
༄༅། ། ཕྱར་བ་གྲུ་འདེགས་དང་མཉམ་ལས་མཉམ་ཁེ་ཡོང་བའི་བགྲོད་ལམ་གསར་པ་ཞིག་གཏོད་དགོས།
2013ལོའི་ཟླ6ཚེས19ཉིན་དང་། 2014ལོའི་ཟླ5ཚེས19ཉིན།
གཅིག
མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་རེ་བ་བཅོལ་ས་ཡིན་ལ། ཕྲག་ཏུ་འགན་འཁྲི་གལ་ཆེན་མང་པོ་འཁུར་ཡོད་པ་རེད། ད་ལྟའི་འཛམ་གླིང་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་པས། གོ་ལ་ཧྲིལ་པོའི་རང་བཞིན་ཅན་གྱི་དཀའ་གནད་དང་འགྲན་སློང་ཐག་གཅོད་བྱེད་དགོས་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ཆེའི་ཁོངས་ཞུགས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས་ཀྱི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་དང་གོང་འཕེལ་ཡོང་རྒྱུའི་བརྗོད་གཞི་གཙོ་བོ་དམ་པོར་འཛིན་པ་དང་། དྲང་སྙོམ་དྲང་བདེན་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་སྐད་ཆ་དྲང་གཞག་བཤད་དགོས་པ་དང་བྱ་བ་དྲང་གཞག་སྒྲུབ་དགོས་པ་རེད། ཐོབ་གྲངས་ཀླད་གོར་གྱི་བསམ་ཕྱོགས་ནི་དུས་ལས་ཡོལ་ཟིན་པས། ང་ཚོས་ངེས་པར་དུ་ཕྱར་བ་གྲུ་འདེགས་དང་མཉམ་ལས་མཉམ་ཁེ་ཡོང་བའི་བགྲོད་ལམ་གསར་པ་ཞིག་གཏོད་དགོས། འདིའི་ཐད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་མང་ཙམ་འདོན་དགོས། །
ཀྲུང་གོས་"ལོ་བརྒྱ་གཉིས་"ཀྱི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་ཀྱི་མ་འོངས་གོང་འཕེལ་ལ་བརྗིད་ཉམས་ལྡན་པའི་འཆར་གཞི་བཀོད་ཡོད། ཀྲུང་གོར་མཉམ་འབྲེལ་རྒྱལ་ཚོགས་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་ཀྲུང་གོ་དགོས་པ་རེད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ལ་མཐོང་ཆེན་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པ་ལ། དེ་ནི་དབང་ཆ་ཞིག་ཡིན་པས་མི་ཚད་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཀྱང་རེད། ཀྲུང་གོར་འཁུར་སེམས་དེ་ཡོད། ཀྲུང་གོས་མུ་མཐུད་ཞི་བའི་སྒོ་ནས་རྒྱལ་སྤྱིའི་རྩོད་གཞི་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་ངོ་སྟོང་གི་གོང་འཕེལ་དམིགས་འབེན་ལ་སྐུལ་འདེད་བྱེད་པར་རྒྱབ་སྐྱོར། ཕྱོགས་སོ་སོ་དང་ལྷན་དུ་འབད་བརྩོན་བྱས་ནས་ཐུན་མོང་ཐོག་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ལ་ཁ་གཏད་བཅག་སྟེ། འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཡར་ཐོན་གྱི་དོན་དུ་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན། །
(2013ལོའི་ཟླ6ཚེས19ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་མཇལ་འཛོམས་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན། )
གཉིས།
