
༄༅། །ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་གྱི་མཐོ་ཚད་ཐོག་ནས་ངོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཁོག་ཁོང་དུ་ཆུད་པར་བྱེད་དགོས།*(2013ལོའི་ཟླ་6ཚེས་13ཉིན།)
འདས་པའི་ལོ་5རིང་། ང་ཚོ་ཏང་གཉིས་དང་ངོགས་གཉིས་ཀྱི་ཕྱོགས་གཉིས་ཀ་དང་། ངོགས་གཉིས་ཀྱི་སྤུན་ཟླ་བཅས་ཀྱིས་ཐུན་མོང་དུ་འབད་བརྩོན་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་ཡང་དག་པའི་བགྲོད་ལམ་བཏོད་ཡོད་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་སྐུལ་འདེད་བཏང་ནས་འཕེལ་ཀ་གལ་ཆེན་བྱུང་ཡོད། གནས་བབ་གསར་པའི་འོག ཀྲུང་གུང་ཀྲུང་དབྱང་གིས་བྱེད་ཕྱོགས་སྲིད་ཇུས་ཆེན་པོ་གཏན་འབེབས་བྱས་ཟིན་པ་ཁག་མུ་མཐུད་ལག་ལེན་བསྟར་ནས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་ཚུལ་སྲ་བརྟན་དང་ཟབ་སྤེལ་བྱེད་པའི་ལས་ལ་གཞོལ་ནས་ངོགས་གཉིས་ཀྱི་སྤུན་ཟླ་ལ་ཕན་བདེ་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ལ་ཕན་བདེ་བསྐྲུན་རྒྱུ་ཡིན། ཏང་གཉིས་དང་ངོགས་གཉིས་ཀས་མུ་མཐུད་དུ་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེར་སྐྱེད་དང་། དགེ་མཚན་ལྡན་པའི་སྐུལ་རེས་འཛིན་སྐྱོང་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བར་གོམ་སྟབས་བརྟན་པོས་སྐུལ་འདེད་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་རྨང་གཞི་ཁག་སྲ་བརྟན་དང་ཟབ་སྤེལ། ངོགས་གཉིས་ཀྱི་སྤུན་ཟླ་ཚོར་མཐུན་སྒྲིལ་བཅས་བྱས་ཏེ་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་པའི་རེ་བ་ཡོད། །
ད་ལྟ་ངོགས་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་དུ་གནས་ཡོད་ལ་གོ་སྐབས་གལ་ཆེན་པོ་ཡང་འཕྲད་ཡོད། ང་ཚོས་ནན་ཏན་གྱིས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། གནས་བབ་ཀྱི་གོང་འཕེལ་དང་འགྱུར་ལྡོག་ལ་ངོས་འཛིན་གསལ་པོ་དང་རང་འགུལ་གྱིས་བབ་བསྟུན་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་བགྲོད་ལམ་ཐོག་བསྐྱོད་པ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་རྨང་གཞི་སྲ་བརྟན་དང་ཟབ་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས། ངོགས་གཉིས་ཀྱི་འབྲེལ་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། །
དང་པོ། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་གྱི་མཐོ་ཚད་ཐོག་ནས་ངོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཁོག་ཁོང་དུ་ཆུད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤུན་ཟླ་ཐའེ་ཝན་པ་ཚུད་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་གྱི་མཐོ་ཚད་ཐོག་ནས་ངོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཁོག་ཁོང་དུ་ཆུད་དགོས་ན། ཆེས་རྩ་བར་གྱུར་པ་དང་ཆེས་སྲོག་ཤིང་དུ་གྱུར་པ་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་དང་བདག་དབང་ཆ་ཚང་ཡོང་རྒྱུ་སྲུང་སྐྱོང་བྱེད་དགོས་པ་དེ་རེད། སྐམ་ས་ཆེན་པོ་དང་ཐའེ་ཝན་གཉིས་ད་དུང་གཅིག་གྱུར་བྱུང་མེད་མོད་ཀྱང་། ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་དང་། ཁ་འབྲལ་མི་རུང་བའི་ཆ་ཅན་ཞིག་ཡིན། གོ་གུང་ཏང་གཉིས་ཀྱིས་ཀྲུང་གོ་གཅིག་མ་གཏོགས་མེད་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཀྲུང་གོ་གཅིག་མ་གཏོགས་མེད་པའི་སྒྲོམ་གཞི་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཏང་གཉིས་ཀས་ལོ་རྒྱུས་དང་མི་དམངས་ལ་འགན་འཁྲི་འཁུར་བའི་རྣམ་འགྱུར་འཛིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་གཙིགས་ཆེར་འཛིན་པ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་སྤྱི་ཁོག་ཁོང་དུ་ཆུད་པ་བཅས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་དེ་ཡང་དག་པའི་ཁ་ཕྱོགས་དེད་ནས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་རྒྱུ་སྐུལ་འདེད་གཏོང་བའི་རེ་བ་ཡོད། །
