
༄༅། །ཚོད་ཤེས་དང་། མཐུན་སྦྱོར། མཉམ་སྐྱོད་བཅས་ཀྱི་ཉིང་རྡུལ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས།
(2014ལོའི་ཟླ་3ཚེས་24ཉིན།)
གུས་པར་འོས་པའི་དབུ་བཞུགས་བློན་ཆེན་རུད་ཐེ་དང་།
ལས་གྲོགས་རྣམ་པ་ཚོ།
དེ་རིང་ང་ཚོ་ཧའེ་ཡ་རུ་ལྷན་འཛོམས་བྱུང་ནས། ཉིང་རྡུལ་བདེ་འཇགས་སྐོར་གྱི་ཐབས་ཇུས་ལ་ཤུགས་སྣོན་རྒྱག་རྒྱུར་གྲོས་མོལ་བྱེད་པ་འདིར་དོན་སྙིང་ཆེན་པོ་ལྡན་ཡོད། ཐོག་མར་ངས་དབུ་བཞུགས་བློན་ཆེན་རུད་ཐེ་དང་ཧོ་ལན་སྲིད་གཞུང་གིས་ཐེངས་འདིའི་དབུ་ཚོགས་ལ་ཧུར་ཐག་འབད་ཐག་གནང་བ་དང་བཀོད་སྒྲིག་ཞིབ་ཚགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །
དུས་རབས་གོང་མའི་ནང་དུ། རྡུལ་ཕྲན་གསར་རྙེད་བྱུང་བ་དང་ཉིང་རྡུལ་ནུས་པ་གསར་སྤེལ་བེད་སྤྱོད་བཏང་བ་དེས་མིའི་རིགས་ཀྱི་གོང་འཕེལ་ལ་སྒུལ་ཤུགས་གསར་པ་སྦྱིན་ཡོད་པ་དང་། ང་ཚོའི་འཇིག་རྟེན་ངོས་འཛིན་བྱེད་པ་དང་འཇིག་རྟེན་སྒྱུར་བཀོད་བྱེད་པའི་ནུས་སྟོབས་ཆེས་ཆེར་བསྐྱེད་ཡོད། དེ་དང་ལྷན་དུ། ཉིང་རྡུལ་ནུས་པའི་གོང་འཕེལ་དང་སྦྲགས་ནས་ཉིང་རྡུལ་བདེ་འཇགས་ཀྱི་ཉེན་ཁ་དང་འགྲན་སློང་ཀྱང་བྱུང་ཡོད་པ་རེད། མིའི་རིགས་ཀྱིས་ཉིང་རྡུལ་ནུས་པ་སྔར་ལས་ལེགས་པར་བེད་སྤྱོད་བྱེད་པ་དང་། གོང་འཕེལ་སྔར་ལས་ལྷག་པ་ཡོང་བར་བྱེད་དགོས་ན། ངེས་པར་དུ་ཉིང་རྡུལ་བདེ་འཇགས་ཀྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་བཅག་ནས། ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་སྒྲིག་བཀོད་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས། །
ལས་གྲོགས་རྣམ་པ་ཚོ།
ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་རྒྱུན་མཐུད་ཀྱི་ལས་གཞི་ཞིག་རེད། ཉིང་རྡུལ་ནུས་པའི་ལས་དོན་གོང་འཕེལ་རྒྱུན་མ་ཆད་ན་ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་འབད་བརྩོན་གྱི་རྒྱུན་ཆད་མི་སྲིད་པ་རེད། 2010ལོའི་ཝ་ཧྲིང་ཐཱོན་ནས་2012ལོའི་ཧྲོའུ་ཨེར་དང་། དེ་ནས་དེ་རིང་གི་ཧའེ་ཡའི་བར་དུ། ཉིང་རྡུལ་བདེ་འཇགས་སྐོར་གྱི་དབུ་ཚོགས་རིམ་བྱུང་གིས་རྒྱལ་ཁབ་ཁག་གི་ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་བྱ་རྒྱུ་དང་། ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་ཟབ་སྤེལ་བྱ་རྒྱུའི་འགན་འཁྲི་གལ་ཆེན་པོ་འཁུར་ཡོད་པ་རེད། ང་ཚོས་ཚོད་ཤེས་དང་། མཐུན་སྦྱོར། མཉམ་སྐྱོད་བཅས་ཀྱི་ཉིང་རྡུལ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཉིང་རྡུལ་བདེ་འཇགས་ཉིད་སྐྱོན་བྲལ་དང་རྒྱུན་སྲིང་གོང་འཕེལ་ཡོང་བའི་ལམ་དུ་འཇུག་དགོས། །