སང་ལོ་ནི་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་དང་ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་ལོ་འཁོར་70པ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་ལོ་འཁོར་70པ་ཡང་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་གོ་སྐབས་གལ་ཆེན་པོ་འདི་བེད་སྤྱོད་ཡག་པོ་བྱས་ཏེ། ཕྱོགས་མང་རིང་ལུགས་སྐོར་གྱི་ཁས་ལེན་བསྐྱར་སྒྲོག་བྱེད་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་འབེན་དང་རྩ་དོན་སྲུང་སྐྱོབ་བྱེད་དགོས་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་རྒྱག་དགོས། །
རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། གཅིག་ནས་ཆབ་སྲིད་ཀྱི་ཐོག་ནས་གདོང་ཐུག་ཐག་གཅོད་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། འཛམ་གླིང་སྟེང་དུ་ཚ་གནད་དུ་གྱུར་པའི་གནད་དོན་མང་པོ་ཞིག་ཡོད་ལ། གཅིག་འཇགས་མ་ཐག་ཏུ་གཅིག་ལངས་ཡོང་གི་ཡོད། གནད་དོན་དེ་དག་ཐག་གཅོད་བྱེད་པར་གནས་ལུགས་དགོས་པས་མི་ཚད་ཐབས་ཤེས་ཀྱང་དགོས་ཀྱི་ཡོད་དེ། མཐའ་གཅིག་ཏུ་དྲག་གནོན་བྱས་པས་མི་འཐུས་ལ། ཕྱི་རོལ་ནས་དྲག་པོས་ཇུས་གཏོགས་བྱེད་པས་ཀྱང་མི་འཐུས་པས། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་ནི་ཐར་ལམ་ཉག་ཅིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དར་ཆ་འདི་མཐོན་པོར་སྒྲེང་དགོས་པ་རེད། གཉིས་ནས་ཐུན་མོང་ཐོག་གོང་འཕེལ་ཡོང་བའི་དམིགས་འབེན་མངོན་འགྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆབ་སྲིད་དང་དྲང་ལུགས་ཀྱི་དགེ་མཚན་དང་། སྡེབ་འཛིན་དང་མཐུན་སྦྱོར་གྱི་ནུས་པ་བཅས་འདོན་སྤེལ་བྱས་ཏེ། 2015ལོའི་རྗེས་ཀྱི་གོང་སྤེལ་གྲོས་རིམ་གཏན་འབེབས་བཟོ་བ་དང་། དབུལ་ཕོངས་སེལ་རྒྱུ་སྲོག་ཤིང་དུ་འཛིན་པའི་ཐོག་ནས་རྒྱུན་མཐུད་ཐུབ་པའི་གོང་འཕེལ་མངོན་འགྱུར་བྱེད་དགོས། ཀྲུང་གོའི་ཕྱོགས་ནས་ད་ལོའི་ཟླ་9པར་འཚོག་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་དབུ་ཚོགས་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། གསུམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་གྱི་ཁྲོད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་ཆེ་ཙམ་འདོན་འོས་པ་སྟེ། སྤང་བླང་གི་ཚད་གཞི་ཁ་གསལ་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་ཐག་རྦད་ཆོད་ཀྱིས་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་གནད་དོན་གྱི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ། སྒྲིག་ལམ་ལ་སྣང་ཆེན་དང་། བདག་དབང་ལ་སྣང་ཆེན། ཕྱི་གསལ་ནང་གསལ་ཡོང་བར་སྣང་ཆེན་བཅས་བྱས་ཏེ། རྒྱལ་ཁབ་ཁག་གི་ཆ་འཕྲིན་བདེ་འཇགས་ཐད་ཀྱི་སེམས་ཁྲལ་ལ་བརྩི་འཇོག་བྱས་ཐོག ཐུན་མོང་ཐོག་བཅོས་སྐྱོང་བྱ་རྒྱུ་མངོན་འགྱུར་བྱེད་དགོས། ཀྲུང་གོས་མུ་མཐུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཀ་ལ་བློ་རྩ་བརྟན་པོས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། །
(2014ལོའི་ཟླ་5ཚེས་19ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་མཇལ་འཛོམས་མཛད་སྐབས་གནང་བའི་བཀའ་མོལ་གྱི་གནད་བསྡུས་ཡིན།)