
༄༅། །ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་དགོས།
(2014ལོའི་ཟླ་2ཚེས་18ཉིན།)
གུས་པར་འོས་པའི་མཚན་འཛིན་ཀྲུའུ་ཞི་ལེན་ཀྲན་དང་སྐུ་ཟླ་དང་།
ཐའེ་ཝན་ནས་ཕེབས་པའི་གྲོགས་པོ་རྣམ་པ་ཚོ།
ལྷན་རྒྱས་སྐུ་ཁམས་བཟང་། དཔྱིད་གསར་དུས་ཆེན་འདས་མ་ཐག་ལེན་ཀྲུའུ་ཞི་དང་གྲོགས་པོ་གསར་རྙིང་ལྷན་རྒྱས་དང་མཇལ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ཚོ་ནི་ངས་རྟའི་ལོ་ལ་མཇལ་བའི་ཐའེ་ཝན་གྱི་མགྲོན་པོ་ཁག་དང་པོ་ཡིན་པས། ཐོག་མར་ཁྱེད་རང་ཚོ་ཕེབས་པར་སྤྲོ་བ་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན། ལྷན་རྒྱས་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། རྟའི་ལོ་ལ་རྟ་རྒྱུག་གི་མགོ་མ་ལོན་པ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ང་དང་ལེན་ཀྲུའུ་ཞི་གཉིས་ཐེངས་མང་པོ་ཞིག་མཇལ་མྱོང་ཡོད་པས། གྲོགས་པོ་རྙིང་པ་ཡིན། ལེན་ཀྲུའུ་ཞི་ལ་མི་རིགས་ཀྱི་དུང་སེམས་ཆེན་པོ་ཡོད་པ་དང་། ཁོང་གིས་དུས་ཡུན་རིང་པོར་ངོགས་གཉིས་ཀྱི་འབྲེལ་བའི་དོན་དང་། མི་རིགས་དར་རྒྱས་ཡོང་བའི་དོན་ལ་འབད་འབུངས་གནང་གི་ཡོད་པས། ངས་དེ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། །
ལོ་གཅིག་གི་འཆར་གཞི་དཔྱིད་ཀའི་དུས་ནས་འགོད་དགོས། ན་ནིང་ཡང་ལེན་ཀྲུའུ་ཞི་དང་གྲོགས་པོ་ཚོ་དཔྱིད་འགོའི་དུས་བཟང་ལ་ཕེབས་ནས། ལོ་ཧྲིལ་པོའི་ངོགས་གཉིས་ཀྱི་འབྲེལ་བའི་ཐད་དུ་འགོ་ཡག་པོ་ཞིག་བརྩམས་ཡོད། ངོགས་གཉིས་ཀྱི་འབྲེལ་བའི་ཐད་དུ་བསྟུད་མར་འཕེལ་ག་བྱུང་བ་དེས་ངོགས་གཉིས་ཀྱི་སྤུན་ཟླ་ལ་ཁེ་བཟང་སྔར་ལས་མང་པོ་ཞིག་ཐོབ་ཡོད་པར་མ་ཟད། དེར་གོང་འཕེལ་གསར་པའི་གོ་སྐབས་ཀྱང་མངའ་ཡོད། ལོ་གསར་པའི་ནང་ལ་ངོགས་གཉིས་ཀྱི་ཕྱོགས་གཉིས་ཀས་ “ངོགས་གཉིས་ཁྱིམ་ཚང་གཅིག་གི་མི་ཡིན་” ཞེས་པའི་ལྟ་བ་དམ་པོར་བཅངས་ནས། བབ་ལ་བསྟུན་ཅིང་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་སྔར་ལས་མང་བ་ལོན་པ་དང་། ངོགས་གཉིས་ཀྱི་མང་ཚོགས་ལ་ཕན་འདེད་སྐྲུན་ཐུབ་པའི་རེ་བ་ཡོད།