དང་པོ། གོང་འཕེལ་དང་བདེ་འཇགས་ཡོང་རྒྱུ་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་པ་དང་། བདེ་འཇགས་ཁག་ཐེག་ཡོང་རྒྱུ་སྔོན་འགྲོ་བྱས་ཏེ་ཉིང་རྡུལ་ནུས་པའི་ལས་དོན་གོང་སྤེལ་གཏོང་དགོས། ནུས་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་པ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ཐབས་ལམ་གལ་ཆེན་པོ་ཡིན་པའི་ཆ་ནས། ཞི་བས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ལས་དོན་ནི་ཕུ་རོ་མེ་ཞིའུ་སིས་མི་ཡི་ཡུལ་དུ་ཁྱེར་ཡོང་བའི་མེ་སོན་དང་འདྲ་བར། འགྲོ་བ་མིའི་རིགས་ལ་རེ་བའི་མེ་དཔུང་སྦར་ནས་མཛེས་སྡུག་ལྡན་པའི་མ་འོངས་པའི་སྒོ་མོ་ཕྱེ་ཡོད་པ་རེད། དེ་དང་ལྷན་དུ་གལ་སྲིད་ཉིང་རྡུལ་ནུས་པའི་བདེ་འཇགས་འགན་སྲུང་ནུས་ལྡན་བྱེད་མ་ཐུབ་པ་དང་། ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་སྒྲིག་བཀོད་ཀྱི་བདེ་འཇགས་སྐོར་གྱི་བག་ལ་ཉལ་བའི་ཉེན་ཁ་ལ་ཁ་གཏད་གང་ལེགས་འཇལ་མ་ཐུབ་པ་ཡིན་ན། མཛེས་སྡུག་ལྡན་པའི་མ་འོངས་པ་དེ་མུན་པས་བསྒྲིབས་འགྲོ་བ་དང་། ཐ་ན་བྱུར་ཉེས་བཟོས་ཡོང་གི་རེད། ཉིང་རྡུལ་ནུས་པའི་བྱ་གཞག་གི་རེ་བའི་མེ་དཔུང་རྟག་བརྟན་གཟིམ་མེད་ཡོང་དགོས་ན་བདེ་འཇགས་ཨང་དང་པོ་ཡིན་པའི་རྩ་དོན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། །
ང་ཚོས་གོང་འཕེལ་གྱི་དོན་དུ་བདེ་འཇགས་གཉེར་བ་དང་། བདེ་འཇགས་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལྟ་བ་བཟུང་ནས། གོང་འཕེལ་དང་བདེ་འཇགས་ཀྱི་དམིགས་འབེན་དེ་གཉིས་གཞི་མཐུན་པར་མཉམ་འདྲེས་ཡོང་བ་བྱས་ཏེ། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་ཉིང་རྡུལ་ནུས་པའི་ཁེ་ལས་ལ་ངོས་ཟིན་འདི་འདྲ་ཞིག་ཐོབ་ཏུ་འཇུག་དགོས་པ་སྟེ། བདེ་འཇགས་བློས་གཏོང་རྒྱུ་རིན་དོད་དུ་ཤོར་བའི་ཉིང་རྡུལ་ནུས་པའི་གོང་འཕེལ་ནི་ཀུན་ནས་རྒྱུན་མཐུད་དུ་མེད་པ་དང་། ཀུན་ནས་གོང་འཕེལ་ངོ་མ་མིན་པ་རེད། དེ་ཡང་གནད་ལ་འཁེལ་བའི་བྱེད་ཐབས་སྤྱད་ན་གཞི་ནས་མིང་དོན་མཚུངས་པར་ཉེན་ཁ་ལྟ་སྡོམ་བྱེད་ཐུབ་པ་དང་། བདེ་འཇགས་ཀྱི་འགན་སྲུང་བྱུང་ན་ཉིང་རྡུལ་གྱི་ནུས་པ་གཞི་ནས་རྒྱུན་མཐུད་དུ་གོང་འཕེལ་ཡོང་ཐུབ། །
