ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཞེ་དགུ་པ།༽རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཁོག་གནས་བབ་ཆེན་པོ་གཉིས་སྔར་ལས་ལྷག་པར་སྡེབ་འཛིན་བྱས་ཏེ། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་པའི་རྨང་གཞི་བརྟན་པོར་འདིང་དགོས།

ཁུངས། ཀློག་གྲངས།


༄༅། །རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཁོག་གནས་བབ་ཆེན་པོ་གཉིས་སྔར་ལས་ལྷག་པར་སྡེབ་འཛིན་བྱས་ཏེ། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་པའི་རྨང་གཞི་བརྟན་པོར་འདིང་དགོས།


(2013ལོའི་ཟླ1ཚེས28ཉིན།)


ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་རྒྱུ་ནི་ང་ཚོའི་ཏང་གིས་དུས་རབས་ཀྱི་འཕེལ་ཕྱོགས་དང་རང་རྒྱལ་གྱི་རྩ་བའི་ཁེ་ཕན་གཞིར་བཟུང་ནས་འཐབ་ཇུས་ཀྱི་གདམ་གསེས་བྱས་པ་ཞིག་ཡིན། ང་ཚོས་ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་སློབ་སྟོན་དུ་བཟུང་ནས། འཐབ་ཇུས་ཀྱི་བསམ་གཞིགས་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཀྱི་ཚུགས་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱི་རྒྱལ་ནང་གི་སྤྱི་ཁྱོག་གནས་བབ་ཆེན་པོ་གཉིས་སྔར་ལས་ལྷག་པར་སྡེབ་འཛིན་བྱེད་པ། སྒོ་ཕྱེ་བའི་གོང་འཕེལ་དང་། མཉམ་ལས་ཀྱི་གོང་འཕེལ། མཉམ་ཁེའི་གོང་འཕེལ་བཅས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་བརྩོན་ལེན་བྱེད་པ་བརྒྱུད་རང་ཉིད་གོང་སྤེལ་གཏོང་ལ་རང་ཉིད་ཀྱི་གོང་འཕེལ་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་དེར་སྐུལ་འདེད་ཀྱང་གཏོང་བ་བཅས་ཀྱི་ཐོག་ནས། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞི་བདེ་དང་གོང་འཕེལ་ལས་བྱུང་བའི་ཁེ་ཕན་རྒྱུན་ཆད་མེད་པར་ཡོངས་སྤྱོད་བྱ་རྒྱུ་ཡོད་པ། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་པའི་དངོས་པོའི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་འདིང་བ་བཅས་བྱེད་དགོས། །

ཀྲུང་ཧྭ་མི་རིགས་ནི་ཞི་བདེ་ལ་དགའ་བའི་མི་རིགས་ཤིག་ཡིན། དམག་འཁྲུག་རྩ་མེད་གཏོང་བ་དང་ཞི་བདེ་མངོན་འགྱུར་བྱེད་པ་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱི་ཁ་ཚ་དགོས་གཏུགས་དང་ཆེས་གཏིང་ཟབ་པའི་བསམ་འདུན་ཡིན། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱས་པ་ཞིག་ཡིན་ལ། ཀྲུང་གོའི་མི་དམངས་ལ་ཉེ་རབས་ནས་བཟུང་གི་དཀའ་སྡུག་གི་ལས་དབང་ལས་ཐོབ་པའི་རྩོད་མེད་ཀྱི་སྡོམ་ཚིག་ཀྱང་ཡིན། ཀྲུང་གོའི་མི་དམངས་ཀྱིས་དམག་འཁྲུག་གིས་བསྐྱེད་པའི་སྡུག་བསྔལ་དེ་མི་བརྗེད་སེམས་ཀྱི་རི་མོར་བརྐོས་ཡོད་པ་དང་། ཞི་བདེ་ལ་ཉམས་པ་མེད་པའི་རེ་སྙེག་བྱེད་ལ། ཞི་བདེའི་འཚོ་བ་ལ་མིག་འབྲས་ལྟར་གཅེས་པ་རེད། ཀྲུང་གོའི་མི་དམངས་ཀྱིས་སྐྲག་ས་འཛེམ་ས་ནི་ཟིང་འཁྲུག་དང་། དགའ་ས་ཞེན་ས་ནི་བརྟན་རླིང་། རེ་སྨོན་བྱེད་ས་ནི་གནམ་འོག་ཞི་བདེ་ཡོང་རྒྱུ་བཅས་ཡིན།

