤུན་ཟླ་ཞང་ཀང་བ་དང་ཨའོ་མོན་པ་ཚོས་མེས་རྒྱལ་ནང་སའི་མི་དམངས་དང་འགྲོ་རོགས་ལྟ་རོགས་དང་ལག་གདང་གཅིག་སྦྲེལ་གྱིས་མདུན་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

ལིའང་ཀྲེན་ཡིང་གིས་“བརྟན་ཐོག་འགྱུར་བརྩོན་”གྱི་སྲིད་དོན་སྒྲུབ་ཕྱོགས་བཏོན་པ་དེར་རྒྱ་ཆེའི་ཞང་ཀང་གྲོང་མི་ཚོས་ཁས་ལེན་བྱས་ཡོད། ད་ལྟའི་གནད་འགག་ནི་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་རེད། འདི་ནི་སྲིད་འཛིན་འགོ་གཙོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འགན་འཁྲི་ཡིན་ལ། ཞང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུར་ཡང་རག་ལས་པ་རེད། འཐུ་མཁན་མང་ན་བུད་ཤིང་མང་། བུད་ཤིང་མང་ན་མེ་ལྕེ་མཐོ་ཟེར་བ་ལྟར། ཞང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གིས་མཐུན་སྒྲིལ་དམ་པོ་བྱས་ཏེ་སྲིད་འཛིན་འགོ་གཙོ་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་དོན་སྒྲུབ་པར་རྒྱབ་སྐྱོར་བྱས་ཏེ། ཐུན་མོང་ཐོག་ཞང་ཀང་གི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་རྒྱུའི་རེ་བ་ཡོད།

ད་ལྟ། ཨའོ་མོན་ནི་ལོ་རྒྱུས་སྟེང་གི་ཡག་ཙམ་གྱི་དུས་སྐབས་སུ་གནས་ཡོད། འོན་ཀྱང་མ་འོངས་པའི་གོང་འཕེལ་གྱི་མདུན་དུ་འགྲན་སློང་ཁག་ཅིག་ལྷགས་ཡོད། དེ་ལ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་ཉམས་ཉེས་དྲན་པའི་འདུ་ཤེས་ཆེ་རུ་བསྐྱེད་དེ། དགེ་མཚན་ཅན་གྱི་གོ་སྐབས་དང་མཐུན་རྐྱེན་བེད་སྤྱོད་དང་། གོང་འཕེལ་ལ་འགོག་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། ཨའོ་མོན་གྱི་ཕུགས་རིང་གོང་འཕེལ་ལ་རྨང་གཞི་བརྟན་པོ་འདིང་རྒྱུའི་རེ་བ་ཡོད།

(2013ལོའི་ཟླ་3པའི་ཚེས་18ཉིན་ལ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ལིའང་ཀྲེན་ཡིང་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ཆུའེ་ཧྲི་ཨན་ལ་མཇལ་འཕྲད་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན།)

བཞི།

ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་བརྟན་ཐོག་འགྱུར་བརྩོན་དང་། དམངས་འཚོ་སྔོན་སྤེལ་བྱེད་པའི་སྲིད་དོན་སྒྲུབ་པའི་བྱེད་ཕྱོགས་ནན་ཏན་གྱིས་ལག་བསྟར་མཐར་ཕྱིན་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཐད་གནས་པའི་གནད་དོན་མངོན་གསལ་ཐག་གཅོད་བྱས་པས། གྲུབ་འབྲས་རགས་ཙམ་ཐོབ་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀར་ཁས་ལེན་གྱི་ཡོད། 

ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་སྤྱི་ཡོངས་ཀྱི་བཀོད་སྒྲིག་བྱས་ཡོད། དེ་ནི་རྒྱལ་ཁབ་ཀྱི་གོང་འཕེལ་དང་འབྲེལ་བའི་འཐབ་ཇུས་ངོས་ཀྱི་བཀོད་སྒྲིག་གལ་ཆེན་པོ་ཞིག་ཡིན། གོ་རིམ་དེའི་ནང་དུ། ནང་ས་ནས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཚོང་རས་ཐོན་པའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱ་རྒྱུ་ཡིན་པས། ཀང་ཨའོ་ཐའེ་གསུམ་ལ་སྒོ་འབྱེད་དང་མཉམ་ལས་བྱ་རྒྱུ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ནང་ས་དང་ཞང་ཀང་བར་གྱི་སྤེལ་རེས་དང་མཉམ་ལས་དེ་སྔར་བས་གཏིང་ཇེ་ཟབ་ཏུ་འགྲོ་རྒྱུ་རེད་ལ། ཞང་ཀང་ལ་སྔར་ལས་མང་བའི་གོང་འཕེལ་གྱི་གོ་སྐབས་དང་སྔར་ལས་ཆེ་བའི་གོང་འཕེལ་གྱི་བར་སྟོང་ཐོབ་རྒྱུ་རེད།