གཉིས་པ། ཁེ་དབང་དང་འོས་འགན་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་པ་དང་། རྒྱལ་ཁབ་ཁག་གི་ཁེ་དབང་ལ་བརྩི་འཇོག་བྱ་རྒྱུ་དེ་རྨང་གཞིར་བཟུང་ནས་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། སྲོལ་དང་ལུགས་མེད་ན་ལས་ཀྱི་གོ་མི་འབྱེད་ཟེར་བ་ལྟར། རྒྱལ་ཁབ་ཁག་གིས་ཉིང་རྡུལ་བདེ་འཇགས་སྐོར་གྱི་རྒྱལ་སྤྱིའི་བཅའ་ཁྲིམས་ཡིག་རིགས་ལས་གཏན་འཁེལ་བྱས་པའི་འོས་འགན་ཏན་ཏིག་གིས་སྒྲུབ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་ཆོད་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ད་ཡོད་ཀྱི་ཉིང་རྡུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་སྲ་བརྟན་དང་གོང་སྤེལ་གཏོང་བ་བཅས་བྱས་ཐོག རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་ལ་ལམ་ལུགས་ཐད་ཀྱི་འགན་སྲུང་དང་ཡོངས་ཁྱབ་ཏུ་བརྩི་སྲུང་བྱེད་པའི་ཁྲིད་སྟོན་གྱི་རྩ་དོན་ཧུར་ཐག་གིས་འདོན་སྤྲོད་བྱེད་དགོས། ཀྲུང་གོས་ཉིང་རྡུལ་རྒྱུ་ཆའི་དངོས་རྫས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་སྤྱི་ཆིངས་དང་དེའི་བཟོ་བཅོས་འཆར་ཟིན་དང་། ཉིང་རྡུལ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་བཀག་འགོག་བྱེད་ཕྱོགས་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་ལ་ཆོག་མཆན་སྤྲོད་པར་རྒྱལ་ཁབ་སྔར་ལས་མང་བས་བསམ་བློ་བཟང་པོ་གཏོང་བའི་རེ་འབོད་བྱེད་ཀྱི་ཡིན། །
རྒྱལ་ཁབ་ཁག་གི་གནས་ཚུལ་མི་འདྲ་བས། དེ་དག་གི་ཉིང་རྡུལ་ནུས་པའི་ལས་དོན་དེ་གོང་འཕེལ་གྱི་དུས་རིམ་མི་འདྲ་བར་གནས་ཡོད་པ་དང་། མདུན་དུ་ལྷགས་པའི་ཉིང་རྡུལ་བདེ་འཇགས་ཀྱི་འགྲན་སློང་ཡང་མི་འདྲ་བ་རེད། ལྡེ་མིག་གཅིག་གིས་སྒོ་ལྕགས་གཅིག་འབྱེད་ཟེར་བ་ལྟར། རྒྱལ་ཁབ་ཁག་གིས་འབྲེལ་ཡོད་རྒྱལ་སྤྱིའི་འོས་འགན་བསྒྲུབ་རྒྱུ་ནན་བཤད་བྱེད་པ་དང་ཕྱོགས་མཚུངས། རྒྱལ་ཁབ་ཁག་གིས་རང་རང་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་ནས་རང་ཉིད་ལ་འཕྲོད་པའི་ཉིང་རྡུལ་བདེ་འཇགས་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་སྤྱོད་པར་བརྩི་འཇོག་ཀྱང་བྱེད་དགོས་པ་དང་། རྒྱལ་ཁབ་ཁག་གིས་ཉིང་རྡུལ་བདེ་འཇགས་སྐོར་གྱི་ཚོར་སྐྱེན་ཆ་འཕྲིན་སྲུང་སྐྱོབ་བྱེད་པའི་ཁེ་དབང་ལ་བརྩི་འཇོག་ཀྱང་བྱེད་དགོས་པའི་ཐོག