ལེན་ཀྲུའུ་ཞི་ཡིས་ངོགས་གཉིས་ཀྱི་འབྲེལ་བའི་སྐོར་ལ་དགོངས་འཆར་ཡག་པོ་མང་པོ་ཞིག་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དག་གིས་ང་ལ་བློ་སྒོ་ཆེན་པོ་ཕྱེ་བྱུང་། ཁྱེད་རང་ཚོ་ནི་ཐའེ་ཝན་གྱི་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་ཡིན་པས། དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་ངས་ལྷན་རྒྱས་ལ་སྙིང་གཏམ་ཞིག་བཤད་བསམ་གྱི་འདུག།
ལོ་རྒྱུས་དང་དངོས་ཡོད་ཀྱི་དབང་གིས་ངོགས་གཉིས་ཀྱི་འབྲེལ་བའི་ཐད་གནས་པའི་གནད་དོན་མང་པོ་ཞིག་གནས་སྐབས་སུ་ཐག་གཅོད་བྱེད་སླ་པོ་མེད། དེ་ཡང་སྐྱོན་མེད་དེ། ང་ཚོས་ཐུན་མོང་ཐོག་ཧུར་བརྩོན་གྱིས་ཐག་གཅོད་བྱས་པས་ཆོག འོན་ཀྱང་དེ་དག་གིས་ངོགས་གཉིས་ཀྱི་སྤུན་ཟླས་འབྲེལ་བ་གོང་སྤེལ་དང་མཉམ་ལས་སྤེལ་རེས་བྱ་རྒྱུར་གནོད་སྐྱེལ་དུ་འཇུག་མི་ཉན། དུས་མཚུངས་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཁྱིམ་ཚང་གཅིག་གི་མི་ཡིན་པས། གཅིག་མཐུན་གྱི་ཁྲག་རྒྱུན་དང་། གཅིག་མཐུན་གྱི་རིག་གནས། གཅིག་མཐུན་གྱི་ལས་འབྲེལ། གཅིག་མཐུན་གྱི་ཕུགས་རེ་བཅས་མངའ་ཡོད་པ་དེ་དག་ནི་ང་ཚོས་ཕན་ཚུན་རྒྱུས་ལོན་དང་། དཔུང་སྦྲེལ་བློ་གཅིག མཉམ་གཤིབ་མདུན་སྐྱོད་བཅས་བྱེད་པར་སྐུལ་མ་གཏོང་བའི་སྟོབས་ཤུགས་གལ་ཆེན་རེད།
དང་པོ། ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་གི་མི་ཡིན་པས། སུས་ཀྱང་ང་ཚོའི་ཁྲག་རྒྱུན་བར་གཅོད་བྱེད་མི་ཐུབ། སྤུན་ཟླ་ཐའེ་ཝན་པ་ཚོ་མེས་པོར་བཀུར་བསྟི་ཆེ་ཞིང་། ཕ་ཡུལ་རང་ས་ལ་དགའ་བ། བབ་ཆགས་ཞེ་དྲང་ཡིན་པ། ལས་ལ་བརྩོན་པ་བཅས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་གི་མི་ཡིན་ཞེས་པ་དེ་ང་ཚོའི་ཐུན་མོང་གི་ཁྲག་རྒྱུན་དང་སྙིང་སྟོབས་ནང་དུ་རྩ་བ་ཚུགས་ཡོད་པ་དང་། ང་ཚོའི་གཅིག་མཐུན་གྱི་ལོ་རྒྱུས་དང་རིག་གནས་ནང་དུ་རྩ་བ་ཚུགས་ཡོད། ང་ཚོ་ཚང་མའི་འདོད་ཚུལ་ལ། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་ཧྭ་མི་རིགས་ཡིན་པ་དང་། ཚང་མས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱས་ཡོད། ཐའེ་ཝན་གཞན་གྱི་བཙན་འཛུལ་འོག་ཚུད་པའི་ལོ་ངོ50རིང་ [1]ལ། སྤུན་ཟླ་ཐའེ་ཝན་པ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་ཆེན་པོ་དང་ཀྲུང་ཧྭའི་རིག་གནས་ཀྱི་དུང་སེམས་བརྟན་པོ་བཅངས་ཡོད་པ་དང་། སེམས་གཏིང་ནས་རང་ཉིད་ཀྲུང་ཧྭ་མི་རིགས་ཡིན་པར་ཁས་ལེན་གྱི་ཡོད། དེ་ནི་རྩོལ་མེད་ལྷན་སྐྱེས་ཀྱི་རང་ཆོས་ཡིན་པས་ཉམས་པ་མེད་པ་ཞིག་རེད།
ཐའེ་ཝན་གྱིས་བརྒྱུད་པའི་ལོ་རྒྱུས་དང་། ངོགས་གཉིས་ཀྱི་སྤུན་ཟླས་ཤར་མར་བསྐྱོད་ཡོང་བའི་བཤུལ་ལམ་ལ་ཕྱི་མིག་བལྟས་ཚེ། ང་ལ་མྱོང་ཚོར་ཟབ་མོ་ཞིག་སྐྱེས་བྱུང་བ་ནི། ཐའེ་ཝན་ཡོ་ལང་གང་ཞིག་ལ་ཐུག་པ་དང་། ངོགས་གཉིས་ཀྱི་འབྲེལ་བར་འཕོ་འགྱུར་གང་ཞིག་བྱུང་ཡང་། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ནི་ནམ་ཡང་གཅིག་སེམས་གཅིག་གཏད་དང་འགྲོ་རོགས་ལྟ་རོགས་བྱེད་པ་དེ་ཡིན། དེས་སྐྱེ་བོ་རྣམས་ལ་གནས་ལུགས་བབ་ཆགས་ཤིག་བསྟན་ཡོད་པ་སྟེ། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ནི་ཁྲག་རྒྱུད་གཅིག་པའི་བུ་སྤུན་རེད། ལོ་ངོ་བརྒྱ་ཕྲག་དུ་མའི་གོང་དུ་“ཆུ་ནག་ལུང་པ”བརྒལ་ནས་ཐའེ་ཝན་དུ་ “འཚོ་རྟེན་སློང་” དུ་སོང་བ་ཡིན་ནའང་འདྲ་ལ། ལོ་ངོ་བཅུ་ཕྲག་དུ་མའི་གོང་ལ་ཐའེ་ཝན་དུ་གནས་སྤོ་བྱས་པ་ཡིན་ནའང་འདྲ། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པ་ཚོ་ནི་ནམ་ཡིན་རུང་ང་ཚོའི་གདུང་རྒྱུད་ཡིན། ཚང་མ་འབྱུང་རྩ་གཅིག་ལ་རིགས་རྒྱུད་དང་རིག་གནས་གཅིག་པ་དང་། གཅིག་སེམས་གཅིག་ལ་འབྲེལ་ཡོད་པས། མ་གཞི་ནས་ཁྲག་རྒྱུད་གཅིག་པའི་ཁྱིམ་ཚང་གཅིག་གི་མི་ཡིན། ངོགས་གཉིས་ཉེ་བར་འབྲེལ་ནས་སྤུན་ཟླ་ལྷན་འཛོམས་ཡོང་རྒྱུ་ནི་ངོགས་གཉིས་ཀྱི་སྤུན་ཟླ་ཚང་མའི་འདུན་པ་ཡིན་པས། ང་ཚོ་བར་གཅོད་བྱེད་ཐུབ་པའི་སྟོབས་ཤུགས་གང་ཡང་མེད། །
