ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ། ༼པོད་དང་པོའི་ཁག་ཞེ་བརྒྱད་པ།༽ངོགས་གཉིས་ཀྱི་འབྲེལ་བའི་མདུན་ལམ་གསར་གཏོད་དང་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འགན་ལྕི་ཕྲག་ཏུ་འཁུར་དགོས།

ཁུངས། ཀློག་གྲངས།

༄༅། ། ངོགས་གཉིས་ཀྱི་འབྲེལ་བའི་མདུན་ལམ་གསར་གཏོད་དང་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འགན་ལྕི་ཕྲག་ཏུ་འཁུར་དགོས།

(2014ལོའི་ཟླ་5ཚེས་7ཉིན།)

ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་རྒྱུ་ནི་ཕྱོགས་གཉིས་ཀྱི་སྤུན་ཟླས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་བསྟུན་ནས་ཐུན་མོང་ཐོག་གདམ་གསེས་བྱས་པ་ཞིག་རེད། ང་ཚོ་ཚང་མས་“ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་གི་མི་ཡིན་”ཞེས་པའི་ལྟ་བ་བཟུང་ནས་བདག་གཞན་མཉམ་བརྗེ་དང་གཅིག་སེམས་གཅིག་གཏད་བྱས་པ་ཡིན་ཕྱིན། འགྲོལ་མི་ཐུབ་པའི་སེམས་མདུད་ཅི་ཡང་མེད་པ་དང་། སེལ་མི་ཐུབ་པའི་དཀའ་ངལ་ཅི་ཡང་མེད། །

ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་སྤྱི་ཁོག་གནས་བབ་བརྟན་བརླིང་ཡིན་པ་དང་། འགལ་རྐྱེན་གང་རུང་གི་ཉམས་སད་ཐེག་ངེས། ངོགས་གཉིས་ཀྱི་འབྲེལ་བ་ལ་ལོ་ངོ་བཅུ་ཕྲག་དུ་མའི་ཡོ་ལང་བྱུང་མོད་ཀྱང་། སྤྱི་ཆའི་འཕེལ་ཕྱོགས་ནི་མདུན་དུ་གོང་འཕེལ་འགྲོ་བ་དེ་ཡིན་པ་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཆོས་ཉིད་རེད། ཞི་བའི་གོང་འཕེལ་འགྲོ་རྒྱུ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་རེ་སྙེག་ཡིན་པ་དང་།  ངོགས་གཉིས་ཀར་དེ་ལས་ཕན་སྐྱེད་འབྱུང་གི་ཡོད། ང་ཚོས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཕྱོགས་དང་སྲིད་ཇུས་འགྱུར་ལྡོག་གཏོང་མི་སྲིད་པ་དང་།  ངོགས་གཉིས་སྤེལ་རེས་མཉམ་ལས་དང་གཉིས་ཕན་མཉམ་ཁེ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་དངོས་དོན་སྒྲུབ་པའི་བྱེད་ཐབས་འདོར་མི་སྲིད་པ། སྤུན་ཟླ་ཐའེ་ཝན་པར་མཐུན་སྒྲིལ་བྱས་ཏེ་ཐུན་མོང་ཐོག་འབད་འཐབ་བྱེད་པའི་ལྷག་བསམ་དང་སྤྲོ་སེམས་ཉམས་མི་སྲིད་པ།“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ངན་ཇུས་བཀག་འགོག་བྱེད་པའི་བློ་སྟོབས་འགྱུར་མི་སྲིད་པ་བཅས་ཡིན། ཐའེ་ཝན་གྱི་སྤྱི་ཚོགས་ལྷིང་འཇགས་ཡོང་རྒྱུ་དང་། དཔལ་འབྱོར་གོང་འཕེལ་ཡོང་རྒྱུ། དམངས་འཚོ་ལེགས་བཅོས་ཡོང་རྒྱུ་བཅས་དང་། སྤུན་ཟླ་ཐའེ་ཝན་པས་ལྷིང་འཇགས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་རྒྱུ་བཅས་ལ་ང་ཚོས་བཅོས་མིན་གྱི་རེ་སྨོན་བྱེད་ཀྱི་ཡོད། །

ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་རྒྱུ་དེ་ནི་ལས་ཡུན་རིང་ལ་དཀའ་ཚེགས་ཆེ་བ་ཞིག་ཡིན་པས།  ངོགས་གཉིས་ཀྱི་སྤུན་ཟླས་ཕན་ཚུན་ཡིད་ཆེས་བྱེད་དགོས་ཀྱི་ཡོད། སྤུན་ཟླའི་བར་ལ་ཡིད་ཆེས་ཡོད་ན་དཀའ་གནད་མང་པོར་ཐག་གཅོད་བྱེད་པའི་ཐབས་ཤེས་རྙེད་སྲིད། ང་ཚོས་འབད་བརྩོན་གྱིས་མཐུན་རྐྱེན་བསྐྲུན་ནས།  ངོགས་གཉིས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དང་རིམ་གྲས་ཁག་གི་མི་མང་ཕན་ཚུན་འབྲེལ་གཏུགས་བྱེད་རྒྱ་ཆེ་རུ་བཏང་ནས། གདན་གཅིག་གི་སྟེང་དུ་སྐད་ཆ་བཤད་རེས་དང་། སེམས་གཅིག་ལ་གཏད་དེ་སྤེལ་རེས་བྱས་ནས། རྒྱུན་ཆད་མེད་པར་རྒྱུས་ལོན་ཇེ་ཆེ་དང་སེམས་ཀྱི་བར་ཐག་ཇེ་ཉེར་གཏོང་དགོས། །

ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བར་མདུན་ལམ་ཆེན་པོ་ཡོད་པས། མུ་མཐུད་དུ་སྲོལ་འབྱེད་ཡར་བརྩོན་བྱེད་འོས་པ་རེད། སྐམ་ས་ཆེན་མོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད་གཏོང་བ་དེས་ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་བྱེད་པར་སྒུལ་ཤུགས་ཆེན་པོ་དང་མཐུན་རྐྱེན་བཟང་པོ་བསྐྲུན་རྒྱུ་རེད། དཔལ་འབྱོར་མཉམ་འདྲེས་ཡོང་བ་དེ་ངོགས་གཉིས་གཉིས་ཕན་མཉམ་ཁེ་ཡོང་རྒྱུར་ཕན་ཐོགས་ཡོད་པས། དེར་ནམ་ཡིན་རུང་བར་ཆད་འབྱུང་མི་འོས་པ་རེད། ང་ཚོས་ཐའེ་ཝན་མི་མང་སྤྱི་དང་ཁྱད་པར་དུ་གཞི་རིམ་མི་མང་གི་དགོས་མཁོ་དངོས་ཤེས་རྟོགས་གཏིང་ཟབ་དང་། དགེ་མཚན་ལྡན་ཞིང་ནུས་པ་ཆེ་བའི་བྱེད་ཐབས་སྤྱད་དེ་ཉམ་ཆུང་མི་ཚོགས་ལ་ལྟ་སྐྱོང་བྱས་ཏེ། སྔར་ལས་མང་བའི་ཐའེ་ཝན་མི་མང་ལ་ངོགས་གཉིས་ཀྱི་དཔལ་འབྱོར་སྤེལ་རེས་དང་མཉམ་ལས་ཀྱི་ནང་ནས་ཁེ་ཕན་ཐོབ་ཏུ་འཇུག་རྒྱུ་ཡིན། །

ངོགས་གཉིས་ཀྱི་གཞོན་ནུ་ལོ་ཆུང་རྣམས་ཀྱི་ཕྲག་ཏུ་ངོགས་གཉིས་ཀྱི་འབྲེལ་བའི་མ་འོངས་པ་བཅོལ་ཡོད། ཐབས་ཤེས་མང་ཙམ་འདོན་པ་དང་མཐུན་རྐྱེན་མང་ཙམ་སྦྱར་ནས་ཁོང་ཚོ་འགྲོ་འོང་མང་ཙམ་དང་སྤེལ་རེས་མང་ཙམ་བྱེད་དུ་འཇུག་པ་དང་།  ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་འཕེལ་ཕྱོགས་ཉམས་སུ་མྱོང་དུ་འཇུག་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཕེལ་ཕྱོགས་ཉམས་སུ་མྱོང་དུ་འཇུག་པ་བཅས་ཀྱི་ཐོག་ནས། མ་འོངས་པར་ངོགས་གཉིས་ཀྱི་འབྲེལ་བའི་མདུན་ལམ་འབྱེད་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུའི་འགན་ལྕི་འཁུར་ཐུབ་པར་བྱེད་དགོས། །

ཆིན་མིན་ཏང་གིས་ཀྲུང་གོ་གཅིག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། “ཐའེ་ཝན་རང་བཙན་”གྱི་ཁ་ཕྲལ་ངན་ཇུས་ལ་མུ་མཐུད་ངོ་རྒོལ་བྱེད་པ་དང་། ཐའེ་ཝན་གྱི་ལས་རིགས་ཁག་གི་མི་སྣ་དང་ལྷན་དུ་བློ་རྩ་བརྟན་པོས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་སྤྱི་ཁོག་གནས་བབ་སྲུང་སྐྱོང་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བའི་རེ་བ་ཡོད།