དྲང་གཞག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། དོན་འབྲས་དངོས་གཉེར་བའི་བསམ་པ་བཅངས་ནས་ཧུར་བརྩོན་དང་འོས་འཚམ་སྒོས་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། །
གསུམ་པ། རང་བདག་དང་རོགས་འདེགས་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་དགོས་པ་དང་། གཉིས་ཕན་མཉམ་ཁེ་ཡོང་ཐབས་ལ་བརྟེན་ནས་ཡོངས་ཁྱབ་ཀྱི་ཉིང་རྡུལ་བདེ་འཇགས་འཚོལ་སྙེག་བྱེད་དགོས། ཉིང་རྡུལ་བདེ་འཇགས་ནི་ཐོག་མར་རྒྱལ་ཁབ་ངོས་ཀྱི་ཞིབ་འཇུག་བྱ་གཞི་ཡིན་པས། འགན་འཁྲི་གཙོ་བོ་ནི་རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་འཁུར་དགོས་པ་རེད། རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་འགན་འཁྲི་ཤེས་དགོས་པ་དང་འགན་འཁྲི་འཁུར་དགོས་ཤིང་། ཉིང་རྡུལ་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་སྐྱེད་དགོས་ལ། ཉིང་རྡུལ་བདེ་འཇགས་ཀྱི་རིག་གནས་གསོ་སྐྱོང་བྱེད་དགོས་པ་དང་། ལམ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། དེ་ནི་རང་ཉིད་ལ་འགན་འཁུར་བ་ཡིན་ལ་འཛམ་གླིང་ལ་འགན་འཁུར་བ་ཞིག་ཀྱང་རེད། །
ཉིང་རྡུལ་བདེ་འཇགས་ནི་གོ་ལ་ཧྲིལ་པོའི་ཞིབ་འཇུག་བྱ་གཞི་ཡང་ཡིན། ཆུ་ཟོམ་ཞིག་གི་ཆུའི་ཤོང་ཚད་ནི་དེའི་པང་ལེབ་ཐུང་ཤོས་ལ་རག་ལས་པ་རེད། རྒྱལ་ཁབ་ཅིག་གི་ཉིང་རྡུལ་རྒྱུ་ཆ་བོར་བརླག་བྱུང་ན་འཛམ་གླིང་ཀུན་ལ་འཇིགས་པ་བསྐུལ་ཡོང་གི་རེད། ཡོངས་ཁྱབ་ཅན་གྱི་ཉིང་རྡུལ་བདེ་འཇགས་མངོན་འགྱུར་ཡོང་བ་བྱེད་དགོས་ན་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་དགོས། ང་ཚོས་རྒྱལ་ཁབ་སྔར་ལས་མང་བ་ཞིག་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་འཕེལ་རིམ་ནང་དུ་བློ་འགུགས་བྱས་ཏེ། རྒྱལ་ཁབ་ཁག་ལ་དེ་ལས་ཁེ་ཕན་རག་པས་མི་ཚད། དེ་ལ་ལེགས་སྐྱེས་ཀྱང་ཕུལ་ནས། ཉིང་རྡུལ་བདེ་འཇགས་ཀྱི་འཕེལ་རིམ་དེ་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་བརྩོན་ལེན་བྱེད་དགོས། ང་ཚོས་སྤེལ་རེས་དང་སྦྱོང་རེས་དང་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། དེར་འབྲེལ་ཕྱོགས་མང་ལམ་སྲོལ་དང་གྲོས་གཞི་ནི་གཅིག་གྱུར་མཐུན་སྦྱོར་དང་། རོགས་འདེགས་འབད་བརྩོན་བྱས་ཏེ། རྒྱུག་འགོ་རྩོམ་ས་གཅིག་པའི་སྟེང་དུ་མེད་ཀྱང་རྒྱུག་གྲོགས་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས། །
