
༄༅། །ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་པ་ནི་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་གོང་འཕེལ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་འཛིན་པའི་གདེང་ཚོད་དང་རང་རྟོགས་ཡིན།*(2014ལོའི་ཟླ་3ཚེས་28ཉིན།)
ཕན་ཚུན་ཆ་རྒྱུས་ལོན་པ་དང་ཕན་ཚུན་བསམ་ཤེས་བྱེད་པ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་གོང་འཕེལ་ཡོང་བའི་རྨང་གཞིའི་རང་བཞིན་གྱི་ལས་གཞི་ཡིན། ཆ་རྒྱུས་ཇི་ཙམ་ཆེ་བ་དང་བསམ་ཤེས་བྱས་པ་ཇི་ཙམ་ཟབ་ན་སྤེལ་རེས་དང་མཉམ་ལས་བྱེད་པའི་རྨང་གཞི་དེ་ཙམ་གྱིས་བརྟན་པ་དང་རྒྱ་ཆེ་བ་རེད། །
ཚང་མས་མཁྱེན་གསལ་ལྟར། བསྒྱུར་བཅོས་སྒོ་འབྱེད་བྱས་ཏེ་ལོ་ངོ་30ལྷག་རིང་གི་གོང་འཕེལ་མགྱོགས་པོ་བྱུང་བ་བརྒྱུད་ཀྲུང་གོའི་དཔལ་འབྱོར་བསྡོམས་འབོར་དེ་འཛམ་གླིང་གི་ཨང་གཉིས་པར་བསྙེགས་ཡོད་པ་རེད། ཀྲུང་གོའི་གཟུགས་བོང་བསྟུད་མར་ཕོན་ཆེན་པོ་ཆགས་པའི་ཚེ། མི་འགའ་ཞིག་གིས་སེམས་ཁྲལ་བྱེད་འགོ་ཚུགས་ཡོད་པ་དང་། ཡང་ལ་ལ་ཞིག་གིས་མདོག་ལྡན་མིག་ཤེལ་བརྒྱབ་ནས་ཀྲུང་གོར་ལྟ་ལ། ཀྲུང་གོ་དར་རྒྱས་བྱུང་སོང་ན་“ འཇིགས་པ་” ཞིག་ཡིན་པར་འདོད་ཀྱི་ཡོད་ཅིང་། ཐ་ན་ཀྲུང་གོ་ཉིད་འཇིགས་སུ་རུང་བའི་གདོན་འདྲེ་ “མོ་ཧྥེ་སི་ཐོ་” ཡི་དཔེ་ཟླར་བཀོད་ནས། ནམ་ཞིག་ཀྲུང་གོས་འཛམ་བུ་གླིང་གི་རྣམ་ཤེས་བཀུག་དོགས་བྱེད་ཀྱི་ཡོད། བཤད་སྒྲོས་འདི་དག་ནི་ལྷ་སྒྲུང་ཤོད་པ་ལྟར་ཡིན་ཀྱང་བློ་ཕངས་བ་ཞིག་ལ་མི་ལ་ལ་ཞིག་དེ་ལ་སྤྲོ་བ་ཆེན་པོ་བརྟས་ཡོད་པ་རེད། དེས་སླར་ཡང་བདེན་དོན་ཞིག་རིགས་སྒྲུབ་བྱས་ཡོད་པ་སྟེ། ཕྱོགས་ལྷུང་གི་ལྟ་བ་ནི་ནམ་ཡང་སེལ་དཀའ་ཤོས་ཡིན་པ་དེ་རེད། །
མིའི་རིགས་ཀྱི་ལོ་རྒྱུས་ལ་དཀྱུས་སུ་བལྟས་ཚེ། སྐྱེ་བོ་རྣམས་ཕན་ཚུན་ལོགས་བཀར་བྱེད་སྤྱད་ནི་རིའི་ཕྲེང་བ་དང་ཆུའི་རྦ་ཀློང་མ་ཡིན་ལ། མཐའ་ཡས་རྒྱ་མཚོ་དང་ཞབས་མེད་གཡང་རོང་ཡང་མ་ཡིན་པར། མི་རྣམས་ཀྱི་སེམས་ཀྱི་ངོས་འཛིན་སྟེང་གི་བར་སྐྱི་དེ་ཡིན་པ་རེད། ལའེ་པུ་ཉི་ཚེ་ཡིས་གསུངས་པར། ང་ཚོས་རང་སོའི་ཤེས་བྱ་ཡོན་ཏན་སྤེལ་རེས་བྱས་ན་གཞི་ནས་ཐུན་མོང་དུ་ང་ཚོའི་བློ་གྲོས་ཀྱི་སྒྲོན་མེ་སྦར་ཐུབ་པ་རེད། །
ངས་གོ་སྐབས་འདི་དང་བསྟུན་ནས་ཀྲུང་གོས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་བརྗོད་གཞི་བྱས་ཏེ། ཀྲུང་གོའི་བསྒྱུར་བཅོས་དང་གོང་འཕེལ་སྐོར་ཕྲན་ཙམ་གླེང་རྒྱུ་ཡིན་པས། ཚང་མས་ཀྲུང་གོ་རྒྱུས་ལོན་དང་བསམ་ཤེས་བྱེད་པར་ཕན་ཐོགས་ཡོང་བའི་རེ་བ་ཡོད།