གཉིས་པ། ངོགས་གཉིས་ཀྱི་སྤུན་ཟླའི་ལས་དབང་གཅིག་ཏུ་འབྲེལ་ཡོད་པས་ཕན་ཚུན་བར་དུ་འགྲོལ་མི་ཐུབ་པའི་སེམས་མདུད་གང་ཡང་མེད། ངོགས་གཉིས་ཀྱི་སྤུན་ཟླ་རྣམས་མཚོ་འགག་གཅིག་གིས་བཅད་ཡོད་ཀྱང་། ལས་དབང་ནི་ཐོག་མ་ཉིད་ནས་གཅིག་ཏུ་འབྲེལ་ཡོད། མི་རིགས་སྟོབས་འབྱོར་རྒྱས་ན་སྤུན་ཟླ་ཚང་མའི་བདེ་བ་ཡིན་པ་དང་། མི་རིགས་ཉམ་ཆུང་དང་ཟིང་ཆ་ལྡན་ན་སྤུན་ཟླ་ཀུན་གྱི་ཆག་སྒོ་ཡིན། ཉེ་རབས་ནས་བཟུང་གི་ཆར་རླུང་འཚུབ་པ་ལྟ་བུའི་ཉམ་ངའི་ལོ་ཟླ་རིང་མོ་བརྒྱུད་མཐར། ང་ཚོར་དེའི་སྐོར་གྱི་ཉམས་ཚོར་ཟབ་མོ་ཡོད། །
ད་ལོ་ནི་ཤིང་རྟ་ལོ་ཡིན་པ་དང་། ལོ་ངོ120ཡི་གོང་གི་ཤིང་རྟ་ལོར་ཀྲུང་ཧྭ་མི་རིགས་ཉིད་རྒྱལ་ཁབ་འཁོས་ཆུང་ཡིན་པས་ཐའེ་ཝན་ཉིད་མི་རིགས་གཞན་གྱི་བཙན་འཛུལ་འོག་ཏུ་ཚུད་པ་རེད། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཡང་བའི་ཤོག་ལྷེ་ཞིག་ཡིན་ལ། ངོགས་གཉིས་ཀྱི་སྤུན་ཟླ་ཚོར་མི་བཟོད་པའི་སེམས་གདུང་བཞག་ཡོད། ཐའེ་ཝན་དགྲ་ལག་ཏུ་ཚུད་པའི་ལོ་ཟླའི་ནང་དུ། སྤུན་ཟླ་ཐའེ་ཝན་པ་གྲངས་ལས་འདས་པས་ཟུངས་ཁྲག་དང་གཅེས་སྲོག་བསྡོས་ཏེ་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ནང་གི་འབྲལ་དུ་མེད་པའི་ཁོངས་མི་ཞིག་ཡིན་པ་བདེན་དཔང་བྱས་ཡོད། ཉེ་བའི་ལོ་ངོ60ལྷག་གི་རིང་ལ། ངོགས་གཉིས་གཅིག་གྱུར་མ་བྱུང་ཡང་ང་ཚོ་རྒྱལ་ཁབ་གཅིག་གི་ཁོངས་ཡིན་པ་དང་མི་རིགས་གཅིག་གི་ཁོངས་ཡིན་པ་ནི་ནམ་ཡང་འགྱུར་ལྡོག་བྱུང་མེད་ལ་འབྱུང་ཡང་མི་སྲིད། རྒྱུ་མཚན་ཅི་ཡིན་ཞེ་ན། ང་ཚོའི་ཁྲག་རྩའི་ནང་དུ་རྒྱུ་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཟུངས་ཁྲག་ཡིན་པ་དང་། ང་ཚོའི་བསམ་པའི་ནང་དུ་གཅེས་པར་བསྲུང་བྱ་ནི་ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་ཡིན་པས་རེད། །
སྤུན་ཟླ་ཐའེ་ཝན་པ་ཚོར་མཚོན་ན། རང་ཉིད་ཀྱི་ལོ་རྒྱུས་མྱོང་བ་དང་སྤྱི་ཚོགས་ཁོར་ཡུག་གི་དབང་གིས། ལོ་རྒྱུས་ཀྱི་སྐྱོ་གདུང་སེམས་མདུད་ཚུད་པའི་སོ་སོའི་ཁྱད་པར་གྱི་སེམས་བག་ལྡན་ཡོད་པ་དང་། རང་ཁྱིམ་རང་བདག་བྱས་ཏེ་“མགོ་ཐོན་རྒྱུ་” ཡི་འདུ་ཤེས་ཡོད་ལ། ཐའེ་ཝན་གྱི་ད་སྤྱོད་སྤྱི་ཚོགས་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་ལ་གཅེས་འཛིན་བྱེད་ཅིང་། བདེ་སྐྱིད་བག་དྲོའི་འཚོ་བ་རོལ་འདོད་ཡོད་པ་བཅས་ཚང་མ་ངས་ཤེས་ཀྱི་ཡོད། བདག་གཞན་བརྗེས་ནས་བསམ་བློ་ཞིག་བཏང་ཚེ་ང་ཚོས་སྤུན་ཟླ་ཐའེ་ཝན་པའི་བསམ་ཚུལ་ལ་བསམ་ཤེས་བྱེད་ཐུབ་ཀྱི་འདུག །