བཞི་པ། ཡན་ལག་བཅོས་རྒྱུ་དང་རྩ་བ་བཅོས་རྒྱུ་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་དགོས་པ་དང་། འབྱུང་རྩ་མེད་པར་བཟོ་རྒྱུ་དེ་དམིགས་འབེན་བྱས་ཏེ་ཉིང་རྡུལ་བདེ་འཇགས་ཀྱི་བརྩོན་སེམས་ལ་སྐུལ་འདེད་གཏོང་དགོས། ཉིང་རྡུལ་བདེ་འཇགས་ནི་བང་རིམ་མང་པོར་ཁྱབ་ཡོད་དེ། དེར་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་དོ་དམ་ལག་བསྟར་བྱས་ཏེ་སྔོན་ཐོན་དང་བདེ་འཇགས་ཅན་གྱི་ཉིང་རྡུལ་ནུས་པའི་ལག་རྩལ་གོང་སྤེལ་གཏོང་རྒྱུ་ཚུད་ཡོད་པས་མི་ཚད། ཉིང་རྡུལ་འཇིགས་སྐུལ་རིང་ལུགས་དང་ཉིང་རྡུལ་ཁྱབ་འབྱམས་ལ་ཁ་གཏད་འོས་འཚམ་འཇལ་རྒྱུ་ཡང་ཚུད་ཡོད། ཉིང་རྡུལ་བདེ་འཇགས་སྐོར་གྱི་སྲིད་ཇུས་ཀྱི་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དེར་རབས་ཅན་དང་ཉེན་ཁ་ཆུང་བའི་ཉིང་རྡུལ་ནུས་པའི་ལག་རྩལ་གོང་སྤེལ་གཏོང་བ། ཉིང་རྡུལ་རྒྱུ་ཆའི་འདོན་སྤྲོད་དང་དགོས་མཁོའི་བར་དོ་མཉམ་ཡོང་རྒྱུ་རྒྱུན་འཁྱོངས་དང་། ཁྱབ་འབྱམས་འགོག་པའི་ཕྱིར་གཏོང་ཚོད་འཛིན་ལ་ཤུགས་སྣོན། ཉིང་རྡུལ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ཟབ་སྤེལ་བཅས་བྱེད་པ་ནི། ཉིང་རྡུལ་བདེ་འཇགས་ཀྱི་བག་ཉལ་རྐྱེན་ངན་དང་ཉིང་རྡུལ་ཁྱབ་འབྱམས་ཀྱི་ཉེན་ཁ་ཁྱད་དུ་གསོད་པའི་ཐད་ཀར་དང་ནུས་ལྡན་གྱི་ཐབས་ལམ་ཡིན། །
ཡན་ལག་བཅོས་དགོས་ལ་རྩ་བ་ཡང་བཅོས་དགོས། ཞི་བདེ་བརྟན་བརླིང་གི་རྒྱལ་སྤྱིའི་ཁོར་ཡུག་སྐྲུན་པ་དང་། ཞི་མཐུན་མཛའ་བརྩེའི་རྒྱལ་ཁབ་འབྲེལ་བ་གོང་སྤེལ། ཞི་མཐུན་སྒོ་འབྱེད་ཀྱི་ཤེས་དཔལ་སྤེལ་རེས་བཅས་བྱས་ན་གཞི་ནས་འབྱུང་རྩའི་ངོས་ནས་ཉིང་རྡུལ་འཇིགས་སྐུལ་རིང་ལུགས་དང་ཉིང་རྡུལ་ཁྱབ་འབྱམས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པ་དང་། ཉིང་རྡུལ་ནུས་པའི་ཡུན་རིང་བདེ་འཇགས་དང་གོང་འཕེལ་མངོན་འགྱུར་བྱེད་ཐུབ། །
ལས་གྲོགས་རྣམ་པ་ཚོ།
ཀྲུང་གོས་ཐོག་མ་ཉིད་ནས་ཉིང་རྡུལ་བདེ་འཇགས་ལས་ཀ་དེ་ཉིང་རྡུལ་ནུས་པ་ཞི་བས་བེད་སྤྱོད་གཏོང་བའི་གོ་གནས་གཙོ་བོར་བཞག་ནས། ཚད་གཞི་ནན་ཤོས་སྤྱད་དེ་ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་སྒྲིག་བཀོད་ལ་དོ་དམ་བྱེད་ཀྱི་ཡོད། ཉིང་རྡུལ་ནུས་པའི་ལས་དོན་གོང་སྤེལ་བཏང་བའི་ལོ་ངོ་50ལྷག་གི་རིང་ལ། ཀྲུང་གོས་ཉིང་རྡུལ་བདེ་འཇགས་ཀྱི་ཟིན་ཐོ་བཟང་པོ་མཐའ་འཁྱོངས་བྱས་ཡོད། །