ང་ཚོའི་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ནི་ལས་སླ་པོར་ཐོབ་པ་ཞིག་མ་ཡིན་པར། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་པའི་ཚུན་ལ་ང་ཚོའི་ཏང་གིས་དཀའ་སྤྱད་འཚོལ་སྙེག་དང་བར་མེད་ལག་ལེན་ལས་རིམ་གྱིས་བྱུང་བ་ཞིག་ཡིན།  ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཞི་བའི་གོང་འཕེལ་གྱི་དར་ཆ་མཐོན་པོར་སྒྲེང་བ་དེ་ནི་ནམ་ཡང་འགྱུར་བ་བྱུང་མྱོང་མེད། དུས་ཡུན་རིང་པོའི་ལག་ལེན་གྱི་ནང་དུ་ང་ཚོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་བཏོན་པ་དང་མཐའ་འཁྱོངས་བྱས་པ་དང་། རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་ཡོད་ལ།  འཛམ་གླིང་ལ་དུས་ནམ་ཡང་བཙན་དབང་མི་སྤྱོད་པ་དང་དུས་ནམ་ཡང་རྒྱ་སྐྱེད་མི་གཏོང་བའི་ཁས་ལེན་དམ་བཅའ་བྱས་ཡོད་ཅིང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་བརྟན་པོ་ཡིན་ཚུལ་ནན་བཤད་བྱེད་ཀྱི་ཡོད། དེ་དག་ང་ཚོས་ངེས་པར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་དུས་གཏན་དུ་འགྱུར་མི་ཉན་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་"ལོ་བརྒྱ་གཉིས་"ཀྱི་འབད་འཐབ་དམིགས་འབེན་གསལ་པོར་བཏོན་ཡོད་པ་དང་། ང་ཚོས་ད་དུང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་དགོས་པའི་འབད་འཐབ་ཀྱི་དམིགས་འབེན་བཏོན་ཡོད། ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་དེ་དག་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་ཡོད་དགོས་པ་རེད། ཞི་བདེ་མེད་ན་ཀྲུང་གོ་དང་འཛམ་གླིང་ཚང་མ་བདེ་བླག་ཏུ་གོང་འཕེལ་ཡོང་མི་སྲིད་པ་དང་། གོང་འཕེལ་མེད་ན་ཀྲུང་གོ་དང་འཛམ་གླིང་ཚང་མར་ཡུན་བརྟན་གྱི་ཞི་བདེ་ཡང་ཡོང་མི་སྲིད། ང་ཚོས་ངེས་པར་དུ་གོ་སྐབས་མི་འཆོར་དམ་འཛིན་བྱས་ཏེ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོར་བསྒྲུབ་དགོས་པ་དང་། རྒྱལ་ཁབ་སྔར་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་དམངས་སྔར་བས་བདེ་སྐྱིད་ཡོང་བ་བྱེད་དགོས་ལ། བར་མེད་གོང་འཕེལ་འབྱུང་བའི་སྟོབས་ཤུགས་ལ་བརྟེན་ནས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཐོག་སྔར་བས་ཡག་པོར་སྐྱོད་དགོས།

འཛམ་གླིང་གི་འཕེལ་རྒྱས་ནི་ལང་ལོང་དུ་འབབ་བཞིན་ཡོད་པས། དེ་ལ་བསྟུན་ན་དར་རྒྱས་འབྱུང་བ་དང་། དེ་ལས་ལྡོག་ན་ཉམས་ཉེས་སུ་འགྲོ་བ་རེད། འཛམ་གླིང་གི་ལོ་རྒྱུས་ལ་དཀྱུས་སུ་བལྟས་ཚེ། དྲག་ཤུགས་ལ་བརྟེན་ནས་ཕྱི་ཕྱོགས་ལ་བཙན་འཛུལ་དང་རྒྱ་སྐྱེད་གཏོང་བའི་མཐའ་འབྲས་ནི་ཕམ་ཁ་འབྱུང་བ་ཉག་ཅིག་རེད། འདི་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཁྲོད། འཛམ་གླིང་འཕེལ་རྒྱས་དང་བརྟན་ལྷིང་འབྱུང་བ་ནི་ཀྲུང་གོའི་གོ་སྐབས་ཡིན་པ་དང་། ཀྲུང་གོ་འཕེལ་རྒྱས་འབྱུང་བ་ཡང་འཛམ་གླིང་གི་གོ་སྐབས་ཡིན་པ་རེད། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བདེ་བར་སྐྱོད་ཐུབ་མིན་དེ་ཚད་ཆེན་པོ་ཞིག་གི་ངོས་ནས་བཤད་ན། ང་ཚོས་འཛམ་གླིང་གི་གོ་སྐབས་དེ་ཀྲུང་གོའི་གོ་སྐབས་ལ་སྒྱུར་བ་དང་། ཀྲུང་གོའི་གོ་སྐབས་དེ་འཛམ་གླིང་གི་གོ་སྐབས་ལ་སྒྱུར་བའི་ཐོག་ནས། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་བར་སྐུལ་རེས་བཟང་པོ་དང་གཉིས་ཕན་མཉམ་ཁེ་ཡོང་བའི་སྒོ་ནས་སྲོལ་འབྱེད་མདུན་སྐྱོད་བྱེད་ཐུབ་མིན་ལ་ལྟ་དགོས། ང་ཚོས་རང་རྒྱལ་གྱི་གནས་ཚུལ་དངོས་ནས་འགོ་བརྩམས་ཏེ་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བགྲོད་ལམ་དུ་སྐྱོད་དགོས་པ་དང་། དེ་དང་ལྷན་དུ་ང་ཚོས་འཛམ་གླིང་ལ་ལྟ་བའི་མཐོང་རྒྱ་བསྐྱེད་དེ་རྒྱལ་ནང་གི་གོང་འཕེལ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུ་གཅིག་གྱུར་དང་། ཀྲུང་གོའི་གོང་འཕེལ་དང་འཛམ་གླིང་གི་གོང་འཕེལ་ཟུང་འབྲེལ། ཀྲུང་གོའི་མི་དམངས་ཀྱི་ཁེ་ཕན་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ཟུང་འབྲེལ་བཅས་བྱས་ཏེ། རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་ལས་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། སྔར་བས་ཧུར་བརྩོན་གྱི་རྣམ་འགྱུར་བཟུང་ནས་རྒྱལ་སྤྱིའི་ལས་དོན་ནང་ཐེ་ཞུགས་བྱེད་དགོས་པ། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས། ། 