ཀྲུང་དབྱང་སྲིད་གཞུང་གིས་2017ལོར་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ཡོངས་ཁྱབ་འདེམས་བསྐོ་བྱེད་པའི་སྐོར་ལ་འཛིན་པའི་ལངས་ཕྱོགས་ནི་འགྱུར་མེད་རྒྱུན་འཇགས་དང་གསལ་པོ་ཡོད། དེ་ལ་ཞང་ཀང་གི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་རྣམས་ཀྱིས་རྩ་བའི་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཆོད་དོན་ལྟར་དོན་འབྲས་ལྡན་པར་གྲོས་བསྡུར་དང་། ངོས་འཛིན་གཅིག་མཐུན་གོང་བུར་བསྒྲིལ་ནས། སྲིད་འཛིན་འགོ་གཙོ་ཡོངས་ཁྱབ་འདེམས་བསྐོ་བྱ་རྒྱུ་དེ་བདེ་བླག་ཏུ་མངོན་འགྱུར་ཡོང་བར་རྨང་གཞི་འདིང་བའི་རེ་བ་ཡོད། 

(2013ལོའི་ཟླ12པའི་ཚེས18ཉིན་ལ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ལིའང་ཀྲེན་ཡིང་ལ་མཇལ་འཕྲད་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན།)

ལྔ།

ཨའོ་མོན་གྱིས་གོང་འཕེལ་ཡོང་ཚུལ་ཡག་པོ་མཐའ་འཁྱོངས་བྱས་ཡོད་པ་སྟེ། དཔལ་འབྱོར་བབ་བརླིང་ངང་འཕར་སྣོན་དང་། སྤྱི་ཚོགས་ཞི་མཐུན་དང་བརྟན་བརླིང་བྱུང་ཡོད་ཅིང་། གྲོང་མི་བདེ་བར་འཁོད་དེ་ལས་ལ་བརྩོན་བཞིན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཁྱེད་རང་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་ཀར་སྒོ་ཀུན་ནས་ཁས་ལེན་བྱེད་ཀྱི་ཡོད། མིག་སྔར། ཨའོ་མོན་གྱིས་བདེ་བར་སྡོད་དུས་ཉམས་ཉེས་དྲན་ནས་ཕུགས་རིང་ལས་དོན་མདུན་གྲོས་བྱེད་དགོས། ལོ་འདི་དག་གི་རིང་ལ་གོང་འཕེལ་མགྱོགས་པོ་བྱུང་བའི་རྨང་གཞིའི་སྟེང་དངོས་གཉེར་གསར་གཏོད་བྱས་ཏེ། གོང་སྤེལ་གཏོང་རིམ་ཁྲོད་ཀྱི་འབུར་དུ་ཐོན་བཞིན་པའི་འགལ་བ་དང་གནད་དོན་ཐག་གཅོད་ཡག་པོ་དང་། ཨའོ་མོན་གྱི་དཔལ་འབྱོར་སྣ་མང་ཅན་དུ་གོང་འཕེལ་གང་འོས་ཡོང་བའི་འགྲོ་ལམ་འཚོལ་ཞིབ། ཨའོ་མོན་རྒྱུན་མཐུད་ངང་གོང་འཕེལ་ཡོང་རྒྱུ་མངོན་འགྱུར་བཅས་ཇི་ལྟར་བྱེད་དགོས་པའི་ཐད་ལ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་དང་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་མུ་མཐུད་དུ་འབད་བརྩོན་བྱེད་དགོས། 

ཀྲུང་གུང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་སྤྱི་ཡོངས་ཀྱི་བཀོད་སྒྲིག་བྱས་ཡོད།  དེ་ནི་རྒྱལ་ཁབ་ཀྱི་གོང་འཕེལ་དང་འབྲེལ་བའི་འཐབ་ཇུས་ངོས་ཀྱི་བཀོད་སྒྲིག་གལ་ཆེན་པོ་ཞིག་ཡིན། རྒྱལ་ཡོངས་གོང་འོག་ཀུན་གྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་དྲང་ཕྱོགས་ཀྱི་ནུས་སྟོབས་ཆེན་པོ་གཅིག་སྒྲིལ་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་འབད་འཐབ་བྱེད་བཞིན་ཡོད། ཨའོ་མོན་གྱི་ལས་དབང་ནི་ནམ་ཡང་མེས་རྒྱལ་ནང་ས་དང་དམ་པོར་འབྲེལ་ཡོད། མེས་རྒྱལ་ནང་སའི་གོང་འཕེལ་བརྒྱུད་རིམ་ནང་དུ་ཨའོ་མོན་ཉིད་མུ་མཐུད་དུ་མེས་རྒྱལ་ནང་ས་དང་མཉམ་དུ་ཡར་ཐོན་དང་མཉམ་དུ་གོང་འཕེལ་ཡོང་གི་རེད།

(2013ལོའི་ཟླ12པའི་ཚེས18ཉིན་ལ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་གཙོ་ཚུའེ་ཧྲི་ཨན་ལ་མཇལ་འཕྲད་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན།)