ལོ་རྒྱུས་ཀྱིས་སྤུན་ཟླ་ཐའེ་ཝན་པར་བཞག་པའི་སྐྱོ་གདུང་དེ་ནི་ང་ཚོས་ཀྱང་རང་གིས་མྱངས་པ་ལྟར་ཚོར་བ་སྟེ། རྒྱུ་མཚན་ནི་དེ་ཉིད་ཀྲུང་ཧྭའི་བུ་ཕྲུག་ཚོའི་སེམས་ནང་གི་སྤྱི་མཐུན་གྱི་གདུང་བ་ཡིན་པས་རེད། མི་རིགས་ཀྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་ཟིན་ནས་གར་སོང་ས་རུ་བརྩི་བཀུར་ཐོབ་པའི་མགོ་འཕང་མཐོ་བའི་ཀྲུང་གོ་བ་ཞིག་བྱ་རྒྱུ་དེ་ནི། ཉེ་རབས་ནས་བཟུང་ཀྲུང་ཧྭའི་བུ་ཕྲུག་ཚོའི་འབད་འཐབ་བྱ་ཡུལ་ཡིན། ང་ཚོར་འདུན་པ་གཅིག་འདྲ་དེ་ཡོད།
སེམས་གདུང་སེལ་བ་ལ་བརྩེ་དུང་དགོས་པ་དང་། གནད་དོན་དངོས་ཐག་གཅོད་བྱེད་པ་ལ་ལྷག་བསམ་དགོས། ང་ཚོར་བཟོད་སེམས་ཡོད་ལ་གདེང་ཚོད་ནི་དེ་བས་ཀྱང་ཡོད། བརྩེ་དུང་གིས་སེམས་རྨ་གསོ་ཐུབ་ལ་སེམས་མདུད་གྲོལ་ཐུབ་པས་མི་ཚད། སེམས་གཏིང་གི་མཐུན་པ་སྐྱེད་ཐུབ་པ་རེད། སྤུན་ཟླ་ཐའེ་ཝན་པས་རང་ཉིད་ཀྱིས་གདམ་གསེས་བྱས་པའི་སྤྱི་ཚོགས་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་ལ་ང་ཚོས་བརྩི་འཇོག་བྱེད་པ་དང་། སྐམ་ས་ཆེན་མོའི་གོང་འཕེལ་གྱི་གོ་སྐབས་དེ་ཐོག་མར་སྤུན་ཟླ་ཐའེ་ཝན་པ་དང་མཉམ་དུ་ལོངས་སྤྱོད་བྱེད་འདོད་ཀྱང་ཡོད། ལོ་རྒྱུས་ནི་གདམ་གསེས་བྱེད་མི་ཐུབ་མོད་ཀྱང་། ད་ལྟ་ནི་ཁ་ལོ་སྒྱུར་ཆོག་པ་རེད་ལ། མ་འོངས་པ་ནི་གསར་གཏོད་བྱས་ཆོག་པ་རེད།
གསུམ་པ། ངོགས་གཉིས་ཀྱི་སྤུན་ཟླས་རྡོག་རྩ་གཅིག་སྒྲིལ་གྱིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ཡོང་བར་བསྟུད་མར་སྐུལ་འདེད་གཏོང་དགོས། ལོ་5ཡི་རིང་ལ། ངོགས་གཉིས་ཀྱི་སྤུན་ཟླས་ཐུན་མོང་ཐོག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་བགྲོད་ལམ་གདམ་གསེས་བྱས་ཏེ། སྔ་ན་མ་མཆིས་པའི་རྣམ་པ་གསར་པ་བཏོད་ཡོད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མར་དེ་ལས་ཁེ་བཟང་ཐོབ་ཡོད། དོན་དངོས་ལས་ར་སྤྲོད་བྱུང་གསལ་ལ། དེ་ནི་