ཀྲུང་གོས་སྔ་མོ་ནས་འཛམ་གླིང་ལ་སྒམ་བརྟིང་སྒོས་བསྒྲགས་གཏམ་སྤེལ་ཡོད་པ་ནི། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན་པ་སྟེ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱས་ཏེ་རང་ཉིད་གོང་སྤེལ་གཏོང་ལ། རང་ཉིད་ཀྱི་གོང་འཕེལ་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ཡང་བྱ་རྒྱུ་ཡིན་ཞེས་པ་དེ་ཡིན། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་གོང་འཕེལ་གྱི་འགྲོ་ཕྱོགས་ལ་དོ་སྣང་བྱེད་པར་ཀྲུང་གོས་ཨ་ལན་སྤྲད་པ་ཞིག་ཡིན་ལ། དེ་བས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་རང་ཉིད་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུར་འཛིན་པའི་གདེང་ཚོད་དང་རང་རྟོགས་ཡིན། གདེང་ཚོད་དང་རང་རྟོགས་དེ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་ཟབ་ཅིང་རྒྱ་ཆེ་བའི་ཁུངས་རྩ་ལས་བྱུང་བ་དང་། ཀྲུང་གོའི་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཆ་རྐྱེན་ལ་ཐོབ་པའི་ངོས་ཟིན་ལས་བྱུང་བ་རེད་ལ། འཛམ་གླིང་གོང་འཕེལ་ཡོང་བའི་འཕེལ་ཕྱོགས་ཆེན་པོར་ཐོབ་པའི་གདེང་ཚོད་ལས་བྱུང་བ་རེད།
ཀྲུང་ཧྭ་མི་རིགས་ནི་ཞི་བདེ་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན། མི་རིགས་ཤིག་གི་ཆེས་ཟབ་ཡངས་ཀྱི་བསམ་པའི་དོན་གཉེར་ནི་དེའི་རིང་ནས་བརྒྱུད་པའི་མི་རིགས་ཀྱི་སྙིང་སྟོབས་ལས་གཞི་རྐྱེན་གྱི་བསྟར་རིམ་སྒྲིག་དགོས་པ་ཞིག་རེད། ལོ་ངོ་5000ལྷག་གི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་རིག་གནས་ཀྱིས་ཐོག་མ་ཉིད་ནས་ཞི་བདེ་ལ་བརྩི་མཐོང་ཆེན་པོ་བྱེད་ཅིང་། ཞི་བདེ་དང་། འཆམ་མཐུན། ཞི་མཐུན་བཅས་ཀྱི་དོན་གཉེར་དེ་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཞིང་ཁམས་སུ་རྩ་བ་ཟབ་མོར་ཚུགས་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་ཁྲག་རྒྱུན་གྱི་ནང་དུ་ཟབ་མོར་ཞུགས་ཡོད། ཀྲུང་གོས་གནའ་སྔ་མོ་ནས་བཟུང་ “རྒྱལ་ཁབ་ཆེ་ཡང་འཐབ་ལ་དགའ་ན་ཉམས་པར་འགྱུར་” [1] ཞེས་པའི་ལེགས་བཤད་བཏོན་ཡོད། “ཞི་ཞིང་མཐུན་པ་གཅེས་” ཞེས་པ་དང་། “བསྟུན་མཁས་ཀྱང་གཞན་རྗེས་མི་འབྲང་བ།” [2]“མདའ་དང་མདུང་དེ་གཡུ་དང་དར་ལ་བརྗེ།” “རྒྱལ་ཁམས་བདེ་ལ་འབངས་མི་སྐྱིད།” “མཛའ་བའི་ཁྱིམ་མཚེས་དང་འཆམ་པའི་རྒྱལ་ཁབ།” “ས་སྟེང་ཞི་བདེ།” “གནམ་འོག་སྤྱི