ཧོ་ལན་གྱི་མཁས་པ་ཨེ་ར་སི་མུ་ཡིས་སྔོན་འགོག་བྱེད་པ་ནི་གསོ་བཅོས་བྱེད་པ་ལས་ལྷག་ཅེས་གསུངས་ཡོད་པ་རེད། ཉེ་བའི་ལོ་ཤས་ནང་། རྒྱལ་སྤྱིའི་སྟེང་དུ་བྱུང་བའི་ཉིང་རྡུལ་གྱི་རྐྱེན་ངན་ཚབས་ཆེན་དག་གིས་རྒྱལ་ཁབ་ཁག་ལ་ཉེན་བརྡ་བཏང་ཡོད་པས། ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་སྐྱོ་གར་དེ་རིགས་གང་ནུས་ཅི་ནུས་ཀྱིས་བསྐྱར་དུ་བསྟན་མི་ཡོང་བར་བྱེད་དགོས། །
ཆུ་མ་བྱུང་གོང་ལ་རགས་རྒྱག་ཕྱིར། ཀྲུང་གོས་ཕྱོགས་ཡོངས་ནས་ཉིང་རྡུལ་བདེ་འཇགས་འགན་སྲུང་བྱེད་པའི་བྱེད་ཐབས་སྤྱད་ཡོད། ང་ཚོས་ཤུགས་བཏོན་ནས་ཉིང་རྡུལ་བདེ་འཇགས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་བ་དང་། ཉིང་རྡུལ་བདེ་འཇགས་ཀྱི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་བ། རྒྱལ་ཡོངས་ཀྱི་ཉིང་རྡུལ་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་བདེ་འཇགས་སྐོར་གྱི་ཞིབ་བཤེར་བཅས་བྱས་ཏེ། ཉིང་རྡུལ་རྒྱུ་ཆ་དང་ཉིང་རྡུལ་སྒྲིག་བཀོད་ཡོད་ཚད་ལ་ཕན་འབྲས་ལྡན་པའི་བདེ་འཇགས་ཀྱི་འགན་སྲུང་ཐོབ་རྒྱུ་ཁག་ཐེག་བྱས་ཡོད། ང་ཚོས་ཉིང་རྡུལ་བདེ་འཇགས་སྐོར་གྱི་དུས་ཡུན་འབྲིང་རིང་གི་འཆར་བཀོད་གཏན་འབེབས་བྱས་ཏེ་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱི་ཉིང་རྡུལ་བདེ་འཇགས་སྐོར་གྱི་ཁྲིམས་སྲོལ་གྱི་མ་ལག་འཐུས་ཚང་བཟོས་ཡོད། རྒྱལ་ཁབ་ཀྱི་ཉིང་རྡུལ་བདེ་འཇགས་སྐོར་གྱི་སྲོལ་ཡིག་གཏན་འབེབས་བྱེད་བཞིན་པའི་སྒང་ཡིན་ལ། ཏན་ཏན་ཏིག་ཏིག་གིས་ཉིང་རྡུལ་བདེ་འཇགས་ཀྱི་ལས་ཀ་དེ་ལམ་སྲོལ་ཅན་དང་ཁྲིམས་ལུགས་ཅན་དུ་སྐུལ་འདེད་གཏོང་བཞིན་ཡོད།
ཀྲུང་གོས་ཉིང་རྡུལ་བདེ་འཇགས་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཧུར་བརྩོན་གྱིས་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོས་ཨ་རི་དང་མཉམ་དུ་བསྐྲུན་རྒྱུའི་ཉིང་རྡུལ་བདེ་འཇགས་ཀྱི་དཔེ་སྟོན་ལྟེ་གནས་ཀྱི་རྨང་འདིང་མཛད་སྒོ་སྤེལ་ཟིན་པ་དང་། ཨར་ལས་འཛུགས་སྐྲུན་གྱི་འཕེལ་རིམ་ལམ་ལྷོང་བྱུང་དང་འབྱུང་མུས་ཡིན། ལྟེ་གནས་འདིས་ས་ཁུལ་ཙམ་གྱི་མི་ཚད་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་སྐོར་གྱི་ལག་རྩལ་སྤེལ་རེས་ལ་ལེགས་སྐྱེས་འབུལ་རྒྱུ་རེད། ཀྲུང་གོས་ཉིང་རྡུལ་རྒྱུ་ཆ་ཁྲིམས་མེད་དུ་འཚོང་འདྲེན་བྱེད་པའི་ཁྱབ་ཁོངས་སུ་ཨུ་རུ་སུ་དང་ཧ་སག་སི་ཐན་སོགས་རྒྱལ་ཁབ་དང་མཉམ་ལས་ཀྱི་ལས་གཞི་རབ་དང་རིམ་པ་སྤེལ་ཡོད། ཀྲུང་གོས་དཔལ་འབྱོར་དང་ལག་རྩལ་གྱིས་འཐུས་ཁོངས་སུ་གང་ནུས་ནུས་ཀྱིས་ཡུ་གར་མའི་བཀོལ་སྤྱོད་ཉུང་འཕྲི་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྡེ་ཚན་གྱི་སྒྲོམ་གཞིའི་ནང་དུ་ཀག་ན་ལ་རོགས་རམ་བྱས་ཏེ་ཡུ་གར་མ་བཀོལ་སྤྱོད་བྱེད་པའི་ཞིབ་འཇུག་ཕུང་པོ་ཞིག་ཡུ་གར་ཚད་དམའ་བའི་འབར་རྫས་བཀོལ་སྤྱོད་བྱེད་པར་སྒྱུར་བཀོད་བྱེད་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་རྡུལ་ཕྲལ་ནུས་པའི་སྡེ་ཚན་གྱི་བདེ་འཇགས་ཐེབས་རྩ་ལ་གྲོན་དངུལ་གྱི་ཞལ་འདེབས་བརྒྱབ་སྟེ།གསོ་སྦྱོང་འཛིན་གྲྭ་གཉེར་བ་སོགས་ཀྱི་བྱེད་སྟངས་ཐོག་ནས་ཨེ་ཞི་ས་ཁུལ་གྱི་རྒྱལ་ཁབ་ཁག་གི་ཉིང་རྡུལ་བདེ་འཇགས་ཀྱི་ནུས་རྩལ་གོང་མཐོར་གཏོང་གི་ཡིན། །
ལས་གྲོགས་རྣམ་པ་ཚོ།
འོད་གསལ་མདུན་དུ་ཇི་ཙམ་བསྐྱོད་ན་མུན་ནག་ཕྱི་ལ་དེ་ཙམ་སྣུར་གྱི་རེད། ང་ཚོས་ཉིང་རྡུལ་བདེ་འཇགས་ཀྱི་ཁྱབ་ཁོངས་སུ་འབད་བརྩོན་ཇི་ཙམ་བྱས་ན་འཇིགས་སྐུལ་རིང་ལུགས་ལ་དེ་ཙམ་གྱིས་སྐབས་གླགས་མེད་པར་འགྱུར་གྱི་རེད། ཡུན་བརྟན་གྱི་ཉིང་རྡུལ་བདེ་འཇགས་ཡོང་བའི་དོན་དུ་ཀྲུང་གོས་མུ་མཐུད་ནས་རང་ཉིད་ཀྱི་ཧུར་བརྩོན་བྱེད་འདོད་དང་ལེགས་སྐྱེས་འབུལ་འདོད་ཡོད། །
དང་པོ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་ཉིང་རྡུལ་བདེ་འཇགས་ཀྱི་ནུས་རྩལ་ཆེ་རུ་བསྐྱེད་རྒྱུ་དང་། མུ་མཐུད་ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པའི་སྲིད་གཞུང་གི་ལྟ་སྡོམ་ནུས་རྩལ་གྱི་འཛུགས་སྐྲུན་ལ་གཞོལ་རྒྱུ། ཉིང་རྡུལ་བདེ་འཇགས་ཀྱི་ལག་རྩལ་ཞིབ་སྤེལ་དང་མི་ཤུགས་ཐོན་ཁུངས་ལ་འགྲོ་སྒོ་གཏོང་ཤུགས་ཆེ་རུ་གཏང་རྒྱུ། ཉིང་རྡུལ་བདེ་འཇགས་ཀྱི་རིག་གནས་གསོ་སྐྱོང་དང་གོང་སྤེལ་རྒྱུན་འཁྱོངས་བྱ་རྒྱུ་བཅས་ཡིན། །
གཉིས་པ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་ཀྱི་མ་ལག་འཛུགས་པའི་ནང་ཐེ་ཞུགས་བྱས་ཏེ། རྒྱལ་ཁབ་ཁག་དང་མཉམ་དུ་དྲང་གཞག་དང་། མཉམ་ལས། མཉམ་ཁེ་བཅས་ཡོང་བའི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་ཀྱི་མ་ལག་འཛུགས་པར་སྐུལ་འདེད་གཏང་རྒྱུ་དང་། རྒྱལ་ཁབ་ཁག་གིས་ཉིང་རྡུལ་ནུས་པ་ཞི་བས་བེད་སྤྱོད་གཏོང་བའི་ལས་དོན་གྱི་གྲུབ་འབྲས་མཉམ་དུ་ལོངས་སུ་སྤྱོད་པར་སྐུལ་འདེད་གཏང་རྒྱུ་ཡིན།