ངོགས་གཉིས་ཀྱི་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད། མི་རིགས་བསྐྱར་དར་གྱི་ལམ་དུ་སྐྱོད་པ། ངོགས་གཉིས་ཀྱི་སྤུན་ཟླ་ལ་ཕན་བདེ་སྩོལ་བ་བཅས་ཀྱི་ཡང་དག་པའི་བགྲོད་ལམ་ཞིག་རེད། ངོགས་གཉིས་ཀྱི་སྤུན་ཟླས་བློ་རྩ་བརྟན་པོས་བར་ཆད་སྣ་ཚོགས་ཁྱད་དུ་བསད་དེ། བགྲོད་ལམ་འདི་དེད་དེ་གོམ་པ་རེ་རེ་བཞིན་རྐང་རྗེས་བཞག་ནས་སྐྱོད་དགོས།
ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བ་དེ་ནི་ངོགས་གཉིས་ཀྱི་སྤུན་ཟླ་ཚང་མར་ཕན་ཐོགས་ཡོད་པ་ཞིག་ཡིན་པས། ཚང་མས་མིག་མདུན་གྱི་རྣམ་པ་བཟང་པོ་འདི་ཕྱིར་ལྡོག་བྱེད་འདོད་ཀྱི་མེད། དེའི་ཕྱིར་ངོགས་གཉིས་ཀྱི་ཕྱོགས་གཉིས་ཀས་ “དགུ་གཉིས་ངོས་འཛིན་གཅིག་མཐུན་” [༣] དང་ “ཐའེ་ཝན་རང་བཙན་” ལ་ངོ་རྒོལ་བྱེད་པའི་ཐུན་མོང་གི་རྨང་གཞི་སྲ་བརྟན་དང་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་གཅིག་གི་སྒྲོམ་གཞིའི་ཐུན་མོང་གི་ངེས་ཤེས་ཟབ་སྤེལ་དང་སྲུང་སྐྱོང་བྱེད་དགོས། རྨང་གཞི་འདི་ནི་ངོགས་གཉིས་ཀྱི་འབྲེལ་བའི་གྲུ་འདོགས་ལྟ་བུ་ཡིན་ལ། གྲུ་འདོགས་བརྟན་པོར་ཚུགས་ན་གཞི་ནས་ཕྱོགས་ཀྱི་དྲག་རླུང་ཇི་ལྟར་ལྡང་ཡང་བག་ཡངས་ངང་བསྡད་ཆོག་པ་རེད། རྨང་གཞི་འདི་རྒྱུན་འཁྱོངས་བྱུང་བ་ཡིན་ཕྱིན། ངོགས་གཉིས་ཀྱི་འབྲེལ་བའི་མདུན་ལམ་ལ་འོད་སྣང་ཇེ་གསལ་ཇེ་གསལ་ཡོང་གི་རེད། དེ་ལས་ལྡོག་སྟེ་རྨང་གཞི་འདི་ལ་གཏོར་བརླག་བཏང་ན། ངོགས་གཉིས་ཀྱི་འབྲེལ་བ་དེ་སྔར་ཡང་བདེ་མེད་ཟིང་ལོང་གི་གནས་སུ་གྱར་སྲིད་པ་རེད། ཉེ་སྔོན་ཕྱོགས་གཉིས་ཀྱི་ངོགས་གཉིས་ལས་དོན་གྱི་གཙོ་སྐྱོང་སྡེ་ཁག་གི་འགན་འཁུར་པ་ལྷན་དུ་འཛོམས་ནས་ངོས་འཛིན་གཅིག་མཐུན་བཟང་པོ་བཞག་ཡོད་པས། ངོགས་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་དགེ་མཚན་ཅན་ལྡན་ཡོད། །