གཉིས་པ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ངོས་འཛིན་གསལ་པོ་བྱེད་པའི་ཐོག་ནས་ངོགས་གཉིས་ཀྱི་འབྲེལ་བའི་མདུན་ལམ་ཤེས་རྟོགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་ཧྭའི་བུ་ཕྲུག་ཚོས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུར་འོད་ཟེར་རྣམ་པར་བཀྲ་བའི་མདུན་ལྗོངས་མངོན་ཡོད། ང་ཚོས་མཐོ་སར་འཛེགས་ཏེ་རྒྱང་ལ་ལྟ་བའི་དཔེ་ལྟར་དུས་རབས་གོང་འཕེལ་དང་མི་རིགས་དར་རྒྱས་ཡོང་བའི་འཕེལ་ཕྱོགས་ཆེན་པོ་མཐོང་ཐུབ་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བ་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་གྲུབ་ཆ་གལ་ཆེན་པོ་ཞིག་ཆགས་ཟིན་ཡོད་པ་མཐོང་ཐུབ་པར་བྱས་ཏེ། སྐབས་བབ་དང་མི་མཐུན་པའི་ལྟ་བ་རྙིང་པའི་འཆིང་བ་ལས་གྲོལ་ནས་ཀྲུང་ཧྭ་དར་རྒྱས་གཏོང་བའི་ཐུན་མོང་གི་འབད་འཐབ་དམིགས་འབེན་ངེས་དགོས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བ་ནི་འཕེལ་ཕྱོགས་ཆེན་པོ་ཡིན་པས། ང་ཚོས་དེར་བསྟུན་ནས་རང་ཉིད་ཀྱི་ལམ་ཐིག་བཀོད་དེ་མུ་མཐུད་མདུན་དུ་སྐྱོད་འོས། ང་ཚོ་ཏང་གཉིས་ཀྱིས་མི་རིགས་ཀྱི་དར་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་མངོན་འགྱུར་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་ལ་བརྩིས་ཏེ། ངོགས་གཉིས་ཀྱི་སྤུན་ཟླའི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་དང་། “ངོགས་གཉིས་ཁྱིམ་ཚང་གཅིག་གི་མི་ཡིན་”ཞེས་པའི་ལྟ་བ་སྒྲོག་སྤེལ་ཧུར་ཐག ངོགས་གཉིས་ཀའི་ཀྲུང་གོ་བའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བཤུལ་ལམ་སྟེང་དུ་ལོ་རྒྱུས་ཀྱི་རྨ་ཁ་གསོ་དགོས་པ་དང་། ཀྲུང་ཧྭ་མི་རིགས་དར་རྒྱས་ཕུན་ཚོགས་ཡོང་བའི་ལེའུ་གསར་པ་རྩོམ་འོས། །
གསུམ་པ། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེར་སྐྱེད་དང་། དགེ་མཚན་ལྡན་པའི་སྐུལ་རེས། མཐུན་པ་དོན་གཉེར་དང་མི་མཐུན་སོར་བཞག དངོས་དོན་ལྷུར་ལེན་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་སྐྱེད་པའི་སྙིང་པོ་ནི། ཀྲུང་གོ་གཅིག་གི་སྒྲོམ་གཞི་སྲ་བརྟན་དང་སྲུང་སྐྱོང་བྱེད་པའི་རྩ་དོན་རང་བཞིན་གྱི་གནད་དོན་འདིའི་སྟེང་དུ་ངོས་འཛིན་གཅིག་མཐུན་དང་ལངས་ཕྱོགས་གཅིག་གྱུར་སྔར་ལས་གསལ་པོ་ཡོང་དགོས་པ་དེ་རེད། དགེ་མཚན་ལྡན་པའི་སྐུལ་རེས་བྱེད་པ་ནི། འབྲེལ་གཏུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འདྲ་མཉམ་སྒོས་གྲོས་མོལ་བྱེད་པ། ཕྱོགས་གཅིག་ཏུ་སྐྱོད་པ་བཅས་བྱས་ཏེ། ཕན་ཚུན་འདུན་པ་བཟང་པོ་འདོན་པ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་རྣམ་པ་རྙེད་དཀའ་བ་སྲུང་སྐྱོང་། ཕན་ཚུན་བར་གནས་པའི་གནད་དོན་ཚུལ་མཐུན་ལུགས་མཐུན་གྱིས་ཐག་གཅོད་བཅས་བྱེད་དགོས་པ་དེ་རེད། མཐུན་པ་དོན་གཉེར་དང་མི་མཐུན་སོར་བཞག་བྱེད་པ་ནི། སྐྱིད་སྡུག་མཉམ་མྱོང་གི་སྙིང་སྟོབས་བསྐྱེད་དེ་ཆབ་སྲིད་ཀྱི་བློ་གྲོས་འདོན་སྤེལ་བྱེད་པ་དང་། ངོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བའི་ཐོག་ནས་ལྟ་བ་མི་གཅིག་ས་ཐག་གཅོད་དང་དོ་དམ་འོས་འཚམ་བྱེད་དགོས་པ་དེ་རེད། དངོས་དོན་ལྷུར་ལེན་བྱེད་པ་ནི་དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར་བཟུང་ནས། དོན་དངོས་ལ་གཞིགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གོམ་པ་རིམ་བགྲོད་དང་གོམ་སྟབས་བརྟན་པོའི་ངང་མདུན་དུ་སྐྱོད་པ། དཀའ་ངལ་འཕྲད་པའི་དབང་གིས་སྐྱོད་མཚམས་མི་འཇོག་པ། འགལ་རྐྱེན་གང་ཡང་རུང་བའི་རྨོངས་རྒྱར་མི་ཚུད་པ། ཕྱི་བསྣུར་བྱེད་པར་བཀག་འགོག་དང་ཕྱིར་བཟློག་བྱེད་པ་བཅས་རེད། ངོགས་གཉིས་ཀྱི་འབྲེལ་བ་དེ་སྲ་བརྟན་དང་ཟབ་སྤེལ་བྱེད་པའི་དུས་རིམ་གསར་པར་སླེབས་ཡོད་པས། ང་ཚོ་ཕྱོགས་གཉིས་ཀས་ཡར་བརྩོན་བྱེད་པའི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ། སྔར་ལས་ཆེ་བའི་སྤོབས་པ་དང་ཆོད་སེམས་ཀྱིས་མདུན་སྐྱོད་ཀྱི་བཤུལ་ལམ་སྟེང་གི་དཀའ་ངལ་ལ་ཁ་གཏད་དང་དེ་ཁྱད་གསོད་བྱེད་པའི་དགོས་པ་དེ་བས་ཆེ་བ་རེད། དེ་ལ་ཕྱོགས་གཉིས་ཀས་ཐུན་མོང་དུ་འབད་བརྩོན་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བའི་གོང་འཕེལ་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་སྔར་ལས་མང་བ་ལོན་པར་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་བགྲོད་ལམ་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་གཏོང་བའི་རེ་བ་ཡོད། །
བཞི་པ། ངོགས་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་གོང་འཕེལ་འགྲོ་བར་གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཐོག་མར་ངོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཁོག་བརྟན་བརླིང་ཡོད་ཚུལ་མུ་མཐུད་དུ་མཐའ་འཁྱོངས་བྱེད་དགོས།“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་སྟོབས་ཤུགས་དང་དེའི་ཁ་ཕྲལ་བྱ་སྤྱོད་ནི་སྔར་བཞིན་ཐའེ་ཝན་མཚོ་འགག་གི་ཞི་བདེའི་འཇིགས་སྐུལ་དངོས་ཡིན་པས། ངེས་པར་མུ་མཐུད་དུ་རྣམ་པ་གང་རུང་གི་“ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་འདོད་ཕྱོགས་དང་བྱ་སྤྱོད་ལ་ངོ་རྒོལ་དང་བཀག་འགོག་བྱེད་དགོས་པ་ལས། འོས་མེད་མཐུན་ཐབས་གང་ཡང་བྱེད་མི་རུང་། ངོགས་གཉིས་ཀྱི་འབྲེལ་བའི་སྤྱི་ཁོག་བརྟན་བརླིང་ཡོང་བའི་རྨང་གཞིའི་སྟེང་ངོགས་གཉིས་ལ་ཁྱབ་ཁོངས་ཁག་ཏུ་སྤེལ་རེས་དང་མཉམ་ལས་བྱེད་པའི་བར་སྟོང་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་ཀས་དཔལ་འབྱོར་དང་། ཚན་རྩལ། རིག་གནས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པར་དགེ་མཚན་ལྡན་པའི་བྱེད་ཐབས་སྔར་ལས་མང་བ་སྤྱོད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་ལས་མང་བ་འདོན་སྤྲོད་བྱེད་པ། སྔར་བས་སྟབས་བདེའི་མཐུན་རྐྱེན་སྦྱོར་བ་བཅས་བྱས་ཏེ། མཉམ་ལས་ཀྱི་ཁྱབ་ཁོངས་ཆེ་རུ་སྐྱེད་དགོས་པ་དང་། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཤིང་། ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་བྱེད་དགོས། ང་ཚོས་འབད་བརྩོན་གྱིས་ངོགས་གཉིས་ཀྱི་མང་ཚོགས་ལ་ཕན་བདེ་ཆེ་རུ་སྩོལ་བ་དང་། སྔར་ལས་མང་བའི་མི་མང་ལ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཤིང་། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་གི་ཁེ་ཕན་རྒྱས་པར་གསོ་བ་དང་ཀྲུང་ཧྭའི་རིག་གནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ངོགས་གཉིས་ཀའི་ལས་དབང་གཅིག་པའི་ཚོགས་སྡེའི་ངེས་ཤེས་ཆེ་རུ་སྐྱེད་པ་དང་། མི་རིགས་ཀྱི་ལ་རྒྱ་ཆེ་རུ་སྐྱེད་པ། ཀྲུང་ཧྭ་དར་རྒྱས་གཏོང་བའི་ཐུན་མོང་གི་དད་སེམས་ཇེ་བརྟན་དུ་གཏོང་བ་བཅས་བྱེད་དགོས། །