གསུམ་པ། ཀྲུང་གོས་ཉིང་རྡུལ་བདེ་འཇགས་སྐོར་གྱི་རྒྱལ་སྤྱིའི་མཉམ་ལས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། དེའི་དོན་དུ་ལག་རྩལ་དང་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། ཐོན་ཁུངས་དང་ལས་སྟེགས་འབུལ་བའི་ཐོག་ནས་ས་ཁུལ་དང་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་ཐད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྡེ་ཚན་གྱིས་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། དེས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་བྱས་ནས་ཉིང་རྡུལ་བདེ་འཇགས་ཀྱི་ནུས་རྩལ་ཆེ་རུ་གཏོང་བར་སྐུལ་མ་གཏང་རྒྱུ་ཡིན། ཀྲུང་གོས་མུ་མཐུད་ཉིང་རྡུལ་བདེ་འཇགས་ཀྱི་བྱེད་སྒོ་ལ་ཧུར་བརྩོན་གྱིས་ཞུགས་རྒྱུ་དང། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྡེ་ཚན་གདན་འདྲེན་ཞུས་ནས་དངོས་རྫས་སྲུང་སྐྱོབ་སྐོར་གྱི་བློ་འདྲིའི་ཞབས་ཞུ་སྤེལ་རྒྱུ་ཡིན། །
བཞི་པ། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརྟིང་སྲུང་སྐྱོང་བྱ་རྒྱུ་དང། ཞི་བའི་གོང་འཕེལ་དང་མཉམ་ལས་མཉམ་ཁེ་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། འདྲ་མཉམ་གྱི་སྒོ་ནས་མོལ་བསྡུར་དང་མཛའ་བརྩེའི་ངང་གྲོས་གླེང་བྱེད་པའི་ཐོག་ནས་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱ་རྒྱུ། རྒྱལ་ཁབ་ཁག་དང་མཉམ་དུ་ཉིང་རྡུལ་འཇིགས་སྐུལ་རིང་ལུགས་དང་ཉིང་རྡུལ་ཁྱབ་འབྱམས་ཀྱི་འབྱུང་རྩ་མེད་པར་གཏོང་བའི་ལས་ལ་གཞོལ་རྒྱུ་བཅས་ཡིན། །
ལས་གྲོགས་རྣམ་པ་ཚོ།
ཉིང་རྡུལ་བདེ་འཇགས་ལ་ཤུགས་སྣོན་རྒྱག་པ་ནི་ང་ཚོའི་སྤྱི་མཐུན་གྱི་ཁས་ལེན་ཡིན་ལ། ང་ཚོའི་སྤྱི་མཐུན་གྱི་འགན་འཁྲི་ཡང་ཡིན། ང་ཚོས་ལག་གདང་སྦྲེལ་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཉིང་རྡུལ་བདེ་འཇགས་ཡོང་བར་སྔར་ལས་ཆེ་བའི་ཡིད་ཆེས་དང་། ཉིང་རྡུལ་ནུས་པའི་ལས་དོན་གྱིས་མིའི་རིགས་ལ་བདེ་སྐྱིད་སྐྲུན་པར་སྔར་ལས་ཆེ་བའི་ཡིད་ཆེས་བྱེད་དུ་འཇུག་དགོས། །
ལྷན་རྒྱས་ཐུགས་རྗེ་ཆེ། །