ངོགས་གཉིས་བར་དུ་དུས་ཡུན་རིང་པོར་གནས་པའི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་གནད་དོན་ལ་ཆ་བཞག་ན། ང་ཚོར་ཀྲུང་གོ་གཅིག་གི་སྒྲོམ་གཞིའི་ནང་དུ་ཐའེ་ཝན་ཕྱོགས་དང་འདྲ་མཉམ་སྒོས་གྲོས་མོལ་བྱས་ཏེ། ཚུལ་མཐུན་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་འདོད་ཡོད། བསམ་ཚུལ་གང་ཡོད་ཀྱང་སྤེལ་རེས་བྱས་ཆོག་པ་རེད། འཇམ་གླིང་སྟེང་དུ་གནད་དོན་མང་པོ་གནས་ཡོད་པ་དང་། དེ་དག་ཐག་གཅོད་བྱེད་ན་སྒྲུབ་ཐེངས་གཅིག་གིས་ཐམས་ཅད་འགྲུབ་མི་སྲིད་མོད། འོན་ཀྱང་གྲོས་མོལ་བྱས་པ་ཡིན་ཕྱིན་འགྲུབ་པའི་རེ་བ་ཡོད། ལྷག་པའི་བསམ་པའི་མཐར་ཕྱིན་ཚེ།། མི་གཞིག་ལྕགས་རྡོའང་ཕྱེད་པར་འགྱུར།། ཞེས་ཟེར་བ་ལྟར། ངོགས་གཉིས་ཀྱི་ཀྲུང་གོ་བར་གནད་དོན་ཐག་གཅོད་བྱེད་པའི་སྒོ་འབྱེད་ལྡེ་མིག་རྙེད་པའི་བློ་གྲོས་ཡོད་པ་ང་ལ་ཡིད་ཆེས་ཡོད། །
འཐུ་མཁན་མང་ན་བུད་ཤིང་མང་། བུད་ཤིང་མང་ན་མེ་ལྕེ་མཐོ་ཟེར་བ་ལྟར། ང་ཚོས་སྤུན་ཟླ་ཐའེ་ཝན་པ་སྔར་ལས་མང་བ་ཞིག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་གྲལ་ལ་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན་པས། ཚང་མས་བརྩོན་པ་མཉམ་སྤྱད་ཀྱིས་བློ་འདོན་པ་དང་ཐབས་ཤེས་བཏང་ནས། བློ་གྲོས་དང་སྟོབས་ཤུགས་སྔར་ལས་མང་བ་ཞིག་གཅིག་ཏུ་སྒྲིལ་བ་དང་། ངོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བ་དེ་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རྒྱུན་ཞིག་ཆགས་པར་བྱེད་པ་དང་། སྤུན་ཟླ་ཐའེ་ཝན་པ་སྤྱི་དང་ཁྱད་པར་དུ་གཞི་རིམ་གྱི་མང་ཚོགས་ལ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་ལས་བྱུང་བའི་ཁེ་བཟང་སྔར་ལས་མང་བ་ལོངས་སུ་སྤྱོད་དུ་འཇུག་དགོས། ང་ཚོས་སྤུན་ཟླ་ཐའེ་ཝན་པ་ཚང་མར་ཉེ་རིང་མི་བྱེད་པར་སུ་དང་གང་ཡིན་པ་དེ་དང་དེས་སྔོན་ཆད་ལྟ་བ་གང་འདྲ་ཞིག་བཟུང་མྱོང་ཡང་། ད་ལྟ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ལས་ལ་ཞུགས་འདོད་ཡོད་ཚེ། ང་ཚོས་མཐའ་གཅིག་ཏུ་དགའ་བསུ་ཞུ་རྒྱུ་ཡིན།