ང་ཚོས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་མེད། འོན་ཀྱང་ང་ཚོའི་ཚུལ་མཐུན་གྱི་ཁེ་དབང་ནི་གཏན་ནས་འདོར་མི་རུང་བ་དང་། རྒྱལ་ཁབ་ཀྱི་སྲོག་ཤིང་དུ་གྱུར་པའི་ཁེ་ཕན་ནི་གཏན་ནས་བློས་གཏོང་མི་རུང་། ཕྱིའི་རྒྱལ་ཁབ་གང་ཡང་རུང་བས་ང་ཚོས་རང་ཉིད་ཀྱི་སྲོག་ཤིང་དུ་གྱུར་པའི་ཁེ་ཕན་བཏོན་ནས་ཚོང་རྒྱག་གི་རེད་མ་བསམ་ལ། ང་ཚོས་རང་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་ལ་གནོད་འཚེ་གཏོང་བའི་སྡུག་འབྲས་ཟ་གི་རེད་མ་བསམ། ཀྲུང་གོ་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་དགོས་ལ། རྒྱལ་ཁབ་དག་ཀྱང་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་དགོས་པས། རྒྱལ་ཁབ་ཁག་ཚང་མ་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་པ་ཡིན་ན་རྒྱལ་ཁབ་ཁག་གཞི་ནས་ཐུན་མོང་ཐོག་གོང་འཕེལ་ཡོང་ཐུབ་ལ། རྒྱལ་ཁབ་དང་རྒྱལ་ཁབ་བར་གཞི་ནས་ཞི་བདེ་མཉམ་གནས་ཡོང་ཐུབ། ང་ཚོས་རང་རྒྱལ་འདི་ཉིད་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པའི་འཐབ་ཇུས་ཀྱི་བསམ་བློ་རྒྱ་ཆེ་ལ་གཏིང་ཟབ་མོར་དྲིལ་བསྒྲགས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བློ་སྣ་ཁྲིད་དེ་རང་རྒྱལ་གྱི་གོང་འཕེལ་ལ་ཡང་དག་པའི་ངོས་འཛིན་དང་ལྟ་སྟངས་འཛིན་དུ་འཇུག་དགོས་པ་སྟེ། ཀྲུང་གོའི་གོང་འཕེལ་གྱིས་རྒྱལ་ཁབ་གཞན་པའི་ཁེ་ཕན་བློས་གཏོང་རྒྱུ་རིན་དོད་དུ་གཏན་ནས་མི་བྱེད་པ་དང་། ང་ཚོས་གཞན་གནོད་རང་ཕན་དང་གཞན་མགོར་ཆུ་འདྲེན་གྱི་བྱ་བ་གཏན་ནས་བྱེད་མི་སྲིད་པར། བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་གོང་འཕེལ་ཉམས་ལེན་བྱེད་མཁན་དང་། ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་མཁན། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་སྲུང་སྐྱོང་བྱེད་མཁན། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་ཐེ་ཞུགས་བྱེད་མཁན་བཅས་བྱ་རྒྱུ་དེ་ཡིན།