་མཐུན་ཆེན་པོ་” ཞེས་པ་ལ་སོགས་ཀྱི་ལྟ་བ་དེ་མི་རབས་ནས་མི་རབས་སུ་བརྒྱུད་ཡོད། ལོ་རྒྱུས་སྟེང་དུ་ཀྲུང་གོ་འདི་ཉིད་དུས་ཡུན་རིང་པོར་འཛམ་གླིང་གི་སྟོབས་འབྱོར་མངའ་ཐང་ཆེ་ཤོས་ཀྱི་རྒྱལ་ཁབ་གྲས་ཡིན་ན་ཡང་། རྒྱལ་ཁབ་གཞན་ལ་མི་སེར་སྤེལ་བ་དང་བཙན་འཛུལ་བྱས་པའི་ཟིན་ཐོ་བཞག་མྱོང་མེད། ང་ཚོས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ལོ་ངོ་སྟོང་ཕྲག་འགའི་རིང་གི་ཀྲུང་ཧྭ་མི་རིགས་ཞི་བདེ་ལ་དགའ་བའི་རིག་གནས་སྲོལ་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱས་པ་རང་ཡིན། །
ཀྲུང་གོས་མ་འོངས་པའི་གོང་འཕེལ་གྱི་དམིགས་འབེན་གཏན་ལ་ཕབ་ཟིན་པ་སྟེ། དེ་ནི་2020ལོར་སླེབས་དུས་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམ་ཡོང་འབབ་དེ་2010ལོ་ལས་ལྡབ་གཅིག་འཕར་སྣོན་ཡོང་བར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། དུས་རབས་འདིའི་དུས་དཀྱིལ་ལ་སླེབས་དུས་སྟོབས་འབྱོར་དམངས་གཙོ་ཤེས་དཔལ་ཞི་མཐུན་བཞི་ལྡན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པར་བྱ་རྒྱུ་དེ་ཡིན། ང་ཚོས་དམིགས་འབེན་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ཞེས་སུ་བསྡུས་ཡོད། ཀྲུང་གོར་མི་འབོར་དུང་ཕྱུར་13ལྷག་ཡོད་པས། བགྲོད་ལམ་ཡང་དག་པ་ཡིན་ཕྱིན་སྤྱི་ཡོངས་རྒྱུ་ནོར་གྱི་ཆུ་ཚད་དང་བདེ་སྐྱིད་ཀྱི་དམིགས་ཚད་ནི་མགྱོགས་མྱུར་དུ་འཕར་སྣོན་ཡོང་ཐུབ་མོད་ཀྱི། མི་བྱེ་བྲག་པ་རེ་རེའི་རྒྱུ་ནོར་གྱི་ཆུ་ཚད་དང་བདེ་སྐྱིད་ཀྱི་དམིགས་ཚད་མཐོ་རུ་གཏོང་བ་ནི་ལས་སླ་པོ་ཞིག་མིན། མདུན་ཅོག་གཅིག་གི་སྟེང་དུ་ཟ་མ་ཟ་བའི་ཚེ། བཟའ་བཏུང་གཟབ་རྒྱས་ཇི་ལྟར་ཆེ་ཡང་མི་8ཀྱིས་ཟ་བ་དང་། མི་80ཡིས་ཟ་བ། མི་800ཡིས་ཟ་བ་བཅས་ནི་རྦད་དེ་ཁ་ཁ་ཡིན་པ་རེད། ང་ཚོས་གསལ་པོར་ཤེས་པ་ཞིག་ནི། དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དུ། ཀྲུང་གོ་སྔར་བཞིན་འཛམ་གླིང་སྟེང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། མི་གྲངས་དུང་ཕྱུར་13ལྷག་གི་འཚོ་བའི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས་ན་ང་ཚོས་དཀའ་སྤྱད་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་དེ་ཡིན། ཀྲུང་གོས་བློ་རིག་བསྒྲིམས་ནས་འཛུགས་སྐྲུན་བྱེད་པར་ཆ་རྐྱེན་གཉིས་འཛོམས་དགོས་པ་སྟེ། གཅིག་ནི་ཞི་མཐུན་བརྟན་བརླིང་གི་རྒྱལ་ནང་གི་ཁོར་ཡུག་ཡིན་པ་དང་། ཅིག་ཤོས་ནི་ཞི་བདེ་ལྷིང་འཇགས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ཡིན། །
ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་ཡིན་ལ། དེས་རྒྱལ་ཁབ་རེའི་བགྲོད་ཟིན་པའི་རྐང་རྗེས་ཇི་མ་ཇི་བཞིན་ཟིན་བྲིས་སུ་བཀོད་ཡོད་པ་དང་། རྒྱལ་ཁབ་རེའི་མ་འོངས་པའི་གོང་འཕེལ་ལ་བློ་སྐྱེད་ཀྱང་སྦྱིན་གྱི་རེད། 1840ལོའི་ཉལ་ཐའི་དམག་འཁྲུག་ནས་1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་པའི་ལོ་ངོ་100ལྷག་གི་ནང་དུ། ཀྲུང་གོའི་སྤྱི་ཚོགས་ཉིད་དམག་འཁྲུག་གི་དུ་སྤྲིན་བསྟུད་མར་འཁྲིགས་ཤིང་། ནང་གི་ཟིང་འཁྲུག་དང་ཕྱི་དགྲའི་བཙན་འཛུལ་རེས་མོས་སུ་བྱུང་བས། ཀྲུང་གོའི་མི་དམངས་ལ་ཕྱིར་ལྟ་མི་བཟོད་པའི་ཆག་སྒོ་བཟོས་ཡོད་པ་རེད། ལྗར་པན་བཙན་རྒྱལ་རིང་ལུགས་པས་བསླངས་པའི་ཀྲུང་གོར་བཙན་འཇུལ་བྱེད་པའི་དམག་འཁྲུག་ཁོ་ནས་ཀྱང་ཀྲུང་གོའི་དམག་དམངས་ཁྲི་ཚོ་3500ལྷག་ཤི་རྨས་སུ་བཏང་བའི་ཡ་བའི་སྐྱོ་གར་བསྟན་ཡོད། སྐྱོ་གདུང་ཆེན་པོའི་ལོ་རྒྱུས་དེས་ཀྲུང་གོའི་མི་དམངས་ལ་བརྗེད་དུ་མེད་པའི་དྲན་པ་བཞག་ཡོད། ཀྲུང་གོ་བས་ནམ་ཡང་ “གང་ཞིག་བདག་གིས་མི་འདོད་པ།། དེ་ཉིད་གཞན་ལ་སྤྱད་མི་བྱ།།” [3]ཞེས་པ་སྟངས་འཛིན་བྱེད་ཀྱི་ཡོད། ཀྲུང་གོར་ཞི་བདེ་དགོས་པ་ནི་མི་ལ་མཁའ་རླུང་དགོས་པ་བཞིན་དང་རྩི་ཤིང་ཐམས་ཅད་སྐྱེ་བར་ཉི་འོད་དགོས་པ་བཞིན་ཡིན། དེ་ཡང་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་དང་ལྷན་དུ་འཛམ་གླིང་གི་ཞི་བདེ་སྲུང་སྐྱོབ་བྱས་ན་གཞི་ནས་ཀྲུང་གོ་རང་ཉིད་ཀྱི་དམིགས་འབེན་འགྲུབ་ཐུབ་པ་དང་། གཞི་ནས་འཛམ་གླིང་ལ་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་ཐུབ། །
ཀྲུང་གོའི་དམངས་གཙོའི་གསར་བརྗེའི་སྔོན་བྱོན་པ་སུན་ཀྲུང་ཧྲན་གྱིས་“འཛམ་གླིང་གི་འཕེལ་རྒྱུན་ནི་ལང་ལོང་དུ་འཕྱུར་བཞིན་ཡོད་པ་ལ། དེ་ལ་བསྟུན་ན་དར་རྒྱས་འབྱུང་བ་དང་། དེ་ལས་ལྡོག་ན་ཉམས་སུ་འགྲོ་བ་རེད་” ཅེས་གསུངས་ཡོད། ལོ་རྒྱུས་ཀྱིས་ང་ཚོར་གསལ་བཤད་བྱས་དོན། རྒྱལ་ཁབ་ཅིག་དར་རྒྱས་ཕུན་ཚོགས་ཡོང་དགོས་ན་ངེས་པར་དུ་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཤེས་དགོས་ཤིང་དེ་ལ་བསྟུན་དགོས་ཀྱི། དེ་ལས་ལྡོག་ན་ལོ་རྒྱུས་ཀྱིས་ཡལ་བར་འདོར་ངེས་རེད། འོ་ན་ད་ལྟའི་འཛམ་གླིང་གི་འཕེལ་ཕྱོགས་གང་ཡིན་ཞེ་ན། དྲིས་ལན་གཅིག་ལས་མེད་དེ། ཞི་བདེ་དང་། གོང་འཕེལ། མཉམ་ལས། མཉམ་ཁེ་བཅས་ཡིན། ཀྲུང་གོས་ “རྒྱལ་ཁབ་དར་ན་བཙན་ངེས། ཟེར་བའི་རིགས་པ་རྙིང་གོག་དེ་ཁས་ལེན་གྱི་མེད། དེང་སང་གི་འཛམ་གླིང་དུ་མི་སེར་སྤེལ་བའི་རིང་ལུགས་དང་བཙན་དབང་རེང་ལུགས་ཀྱི་ལམ་རྙིང་དུ་བསྐྱོད་ན་ཐར་ས་མེད་པས་མི་ཚད་སྣ་ཁུག་བརྡབས་ནས་ཁ་ཆག་རྣ་རལ་ཡོང་ངེས་རེད། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ཁོ་ནར་ཐར་ས་ཡོད་པ་རེད། དེར་བརྟེན་ཀྲུང་གོ་བློ་རྩ་བརྟན་པོས་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན། །
དོན་དངོས་ནི་སྒྲུབ་ངག་བཙན་པོ་ལས་ལྷག་སྟེ། ལོ་ངོ་བཅུ་ཕྲག་འགའི་རིང་ལ་ཀྲུང་གོས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ནི་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་རྒྱུ་དང་ཐུན་མོང་དུ་གོང་འཕེལ་ཡོང་བར་སྐུལ་འདེད་བྱ་རྒྱུ་དེ་ཡིན་པ་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱེད་ཀྱི་ཡོད། ཀྲུང་གོས་ཐེངས་མང་གསལ་བསྒྲགས་བྱས་གསལ་ལ། ཀྲུང་གོས་རྣམ་པ་སྣ་ཚོགས་ཀྱི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་ཇུས་མི་བྱེད་ཅིང་། དུས་ནམ་ཡང་བཙན་དབང་མི་སྤྱོད་པ་དང་དུས་ནམ་ཡང་རྒྱ་སྐྱེད་མི་གཏོང་བ་དེ་ཡིན། ང་ཚོས་སྲིད་ཇུས་ཀྱི་ངོས་ནས་དེ་ལྟར་གཏན་འབེབས་བཟོས་ཡོད་པ་དང་། ལམ་ལུགས་ཀྱི་ངོས་ནས་དེ་ལྟར་ཇུས་འགོད་བྱས་ཡོད་ལ། ལག་ལེན་གྱི་ངོས་ནས་དེ་བས་ཀྱང་སྔར་ནས་ད་ལྟའི་བར་དུ་དེ་ལྟར་བྱས་དང་བྱེད་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་བཅས་སྲུང་སྐྱོབ་བྱེད་ངེས་ཡིན་པས། རྒྱལ་ཁབ་གང་ཡང་རང་བས་ང་ཚོས་རང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་གྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་སྡུག་འབྲས་ཟ་གི་རེད་མི་བསམ་པར་འཚལ། །
མདོར་ན། ཀྲུང་གོ་ཞི་བའི་གོང་འཕེལ་གྱི་བགྲོད་ལམ་དུ་སྐྱོད་པ་ནི་སྐབས་བསྟུན་གྱི་ཐབས་བཀོད་ཅིག་མ་ཡིན་ལ། ཕྱི་འབྲེལ་གྱི་ཁ་ཁྱེར་ནི་དེ་བས་ཀྱང་མ་ཡིན་པར། འདས་ད་ལྟ་མ་འོངས་གསུམ་ལ་བརྡར་ཤ་བཅད་པའི་ཐོག་ནས་བྱུང་བའི་སྡོམ་ཚིག་ཡིན་པ་དང་། བསམ་བློའི་གདེང་ཚོད་དང་ལག་ལེན་གྱི་རང་རྟོགས་གཉིས་ཀྱི་གཅིག་གྱུར་ཡིན། ཞི་བའི་གོང་འཕེལ་གྱི་བགྲོད་ལམ་ནི་ཀྲུང་གོར་ཕན་ཐོགས་ཡོད་པ་དང་འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཡིན་པས། ང་ཚོར་ལག་ལེན་ལས་ཐར་ལམ་ཡིན་པར་བདེན་དཔང་བྱས་ཟིན་པའི་བགྲོད་ལམ་འདི་རྒྱུན་འཁྱོངས་མི་བྱེད་པའི་རྒྱུ་མཚན་གང་ཡང་མེད། །