བཞི་པ། ངོགས་གཉིས་ཀྱི་སྤུན་ཟླ་ཚོས་ལག་གདང་སྦྲེལ་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་དགོས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་རྒྱུ་དང་། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། མི་རིགས་དར་རྒྱས་ཆེ་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོང་རྒྱུ་ནི་སྐུ་ཞབས་སུན་ཀྲུང་ཧྲན་[4]གྱི་ཕུགས་རེ་ཡིན་པ་དང་། ཀྲུང་གོའི་གུང་ཁྲན་ཏང་མིའི་ཕུགས་རེ་ཡིན་ལ། ཉེ་རབས་ནས་བཟུང་གི་ཀྲུང་གོ་བའི་ཕུགས་རེ་ཡང་ཡིན། ང་ཚོས་བཤད་པའི་ཀྲུང་གོའི་ཕུགས་འདུན་ནི་མི་རིགས་ཀྱི་ཕུགས་རེ་འདིའི་བརྗོད་པ་སྙན་དབང་གསོ་བ་ཞིག་རང་ཡིན།
དེ་ཡང་ལེན་ཀྲུའུ་ཞིས་ཀྲུང་གོའི་ཕུགས་འདུན་ནི་ཐའེ་ཝན་གྱི་མདུན་ལམ་དང་དམ་པོར་འབྲེལ་ཡོད་ཅེས་གསུངས་པ་ནང་བཞིན། ཀྲུང་གོའི་ཕུགས་འདུན་ནི་ངོགས་གཉིས་ཐུན་མོང་གི་ཕུགས་འདུན་ཡིན་པས། ཚང་མས་མཉམ་དུ་ལེགས་འགྲུབ་བྱེད་དགོས། སྤུན་ཟླ་བཟང་ཁ་མཐུན་ན་གསེར་ལས་ལྷག་[5]་ཟེར་བ་ལྟར། ངོགས་གཉིས་ཀྱི་སྤུན་ཟླས་ཕན་ཚུན་རོགས་རེས་བྱེད་དགོས་པ་དང་། ཏང་ཤོག་དང་། རིམ་གྲས། ཆོས་ལུགས། ས་ཁོངས་བཅས་ཀྱི་ཕྱོགས་རེས་མི་འབྱེད་པར་ཚང་མ་མི་རིགས་བསྐྱར་དར་ཡོང་བའི་དཔུང་འཇུག་བྱེད་རིམ་ནང་ཞུགས་ནས། ང་ཚོ་ཐུན་མོང་གི་ཀྲུང་གོའི་ཕུགས་འདུན་སྔ་ཙམ་ནས་མངོན་འགྱུར་ཡོང་བར་བྱེད་དགོས།
ང་ཚོས་ལྷག་བསམ་ཟོལ་མེད་ཀྱིས་སྤུན་ཟླ་ཐའེ་ཝན་པར་ལྟ་ཚུལ་བཟང་པོ་འཛིན་གྱི་ཡོད་པ་དང་། ཕྱོགས་གང་ཅིའི་བསམ་འཆར་ཉན་འདོད་ཡོད། དེ་ཡང་སྤུན་ཟླ་ཐའེ་ཝན་པའི་ཕན་བདེ་ཆེ་རུ་སྐྱེད་པར་ཕན་ཐོགས་ཡོད་པའི་བྱ་བ་དང་། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་པའི་བྱ་བ། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཁེ་ཕན་ལ་ཕན་ཐོགས་ཡོད་པའི་བྱ་བ་བཅས་ཡིན་ཕྱིན། ང་ཚོས་སྟོབས་ཤུགས་ཡོད་རྒུས་ཚང་མ་ཡག་པོར་བསྒྲུབས་ཏེ། རྒྱ་ཆེའི་སྤུན་ཟླ་ཐའེ་ཝན་པ་ལ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་བའི་ནང་ནས་ཁེ་བཟང་སྔར་ལས་མང་བ་ཐོབ་པར་བྱ་རྒྱུ་དང་། ང་ཚོ་ཀྲུང་གོ་བ་ཡོངས་རྫོགས་ལ་དེ་བས་དགའ་སྐྱིད་ལྡན་པའི་འཚོ་བ་བཟང་པོར་རོལ་དུ་གཞུག་རྒྱུ་ཡིན།
མཇུག་མཐར། ལེན་ཀྲུའུ་ཞི་དང་གྲོགས་པོ་ཚོའི་སྐམ་ས་ཆེན་མོའི་འགྲུལ་བཞུད་བདེ་བགྲོད་ཡོང་བར་ཤོག།